དཔལ་རི་བོ་དགེ་ལྡན་པའི་གསུང་བཏུས་ལེགས་བཤད་གསེར་གྱི་ཐང་མ། (སྤེལ་ཐེངས་རེར་གསུང་གསར་བ་ཁ་སྣོན་བྱེད་ཀྱིན་ཡོད)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-31 07:29:15     རྩོམ་པ་པོ།   ཤེས་རབ་རལ་གྲིས་སྒྲིག།    ཀློག་ཐེངས།  

   

ལེགས་བཤད་གསེར་གྱི་ཐང་མ་ཞེས་པ་འདིར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་དག་གི་གསུང་ཐོར་བུ་འགོད་རྒྱུ་ཡིན་ཞིང་།མ་མཐའ་ཡང་གཟའ་འཁོར་རེར་གསུང་གསར་བ་སྐོར་ཞིག་འགོད་ངེས་པས་ལེ་ཚན་འདི་ཀློག་པ་པོ་རྣམས་ཀྱིས་ཡིད་ཀྱི་གསོས་དང་མིག་གི་དཔྱིད་དུ་འགྱུར་ངེས་པ་མ་ཟད།བློ་གསལ་གཟུ་བོར་གནས་པ་དག་ལ་ཡང་དག་པའི་ལམ་ཞིག་དང་བསམ་བློའི་བཅུད་རྨད་དུ་བྱུང་བ་ཞིག་གནང་བར་གདོན་མི་ཟ།

དེ་དང་མཉམ་དུ་ཀློག་པ་བོ་རྣམས་ཀྱིས་ཀྱང་ངེད་ཅག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དག་གསུང་རྩ་ཆེན་ཐོར་བུ་དག་གནང་ན་དུས་ལྟར་ལེ་ཚན་འདིར་འགོད་ངེས་པ་ཐུགས་འཇུགས་ཞུ།

                       དགེ་ལུགས་པའི་དྲ་བ་རྩོམ་སྒྲིག་ཁང་ནས།


དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་བཏུས་ལེགས་བཤད་གསེར་གྱི་ཐང་མ་ཞེས་བྱ་བ་བཞུགས་སོ། །


འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་ཞལ་ནས།

             ཆོས་མི་ཤེས་པར་འཚོ་བ་དང་ཡོ་བྱད་མང་བོ་འཛིན་པ་ནི་རབ་ཏུ་བྱུང་བ་མ་ཡིན་ཏེ་གཞན་དུ་ན་ཁྱིམ་པ་བ་དང་ཁྱད་པར་མེད།

འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་ཞལ་ནས།

 རང་གིས་ཇི་ཙམ་ཞིག་གོ་བ་དེ་བཞིན་དུ་ཉམས་སུ་ལེན་པས་གོ་བ་ནོར་ན་སྒྲུབ་པ་ནོར་ལ་སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལས་པའི་ཕྱི ར་རོ། །

འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་ཞལ་ནས།

རང་གིས་མི་ཤེས་པ་དང་མི་བྱེད་པའི་ཕྱོགས་བཟུང་ནས་དེ་དག་ལ་བསླབ་མི་དགོས་སོ་ཞེས་སྨྲ་ན་ནི། རང་ཡང་འཕུང་ལ་གཞན་ཡང་འཕུང་བར་བྱེད་ཅིང་བསྟན་པ་ནུབ་པའི་ཡང་རྐྱེན་དུ་འགྲོ་བས་མི་བྱ།

འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་ཞལ་ནས།

ཞན་གྱིས་དབང་མེད་དུ་བསྐུལ་བ་དང་གཡམ་ལ་རྒྱུགས་དང་སྲོལ་ཀ་སོགས་ཀྱིས་མི་བྱ་བར་རང་གི་སྟོབས་ཀྱིས་བསམ་པ་ཐག་ནས་སེམས་བསྐྱེད་པའི་རྩ་བ་ཚུགས་པར་བྱ་སྟེ།

རྒྱལ་དབང་ལྔ་བའི་ཞལ་ནས།

བྲན་ལ་འབར་ཤ་ཆེས་ན་འཁོར་མཁན་དཀོན། །འཁོར་ལ་ཆེས་ཆེར་རྩུབ་ན་སྙིང་སྐྲན་འཇུག།གྲོགས་ལ་རྔན་ཆེན་མངས་ན་ཞེ་བཞག་ཡོང་། །དཔེ་ངན་གཞན་ལ་གཏོད་ན་རང་ལ་འཁོར། །

རྒྱལ་དབང་ལྔ་བའི་ཞལ་ནས།

མངོན་ཤེས་མེད་ཕྱིར་གྲོས་དང་མདུན་མ་ཀུན། །ཐོག་ཏུ་ཁེལ་དཀའ་ཡུལ་དུས་གནས་སྐབས་དང་། །དགྲ་གཉེན་བར་མ་བརྟགས་ནས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་ཕོ་ཚོད་ཡང་རྩེ་ཡིན། །

རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས།

ལུང་གི་བསྟན་པ་ཐོས་བསམ་དང་རྟོགས་པའི་བསྟན་པ་ཉམས་ལེན་གྱི་སྒོ་ནས་འཛིན་དགོས།བཤད་སྒྲུབ་ཅེས་པ་དང་།ཐོས་བསམ་སྒོམ་གསུམ་ཞེས་པ་དོན་འདྲ་བས། ཐོས་བསམ་སྒོམ་གསུམ་གང་རུང་ལས་གཞན་འཛིན་པའི་ཐབས་མེད།

རྒྱལ་དབང་ལྔ་བའི་ཞལ་ནས།

དྲག་པོ་དྲག་ཁྱེར་མ་མཁས་ནམ་ཕུགས་འཕུང་། །མཛའ་བ་མཛའ་ཁྱེར་མ་མཁས་ནམ་ཕུགས་འཁོན། །མཁས་པ་མཁས་ཁྱེར་མ་མཁས་ནམ་ཕུག་བླུན། །བཙུན་པ་བཙུན་ཁྱེར་མ་མཁས་ནམ་ཕུགས་འཆལ། །ཆེ་བ་ཆེ་ཁྱེར་མ་མཁས་ནམ་ཕུགས་དམའ། །

རྒྱལ་དབང་ལྔ་བའི་ཞལ་ནས།

ཁ་དགྲ་མི་བསག་གནག་པ་སེམས་ལ་ཞོག།གཉེན་ལ་མི་བསྟོད་བྱམས་པ་ཡིད་ལ་འཛིན། །

རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས།

ཁྱིམ་པ་དང་རབ་བྱུང་གི་ཟས་ཟ་ཚུལ།གོས་གོན་ཚུལ།གཏམ་ལབ་ཚུལ།འགྲོ་སྡོད་བྱེད་ཚུལ་ཐམས་ཅད་ལ་ཁྱད་པར་ཡོད།

རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས།

གང་ཟག་ཅིག་གི་བློ་ཁ་ཆོས་ལ་བསྒྱུར་ནའང་། ལྷ་ཁང་བརྒྱའི་དོ་ཟླ་ཡིན་གསུངས། གང་ཟག་གཅིག་སངས་རྒྱས་ན་རྒྱ་ཆེ། ལྷ་ཁང་བརྒྱས་གང་ཡོང་།

རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས།

དབུས་ན་འདི་བྱེད། བླ་བྲང་ན་འདི་བྱེད་ཅེས་ས་ཆའི་སྐྱོན་ཡོན་དུ་མ་འཛིན། རང་འདུལ་བ་དང་མཐུན་ན་དགའ་བ་སྒོམས།མ་མཐུན་ན་མནོང་འགྱོད་ཀྱིས་སློབ་གཉེར་གྱི་གཞི་རང་བག་ཡོད་ལ་གནས། གཞན་དེར་བཀོད།

གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས།

གྲྭ་བ་ཐམས་ཅད་འདུན་པ་གཅིག་གིས་མི་གཅིག་བསད་ན་བསྟན་པ་བཤིག ཁང་བ་འགའ་རེ་བཤིགས་ཀྱང་།དེ་བསྙད་པའི་མཚོན་ཆ་འཛིན་པ་མི་ལེགས།

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

དེ་རྣམས་དངོས་པོ་ལ་མན་ངག་མཐར་ཐུག་ཡིན་ཀྱང་།ཕྱི་དུས་ཀྱི་གང་གང་ཟག་ལ་དེ་འཆར་མ་ཐུབ་པ་ནི་སྔོན་གྱི་དུས་ལས་ཕྱི་དུས་སུ་བློའི་མཐུ་རྣམས་རིམ་གྱིས་བྲི་བའི་གནད་ཀྱིས་ཡིན་གྱི།མན་ངག་གི་གནད་མཐར་ཐུག་པ་རྣམས་དེར་མ་གསལ་བ་མིན་ནོ།།

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

གདམས་ངག་ཉམས་སུ་ལེན་པ་མི་བྱེད་པརམཐོམ་རྒྱག་ཏུ་ཞུགས་ནས་ལམ་བགྲོད་པ་ནི།རྒྱ་མཚོའི་ཕ་མཐའ་ལ་འགྲོ་འདོད་པས་སྔོན་དུ་རྒྱུས་ཅན་རྩད་མི་གཅོད་པར་ཐོམ་རྒྱག་བྱེད་པ་དང་འདྲའོ།།

རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་ནས།

དེ་རིང་མི་འཆི།དེ་རིང་ཡང་མི་འཆི་ཞེས་མི་འཆི་བའི་ཕྱོགས་བཟུང་བའི་བློ་དེས་བསྒྲུབས་ནས་ཆོས་ལ་འཇུག་ཏུ་མི་སྟེར།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞལ་ནས།

ལྡེ་མིག་མེད་པར་སྒོ་ལྕགས་འབྱེད་པའི་ངལ་བ་མཁས་པས་མི་བྱ།

ལ་མོ་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས།

རྗེ་ཉི་མ་ཐང་བ་ཤེས་རབ་སྦྱིན་པ་དང་། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་དཔེ་ཆར་བལྟས་ནས་རྟོགས་པ་མཐོན་པོར་སོང་བ་ཡིན་པས་ཐམས་ཅད་ཀྱི་དཔེ་ཆ་རེར་བལྟ་བ་གལ་ཆེ།

ཀུན་མཁྱེན་སྐུ་ཕྲེང་བཞི་བའི་ཞལ་ནས།

ཤ་མེད་སྤུ་མེད་ཀྱི་ཁྭ་ཏ་འགའ།།ངན་སྐྱུགས་ཀྱི་ཁྲོད་ན་དགའ་བཞིན་འགྱིང་།།

ཀུན་མཁྱེན་སྐུ་ཕྲེང་བཞི་བའི་ཞལ་ནས།

སྔ་ཕྱི་ཡི་འོབས་མཐའ་མ་མཐོང་བའི།།རེ་ཞིག་གི་རྟ་རྒྱུགས་སྤྲོ་ནའང་།།བཀའ་ཆད་ཀྱི་གཡང་ལ་ལྷུང་བ་ཡི།།དར་རྒུད་ཀྱི་ལྟད་མོ་མཐོང་ཡང་སྲིད།།

ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས།

ལྟོ་བ་འགེངས་པའི་ཆོ་ག་ཙམ།།སྙིང་བོར་རློམ་པའི་བགྱི་བ་ལ།།འབད་པས་བརྩོན་པ་ལྷུར་ལེན་པ།།དེ་དག་ཕྱུགས་དང་བྱེ་བྲག་ཅི།།

རྗེ་བདག་ཉིད་ཆེན་པོའི་ཞལ་ནས།

བཙོག་པ་ཅན་གྱིས་བལྟས་མཐོང་ན།།བཙོག་བཙོག་འདྲ་སྟེ་བཙོག་ཀྱང་བཙོག །

བིས་པ་མི་ཕམ་ཟླ་བའི་ཞལ་ནས།

འོན་ཀྱང་ཀུན་ཡིད་འཚམ་པ་སུས་ཀྱང་དཀའ།།བླུན་པོའི་ཡིད་ལ་མ་བབས་སྐྱོན་དུ་ཆུང་།།མཁས་པ་ཁྲེལ་ན་གསོན་པོ་སྲོག་དང་བྲལ།།མཚུངས་བར་གསུང་དེ་བདག་གི་སྙིང་ལ་བཞག།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞལ་ནས།

ཅི་ཡང་མི་ཤེས་པའི་བླུན་པོ་ཁ་བཙུམ་ནས་བསྡད་ན་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆུང་།

ལྕང་སྐྱ་རིན་པོ་ཆེའི་ཞལ་ནས།

རང་གཞན་ལྟ་སྒོམ་གྲུབ་མཐའི་ཁྱད་པར་རྣམས། །ལྟ་ཅི་ཐ་སྙད་ཙམ་ལའང་རྨོངས་ན་ཡང་༎གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད༎དེ་ཉིད་བསྟན་པའི་གད་དར་ཡིན་པར་བསྒོམ༎ཅོལ་ཆུང་གཡམ་རྒྱུགས་མཁན་ལ་ཐུགས་རྗེས་གཟིགས༎

ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས།

ཆོས་འདོད་ཆོས་རྗེས་འབྲངས་རྣམས་གཞན་གྱི་ལུགས༎ཆོས་དང་ཆོས་མིན་དཔྱོད་མང་རང་གི་རྒྱུད༎ཆོས་དང་ཆོས་མིན་གང་དུ་འདུག་ལྟོས་ལ༎ཆོས་ལ་ཆོས་བཞིན་སྤྱོད་ཅེས་བདག་གསོལ་ལོ༎

དབལ་མང་པཎྜིཏའི་ཞལ་ནས།

གྲུབ་མཐའ་སྣ་ཚོགས་བསྲེས་པ་ལ་དག་སྣང་དུ་རློམ་པ་ནི་གནད་ངོས་མ་ཟིན་པའི་མཚང་ཕྱི་རོལ་དུ་ཐོན་པ་ཡིན།

དབལ་མང་པཎྜིཏའི་ཞལ་ནས།

གནའ་དུས་མཁན་སློབ་ཆོས་གསུམ་གྱི་སྐབས་ཆོས་གོས་ངུར་སྨྲིག་ཅན་གྱི་སྡེ་དང་།གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་ལ་བླ་མཆོད་སྡེ་གཉིས་ཞེས་གྲགས་མོད།ད་ལྟ་དེ་གཉིས་གཅིག་ཏུ་བསྲེས་ནས་མགོ་ལ་སྐྲ་ཐོར་ཅོག་དང་།ལུས་ལ་ཆོས་གོས་ངུར་སྨྲིག་གྱོན་པ་མང་བོ་སྣང་སྟེ།བན་མིན་སྔགས་མིན་བན་མ་སྔགས།།ཤ་སྐལ་ཐུད་སྐལ་ཀུན་ལོན་ཀྱང་།།ཕོ་མིན་མོ་མིན་མ་ནིང་ལྟར།།བན་ཁྱུར་བོན་ཁྱུར་མི་ཚུད་པས།།ཅི་བདེར་རོལ་ལ་གཙྪ་མུཿ།།

ཚེ་ཏན་ཞབས་དྲུང་གི་ཞལ་ནས།

མང་ཚོགས་ལམ་ཕྱོགས་དང་མཐུན་པའི་དགོངས་དོན་ལྟར་མང་ཚོགས་ཀྱི་ཁ་ན་སྔར་ཡོད་ཀྱི་དངོས་རྫས་དང་།གསར་ཐོན་གྱི་དངོས་རྫས་ལ་མིང་ཚིག་བརྗོད་བདེ་ཞིང་མིང་དོན་མཐུན་པ་མང་དུ་ཡོད་པ་དེ་དག་ལ་རྩར་གཅོད་དང་བེད་སྤྱོད་བྱས་ན་བཟང་།

ཚེ་ཏན་ཞབས་དྲུང་གི་ཞལ་ནས།

ཡོན་ཏན་ཅན་དེ་ཇི་ལྟར་འཐོབ་ན། མཚན་ཉིད་དང་ལྡན་པའི་དགེ་རྒན་ནི་བསྟེན་དུ་ཡོད། སློབ་མ་རང་ལ་དབང་བོ་རྣམ་ལྔ་ནི་ཚང་།ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ནི་ཡོད།ང་རྒྱལ་ཕྲག་དོག་ཁེངས་དྲེགས་ནི་མེད།ཤེས་འདོད་ཀྱི་དོན་གཉེར་སྐོམ་པ་ཆུ་འདོད་ལྟ་བུ་ཞིག་ཡོད་ན་དེ་ལ་ཡོན་ཏན་འགོ་ངེས་ཡིན།དེའི་ནང་གི་གཅིག་མ་ཚང་ན་ཡང་ཐོས་བསམ་བྱེད་པའི་བར་ཆད་དུ་འགྲོ།

བླ་བྲང་གདན་རབས་བཞི་བ་རྗེ་བློ་བཟང་རིན་ཆེན་གྱི་ཞལ་ནས།

མཚན་ཉིད་ཀྱི་དགེ་བཤེས་རྣམས་ཀྱིས་རྒྱ་མཚོ་ཆེན་པོ་ནས་ཆུ་འབབ་པ་ལྟར་དོན་རེ་རེ་ལ་ཕྱོགས་ཕྱོགས་ནས་རིགས་པ་མི་འདྲ་བ་བརྒྱ་ཕྲག་གིས་དཔྱད་པ་མཛད་པ་ལ་ཉན་ན་འདི་ལས་ལྷག་པའི་བསྟན་པ་འཛིན་ལུགས་ཅི་ཡོད་སྙམ་དུ་རང་དབང་མེད་པར་དད་པ་འཕེལ་བ་ཞིག་འདུག

བླ་བྲང་གདན་རབས་བཞི་བ་རྗེ་བློ་བཟང་རིན་ཆེན་གྱི་ཞལ་ནས།

མཚན་ཉིད་ཀྱི་རིགས་ལམ་རང་ཉིད་ཀྱིས་དངོས་སུ་མ་བརྩད་ཀྱང་། རྩོད་པ་ལ་རྣ་བས་ཉན་པ་ཙམ་གྱིས་ལོག་རྟོག་མང་པོ་རང་ཤུགས་ཀྱིས་འགགས་འགྲོ་བས་རྨོངས་པའི་མུན་པ་སེལ་བ་དང་། བསྟན་པ་ཡུན་རིང་དུ་གནས་པ་ལ་མཚན་ཉིད་ཀྱི་སློབ་གཉེར་འདི་མེད་མི་རུང་ཡིན།

དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་ཞལ་ནས།

དེང་སང་བསྟན་འཛིན་དུ་ཁས་འཆེ་བ་མང་པོས་བསྟན་པ་འཛིན་མི་འཛིན་ནི་གོ་ས་མཐོ་དམན་དང་། སྟོབས་འབྱོར་ཆེ་ཆུང་དང་། གྲྭ་བའི་མང་ཉུང་སོགས་ཀྱིས་འཇོག་པར་དགོངས་ཚོད་དུ་འདུག་སྟེ། དེ་དག་གིས་ནི་ཇི་སྐད་དུ་ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཁོ་ནའི་སྒྲའི་རྣམ་བཅད་རང་གིས་མི་ཤེས་ཀྱང་གཞན་ལ་དྲིས་ན་ལེགས་སོ། །

ཤེས་རབ་རྒྱ་མཚོའི་ཞལ་ནས།

བརྩེ་བ་ཆེན་པོས་འགྲོ་བ་སྐྱོང་།།བརྩོན་པ་ཆེན་པོས་གཞུང་དོན་སྒྲུབ།།གུས་པ་ཆེན་པོས་རྒྱལ་ཁབ་བཀུར།།དེ་ལ་སྐྱེས་བུའི་ཁྱུ་མཆོག་ཟེར།།

ལ་མོ་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས།

རྗེ་ཉི་མ་ཐང་བ་ཤེས་རབ་སྦྱིན་པ་དང་། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་དཔེ་ཆར་བལྟས་ནས་རྟོགས་པ་མཐོན་པོར་སོང་བ་ཡིན་པས་ཐམས་ཅད་ཀྱི་དཔེ་ཆ་རེར་བལྟ་བ་གལ་ཆེ།

དམུ་དགེ་བསམ་གཏན་གྱི་ཞལ་སྔ་ནས།

སྔར་བཤད་དང་གསར་བཤད་གང་ཡིན་ཀྱང་།དགག་བྱ་མེད་ལ་དགོས་པ་ཡོད་ན་ཁས་ལོས་ལེན།དགོས་པ་དང་ཁེ་ཕན་མེད་ན་བསྐྱར་བར་འོས་སྙམ།

ཤེས་རབ་རྒྱ་མཚོའི་ཞལ་ནས།

ཆགས་སྡང་གི་དགྲ་འདུལ་གཉེན་སྐྱོང་དུད་འགྲོས་ཀྱང་ཤེས་ལ།དེ་ཙམ་མིའི་བྱ་བ་གང་ནས་ཡིན།

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་ནི་ཡིད་ཁོ་ན་ཡིན།

མཁས་གྲུབ་རིན་པོ་ཆེའི་ཞལ་ནས།

དམུས་ལོང་ལམ་ནི་མི་བགྲོད་པ༎མཁས་པ་མཐོང་ན་ཞེ་སྡང་སྐྱེ༎བླུན་པོ་མཐོང་ན་གཟི་མདངས་འབྱུང་༎མདོར་ན་དགེ་བའི་བཤེས་ཀྱིས་མ་ཟིན་ཅིང་༎སྣང་ཤས་དབང་གྱུར་ཆོས་བརྒྱད་རྗེས་འབྲངས་པའི༎ཐོས་བསམ་སྒོམ་དང་བསྟན་པའི་བྱ་བ་སོགས༎ཅི་ཙམ་འབད་ཀྱང་ཕལ་ཆེར་གཟུགས་བརྙན་ཡིན༎

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

རྙེད་དཀའ་རིག་ན་གྱི་ནར་སྡོད་ཐབས་མེད། །དོན་ཆེན་མཐོང་ན་དོན་མེད་འདའ་བ་ཕངས། །འཆི་བ་བསམས་ན་ཕྱི་མར་འགྲོ་གྲབས་བྱེད། །ལས་འབྲས་བསམས་ན་བག་མེད་གནས་ལས་ལྡོག །

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

ཐོས་པ་ཇི་ཙམ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ་དེ་མང་བ་ཙམ་དུ་བསམ་པ་མང་བ་དང༌།དེ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་བ་དང་དེ་ཇི་ཙམ་མང་བ་བཞིན་དུ་བསྒོམ་པས་ཉམས་སུ་ལེན་པ་མང་ལ་དེ་མང་ན་སྐྱོན་འགོག་པ་དང་ཡོན་ཏན་བསྒྲུབ་པའི་ཚུལ་མང་བ།

རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

རང་གིས་ཅི་ཙམ་ཁས་ལེན་བྱས་པ་ཡི༎ཚུལ་ཁྲིམས་བསྲུང་ལ་བརྩོན་པ་དམ་པའི་ཚུལ༎

སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་ཞལ་ནས།

དཀའ་བའི་ལས་ཤིག་མཐོང་གྱུར་ན༎མི་འགྲུབ་རྒྱུ་མཚན་མང་དུ་འགོད༎

རྒྱལ་མཆོག་བཅུ་གསུམ་པའི་ཞལ་ནས།

བསྟན་ལ་ཞུགས་ནས་གཉེན་འཁོར་འདོད་ཡོན་སོགས། །འཚོལ་བ་ལྷུར་ལེན་ཡུལ་དང་དུས་སོགས་ལ། །བསྙད་ནས་བག་ཡང་ཅི་བདེར་སྤྱོད་པ་ནི། །རྒྱལ་བསྟན་འཇིག་པའི་རྒྱུ་རུ་ལུང་ལས་གསུངས། །

སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་ཞལ་ནས།

མཚན་མོ་ཐོག་ཐག་རོ་ཉལ་བྱེད༎ཉིན་མོ་བཞི་ཆ་བཟའ་བཏུང་བྱེད༎བཞི་ཆ་ལོང་གཏམ་རྣམ་གཡེང་བྱེད༎དགེ་སྦྱོར་གློག་འགྱུ་ཙམ་བྱས་ནས༎གྲུབ་རྟགས་ཡོང་བར་རེ་བ་ནི༎ཁྱོད་ཀྱི་བརྩོན་འགྲུས་འདི་ལ་ལྟོས༎

རྒྱལ་མཆོག་བཅུ་གསུམ་པའི་ཞལ་ནས།

འགའ་ཞིག་རྒྱལ་བསྟན་དུས་ཀྱི་མཐའ་མ་རུ། །སླེབ་ཅེས་སྙིང་ལས་ཆུང་ངུར་སྐད་འབྱིན་ཀྱང་། །རང་རང་རྒྱལ་བའི་བསྟན་དང་མཇལ་དུས་འདིར། །སྙིང་ལས་ཆུང་ངུར་གནས་ན་རང་ཉིད་ཕུངས། །

རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་ཞལ་ནས།

ཚིག་དོན་བློ་ལ་བྱང་བའི་གོ་བ་དང་གཅིག །བརྡར་ཤ་ཞིབ་ཏུ་གཅོད་པའི་རིགས་པ་དང་གཉིས། །སྡེབ་ལེགས་ངག་གི་བརྗོད་པ་དག་པ་དང་གསུམ། །འཆད་རྩོད་རྩོམ་གསུམ་བྱེད་ཚེ་དགོས་ངེས་སུ་འདུག་གོ །

སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་ཞལ་ནས།

ལག་ལེན་མེད་པའི་བསམ་པ་ནི༎བཟང་དང་དགོས་པའི་དོན་མི་འགྲུབ༎

སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་ནས།

ཀུན་གཞན་སྐྱོན་མཐོང་ཞིང་བརྟགས་མཁས་ཀྱང་།།མི་རང་མཚང་བརྟག་ཅིང་མཐོང་མཁན་སུ།།

སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་ནས།

གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་སྒོ།།བླ་མའི་ཐུགས་ཟིན་ཆོས་དུས་ཉན་ཆོས་མཛོད་སྒོ། །བློ་འཛིན་ཤེས་རབ་ཡངས་པ་མང་ཐོས་སྒོ།།དོན་ལ་རྟོག་དཔྱོད་མཁས་པ་བསམ་པའི་སྒོ།།

རྒྱལ་མཆོག་ལྔ་བ་ཆེན་པོའི་ཞལ་ནས། །

གུར་ཀུམ་ཚོས་ཀྱིས་བཙོས་པའི་ལྭ་བའི་ཞྭས། །རང་རིགས་བསྟན་པ་ཟིན་ན་ཆེས་ལེགས་ཀྱི།།ཕ་མས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས།།རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་།།

དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་ཞལ་ནས།རང་གིས་ཤེས་ཀྱང་བླ་མ་ལས་ཉན་ན་བློ་ལྷག་པར་འཁུལ་ཆེ་བ་མ་ཟད།ཤེས་པ་འང་བླ་མའི་བཀའ་དྲིན་ཉིད་ཡིན་པས་གསུངས་པས།རྒྱལ་བོའི་སྲས་པོ་ནོར་བཟང་གི་རྣམ་ཐར་ལྟར་བསླབ་པར་བྱའོ༎

སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཞལ་ནས།

མང་དུ་ཐོས་རྟགས་ཉམས་ལེན་གནད་ཤེས་པ།།བསམ་རྟགས་ཆོས་ཀུན་གདམས་པར་ཤར་བ་ཡིན། །

ལྷ་སྡེ་ཡེ་ཤེས་རྒྱ་མཚོའི་ཞལ་ནས།

བླ་མའི་རྗེས་སུ་བཟུང་བའི་ཁ་ན་མེད།།རང་གི་བསྟེན་ཚུལ་ལེགས་པ་གནད་ཀྱི་དོན།།རྒྱལ་བའི་བསྟན་དང་མཇལ་བའི་ཁ་ན་མེད།།བསྟན་རྩ་རང་ལ་ཡོད་པ་གནད་ཀྱི་དོན།།

ཞང་སྟོན་བསྟན་པ་རྒྱ་མཚོའི་ཞལ་ནས།

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཆ་ལུགས་ཀུན་དང་བསྟུན་ན་བཟང་མོད་ཀྱང་། །སྟོན་པའི་བཅས་པར་འགལ་ན་སྙིང་རུལ་ཡིན། །གཞན་དོན་རེམ་པ་ཡ་རབས་ཡིན་མོད་ཀྱང་། །རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཡིན། །

ཀུན་མཁྱེན་འཇིགས་མེད་དབང་བོའི་ཞལ་ནས།

རིགས་པས་བདར་ཤ་མ་བཅད་གཞུང་དོན་ལ།ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་།།བརྒལ་ཞིང་བརྟགས་ཚེ་བྱེ་མའི་ཆང་བུ་ལྟར།།འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབས།།

དབལ་མང་དཀོན་མཆོག་རྒྱལ་མཚན་ཞལ་ནས།

རང་གིས་ཤེས་ཀྱང་བླ་མ་ལས་ཉན་ན་བློ་ལྷག་པར་འཁུལ་ཆེ་བ་མ་ཟད།ཤེས་པ་འང་བླ་མའི་བཀའ་དྲིན་ཉིད་ཡིན་པས་གསུངས་པས།རྒྱལ་བོའི་སྲས་པོ་ནོར་བཟང་གི་རྣམ་ཐར་ལྟར་བསླབ་པར་བྱའོ༎

གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས།

ལེགས་ཉེས་ཅི་བྱུང་ཡང་དཀོན་མཆོག་བློ་སྙིང་གཏོད༎བྱ་བ་གང་བྱེད་ཀྱང་ལས་འབྲས་དཔང་བོར་ཞོག།རྐྱེན་ལ་ཅི་ལ་ཐུག་ཀྱང་དམ་ཚིག་སྡོམ་པ་སྲུངས༎འདི་ཆོས་ཀྱི་བསླབ་བྱའི་སྙིང་བོ་ཚིག་གསུམ་ཡིན༎

གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས།

སེམས་ཁོང་ཡངས་ཤིང་རང་དཔེ་གཞན་ལ་སྦྱོར༎གསར་འགྲོགས་ཆུང་ལ་ཁྲེལ་དང་ཕྱི་ཐག་སྲིངས༎ཞིབ་ཏུ་བརྟག་ལ་བརྩམས་ནས་མཐར་ཐོན་བྱེད༎འདི་འཇིག་རྟེན་གྱི་བསླབ་བྱའི་སྙིང་བོ་ཚིག་གསུམ་ཡིན།།

བསེ་ངག་དབང་བཀྲ་ཤིས་ཞལ་ནས།

གྲྭ་བ་ཚུལ་མཐུན་གཅིག་བྱུང་ན་ངེད་དེ་ལ་དགའ་བ་ཡིན། གང་ཡིན་ཚད་བྱེད་པའི་གྲྭ་བ་མང་བོ་ཚོགས་པ་ལ་ངེད་ཅི་ལྟར་དགའ། དམྱལ་བའི་བུད་ཤིང་མང་དུ་སོང་བ་ལ་སེམས་ཡོད་སུ་ཞིག་དགའ་བར་བྱེད།

ཚ་ཁོ་ངག་དབང་གྲགས་པའི་ཞལ་ནས།

     ང་རྒྱལ་ཤེས་འདོད་བློ་ནི་མ་མཆིས་ཏེ།།སངས་རྒྱས་བསྟན་པའི་ཆེད་དུ་ཉམས་སུ་བླངས།།

དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་ཞལ་ནས།

        གྲུབ་མཐའ་སྣ་ཚོགས་བསྲེས་པ་ལ་དག་སྣང་དུ་རློམ་པ་ནི་བསྟན་པའི་གནད་མ་ཤེས་པ་ཡིན།གནའ་དུས་མཁན་སློབ་ཆོས་གསུམ་གྱི་སྐབས། ཆོས་གོས་ངུར་སྨྲིག་ཅན་གྱི་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་ལ།བླ་མཆོད་གཉིས་ཞེས་གྲགས་མོད།ད་ལྟ་དེ་གཉིས་གཅིག་ཏུ་བསྲེས་ནས་མགོ་ལ་སྐྲ་ཐོར་ཅོག་ཅན་དང་ལུས་ལ་ཆོས་གོས་ངུར་སྨུག་ཅན་མང་དུ་སྣང་སྟེ། བན་མིན་སྔགས་མིན་བན་མ་སྔགས། །ཤ་སྐལ་ཐུད་སྐལ་ཀུན་ལོན་ཀྱང་། །ཕོ་མིན་མོ་མིན་མ་ནིང་ལྟར། །བན་ཁྱུ་བོན་ཁྱུར་མི་ཚུད་པས། །ཅི་བདེར་རོལ་ལ་གཙོ་ཆེ་ཡུམ། །

རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།

དགེ་བ་ཅུང་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །འབྲས་བུ་དམན་པའང་ཕུལ་དུ་འབྱུང་འགྱུར་ཞིང༌། །མྱུར་དུ་འཛད་པའང་ནམ་ཡང་མི་ཟད་པར། །གསུངས་ཕྱིར་དུས་གསུམ་དགེ་བ་ཅི་མཆིས་པ། །རླབས་ཆེན་སྨོན་ལམ་རྣམས་ཀྱིས་བསྒྱུར་བ་ལ། །མཁས་པ་སུ་ཞིག་རབ་ཏུ་བརྩོན་མི་བྱེད།

རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།

ཉི་མ་རེ་རེ་བཞིན་འཆི་བའི་གྲབས་བྱས་ན་ནི་འཇིག་རྟེན་ཕ་རོལ་གྱི་དོན་མང་པོ་འགྲུབ་པས་མ་ཤི་ན་ཡང་དེ་བྱས་པ་ལེགས་ལ། ཤི་ན་ནི་ཁྱད་དུ་དེ་དགོས་པ་ཡིན་ནོ།།

གུང་ཐང་འཇམ་པའི་དབྱངས་ཀྱི་ཞལ་ནས།

འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་།།བདེན་ཁ་རང་གི་བཟུང་པ་ཡིད་རེ་མུག།

ཞང་སྟོན་བསྟན་པ་རྒྱ་མཚོའི་ཞལ་ནས།

རང་རེ་ཚོས་ཆོས་ལ་འབད་འབད་ཅི་ཙམ་བྱས་རུང་ཕན་ཡོན་ཕྱོགས་འགྲོ་ཙམ་ཡང་ཡོང་རྒྱུ་མེད་པ་འདི་ལམ་རིམ་ལ་བློ་མ་སྦྱངས་པ་འདིས་ལན་འདུགདཔེར་ན་རྡོ་དང་རུས་པ་གཉིས་ཀ་ཐུག་ན་རྐང་གཅོག་ཐུབ་པ་ཐག་ཆོད་ཡིན་ཀྱང་།རྡོ་རུས་གཉིས་ཀ་མ་ཐུག་པར་ཅི་ཙམ་གཟས་ན་ཡང་ཆོག་རྒྱུ་མེད་པ་ལྟར་ཡིན་པས།དམ་པ་གོང་མས་ཆོས་ལ་རྡོ་རུས་ཐུག་དགོས་གསུངས་པ་རེད།

ཞང་སྟོན་བསྟན་པ་རྒྱ་མཚོའི་ཞལ་ནས།

རང་གི་སེམས་རྒྱུད་ལ་ཆོས་ཤིག་མ་སྐྱེས་པར་ཡར་འགྲོ་ཚུལ་མེད།ལམ་རིམ་ལ་བློ་མ་སྦྱངས་ན་གསང་སྔགས་ཀྱི་ཆོས་ཟབ་མོ་ཅི་ཙམ་ཉམས་སུ་བླང་ཀྱང་ཆོས་སུ་འགྲོ་བ་ཡང་དཀའ།འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་ཀྱང་ཆོས་ལ་བག་ཆགས་ཞོག་ཙམ་མ་གཏོགས་ངན་སོང་གི་རྒྱུར་འགྲོ་བ་ཡང་ཡོད།དེས་ན་ལམ་གྱི་རིམ་པ་ཞེས་པ་ནི་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ལ་བློ་མ་སྦྱངས་པར་སངས་རྒྱས་ལྟ་ཅི།ཐར་བ་ཙམ་ཡང་ཐོབ་ཚུལ་མེད།།

དབལ་མང་དཀོན་མཆོག་རྒྱ་མཚོའི་ཞལ་ནས།

སློབ་མས་སྐྱོན་ཡོན་འདྲེས་མ་མ་གཏོགས་ཉམས་སུ་ལེན་མི་ནུས་པས་བླ་མས་སྐྱོན་ཡོན་འདྲེས་མའི་མཛད་པ་སྟོན་དགོས་པའི་རྒྱ་མཚན་དེ་ལ་ཐུག

ཞང་སྟོན་བསྟན་པ་རྒྱ་མཚོའི་ཞལ་ནས།

བླ་མའི་རྣལ་འབྱོར་ཞེས་པའང་དད་གུས་ལ་རག་ལས་པ་ཡིན་གྱི།བླ་མ་དངོས་སུ་མཐོང་ནས་དད་པ་མི་སྐྱེ་ན་ལྐོག་ནས་བསྒོམ་ནས་ཅི་ཞིག་བྱ།

ཞང་སྟན་བསྟན་པ་རྒྱ་མཚོའི་ཞལ་ནས།

དད་པ་འདུག་གམ་མི་འདུག་རང་གིས་རང་ལ་ཞུ་དག་གཏོང་བ་མ་གཏོགས་གཞན་གྱིས་ང་ལ་བཤད་ན་ཁོང་ཁྲོ་སྐྱེ་འོང་།

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་ནས།

མདོར་ན་བྱིས་པ་རང་དོན་ཁོ་ན་དང༌། །ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། །སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློ། །བདག་གཞན་མཉམ་བརྗེ་ནུས་བར་བྱིན་གྱིས་རློབས། །

ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས།

ནོར་ལ་འཛིན་ཆགས་ཆུང་ན་བཟང་མོད་ཀྱང་། །ནོར་མེད་སྤྲང་པོ་ཀུན་གྱིས་མཐོང་ས་མེད། །ཕྱུག་པོའི་ཁྱི་ཡང་གྲལ་མགོར་འཇོག་དུས་འདིར། །ནོར་རྫས་ཅུང་ཟད་གསོག་པ་སྙིང་གཏམ་ཡིན། །

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་ནས།

རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཉམས་ལེན་སྙིང་བོར་བྱེད་པར་བྱིན་གྱིས་རློབས། །

བསྟན་དར་ལྷ་རམས་པའི་ཞལ་ནས།

མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །མཁས་པའི་སྙན་པ་རང་དང་མཉམ་དུ་འཆི། །ཁ་ནས་རྩོམ་ཡང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །

རྩོམ་ཚིག་ཡི་གེ་གཞུང་བཞིན་མ་བྱུང་ན། །མཁས་པ་ཁྲེལ་ཞིང་དོན་ལོག་སྟོན་ཉེན་ཆེ། །ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །ཡིད་འོང་མཛེས་མར་གོས་ཧྲུལ་གྱོན་པ་བཞིན། །མངོན་བརྗོད་གསར་རྙིང་བརྡ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་རྣམས་བཞད་གད་རྒྱུ། །

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་ནས།

མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །

ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས།

ཟླ་གྲོགས་མཛའ་མཐུན་མང་ན་བཟང་མོད་ཀྱང་།།གྲོགས་པོ་ངན་པས་རང་ཉིད་ཐུར་དུ་འཁྲིད། །ཐ་མ་རང་གཞན་གཉིས་ཀ་ཆུ་ལ་བསྐུར།།འགྲོགས་ས་མཐུན་ས་མ་ནོར་སྙིང་གཏམ་ཡིན།།

རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།

མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས།

ཐོས་བསམ་ཕྱོགས་སུ་མ་སོང་ཞིང་། །གཞུང་ལུགས་གདམས་པར་ཤར་བ་ཡིས། །མཉན་འོས་རིགས་པའི་ལམ་སྨྲ་བ། །དེ་ཉིད་ལ་ནི་མཁས་པ་ཟེར། །ཉོན་མོངས་དབལ་ནི་ཚོགས་པ་དང་། །རང་དང་གཞན་རྒྱུད་འདུལ་བར་ནུས། །ལྟ་སྒོམ་འཁྲུལ་བྲལ་གདེང་ལྡན་པ། །དེ་ཉིད་ལ་ནི་གྲུབ་པ་ཟེར། །མཁས་པས་གྲུབ་པ་མ་བཅོམ་ཞིང་། །གྲུབ་པས་བཙུན་པ་མ་བཅོམ་པར། །བསྟན་ལ་ཕན་པ་སྒྲུབ་པ་ལ། །སྐྱེས་བུ་དམ་པ་ཞེས་ཀྱང་ཟེར། །

རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།

རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །

རྗེ་ཙོང་ཁ་པས་སློབ་དཔོན་བློ་གྲོས་འཕེལ་ལ་མཛད་པའི་ཡིག་ལན་ལས། 

སང་བྱ་གནངས་བྱ་བསམ་པས་འབྱམས་འགྱུར་ན། །འཆི་ལ་ཐུག་ཀྱང་ཅི་བགྱིར་མ་མཆིས་པས། །དེ་ཕྱིར་ཐོས་པའི་དོན་རྣམས་དེ་མ་ཐག །ཕྱི་བཤོལ་མི་བྱ་ལག་ཏུ་བླང་བར་རིགས། ། 

རྒྱལ་ཚབ་ཐམས་ཅད་མཁྱེན་པའི་ཞལ་སྔ་ལས།

སྐྱེས་བུ་དམ་པ་གང་ན་ཡོད་མི་ཤེས་ཤིང་སྐྱེས་བུ་དམ པ་ལ་སྨོད་པ་ནི་ངན་འགྲོ་མ་བཟད་པའི་རྒྱུ་ཕུལ་དུ་ཕྱིན་པར་མདོ་རྒྱུད་ཀུན་ནས་གསུངས་པས་ཐལ་བས་གཡོགས་པའི་མེ་དོང་བཞིན་དུ་གནས་འདི་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤིན་ཏུ་བག་དང་ལྡན་པ་བྱའོ།།

མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་ཞལ་ནས།

སྐྱེས་བུའི་ལུས་ངག་བྱ་བའི་འཇུག་པ་ཡིས།།ནང་གི་བསམ་པའི་ཁྱད་པར་གོ་བར་བྱེད།།བླུན་པོའི་གྲོང་ཚིག་སྨྲ་བ་ལྷུར་བླངས་པས།།གསུང་རབ་བརྡ་ལ་རྨོངས་པ་གསལ་བར་སྟོན།།

མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་ཞལ་ནས།

རང་ཡུལ་སྲེད་པས་དམ་དུ་བཅིང་པའི་མཐུས།།བླུན་པོའི་གྲོང་ཚིག་འབའ་ཞིག་གོམས་ཆེ་བས།།བློ་གས་མཁས་མང་ཚོགས་པའི་དབུས་སུ་ཡང༌།།འཆད་པོ་དག་གི་རྣམ་པར་མ་དག་བྱེད།།

མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་ཞལ་ནས།

རྒྱ་ཆེན་གཞུང་ལུགས་དགོངས་དོན་འགྲེལ་པ་ཡི།།ཡི་གེའི་རྩོམ་པ་མང་དུ་སྦྱར་ན་ཡང༌།།གྲོང་ཚིག་བླུན་པོའི་ཐ་སྙད་ཁྱུ་འཁྲིགས་པས།།འཇིག་རྟེན་ལོང་གཏམ་བྲིས་པའི་རྣམ་པ་མཚོན།།

མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་ཞལ་ནས།

སྡེབ་ལེགས་ཚིག་སྦྱོར་སྙན་དངགས་ལུས་མཛེས་ལ།།རྒྱན་མངས་མདངས་ཀྱིས་རྣམ་པར་བཀྲ་ན་ཡང༌།།གྲོང་ཚིག་གཅིག་གིས་སྙན་དངགས་སྐལ་ངན་བྱེད།།

རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ།།

རྗེ་ཤེས་རབ་རྒྱ་མཚོས།

ཨ་རིག་དགེ་བཤེས་ཀྱི་དྲུང་དུ་སྟོང་སྐོར་གྱི་ཚོང་བ་མང་བོ་ལུང་བསྟན་ཞུར་འོང་བར། ཚོང་དང་ལྟད་མོར་དབུས་ལ་སོང་ཆོག གཞན་དགོས་པ་མེད། སྔོན་ཨ་མདོའི་སྣོད་ལེགས་པའི་ནང་དབུས་གཙང་གི་ཆོས་ཀྱི་བདུད་རྩིས་བཀང་ནས་ཡོང་། ད་ལྟ་ཨ་མདོའི་དུག་གསུམ་གྱི་སྟེང་བོད་པའི་དུག་གསུམ་བསྣན་ནས་འོང་གསུངས།



རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།