དགེ་བཤེས་བློ་བཟང་ཆོས་འཕགས་ཀྱི་རྣམ་ཐར་མདོར་བསྡུས​།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-17 08:28:38     རྩོམ་པ་པོ།   ལྷུན་གྲུབ་རྒྱ་མཚོས་བྲིས།​ (བླ    ཀློག་ཐེངས།  

དགེ་བཤེས་བློ་བཟང་ཆོས་འཕགས་(法尊法师)ནི་མིང་དུ་གྲགས་པའི་ནང་བསྟན་གྱི་སྐྱེས་བུ་དམ་པ་དང་། ཁྱད་དུ་འཕགས་པའི་ལོ་ཙཱ་བ། དཔའ་སྟོབས་འགྱུར་མེད་ཀྱི་ནུབ་ཕྱོགས་ཆོས་འཚོལ་བ་སྟེ། དེང་དུས་ཐང་སན་བླ་མ་གཉིས་པར་གྲགས་པ་དེའོ།། དེ་ཡང་དགེ་བཤེས་བློ་བཟང་ཆོས་འཕགས་ཀྱིས་རྒྱ་བོད་རིག་གནས་ཀྱི་འབྲེལ་འདྲིས་དང་། བོད་བརྒྱུད་ནང་བསྟན་དར་སྤེལ་ལ་རང་ཉིད་ཀྱི་ཡོད་ཚད་ཕུལ་ཞིང་། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་མང་བོ་རྒྱ་ཡིག་ལ་བསྒྱུར་བ་དང་མཉམ་དུ་གསུང་རྩོམ་ཀྱང་མང་དུ་བྲིས། དེ་དག་ནི་བོད་ཀྱི་རིག་གནས་ཞིབ་འཇུག་དང་། དགེ་བཤེས་ཁོང་གི་བསམ་བློའི་ཞིབ་འཇུག་ལའང་ཤིན་ཏུ་སྨན་པའི་རྒྱུ་ཆ་ཆེས་བཟང་བོ་ཞིག་རེད། བོད་ཀྱི་རིག་གནས་ཞིབ་འཇུག་གི་འཕེལ་རྒྱས་དང་བསྟུན། མི་རྣམས་ཀྱིས་ཁོང་གི་གསུང་རྩོམ་དང་བརྩམས་ཆོས་ལ་ཡི་རངས་དང་། ཁོང་གི་མཛད་རྗེས་ལ་བསྟོད་བསྔགས་བྱས་ཏེ་བསྐལ་བའི་བར་དུ་མིག་དཔེ་རུ་བཟུང་ཡོད། ཁོང་ ༡༩༢༡ ལོར་པེ་ཅིང་ཧྥ་ཡན་ 法源寺 དགོན་པར་རབ་ཏུ་བྱུང་བ་ནས་བཟུང་སྐུ་མྱ་ངན་ལས་འདས་པའི་བར་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྣམ་ཐར་སྡོམ་དུ་བསྡུས་ན་དུས་རིམ་བཞི་སྟེ།

རིམ་པ་དང་བོ། (༡༩༢༡ — ༡༩༣༦ )ཁོང་བོད་དུ་སློབ་གཉེར་ལ་མ་སོང་བའི་སྔོན་དུ། རི་བོ་རྩེ་ལྔར་རབ་ཏུ་བྱུང་ཞིང་། སློབ་དཔོན་ཏ་ཡོན་བཙུན་པའི་ 大勇法师 མདུན་དུ་སློབ་གཉེར་བྱས། དེའི་རྗེས་པེ་ཅིང་དུ་སློབ་དཔོན་ཐེ་ཞུའི་(太虚法师)དགེ་རྒན་དུ་བསྟེན་ནས་ཆོས་མང་དུ་གསན་ཅིང་སླར་ཡང་ཧྥ་ཡན་དགོན་པར་ཕེབས་ཏེ་སྡོམ་པ་བཞེས། དེ་ནས་ནན་ཅིང་པོ་ཧྭ་རིར་ (南京宝华山) འདུལ་བར་སྦྱངས། དེའི་རྗེས་ནས་བུའུ་ཁྲང་ནང་བསྟན་སློབ་གྲྭར་ཞུགས་སྟེ་སློབ་གཉེར་བྱས། ཁོང་རབ་ཏུ་བྱུང་བ་ནས་སློབ་གྲྭ་དེར་མཐར་ཕྱིན་པའི་བར་གྱི་ལོ་ངོ་བཞིའི་རིང་། ཁོང་ལ་རྒྱ་བརྒྱུད་ནང་བསྟན་གྱི་རྨིང་གཞི་ངེས་ཅན་ཆགས། བུའུ་ཁྲང་ནང་བསྟན་སློབ་གྲྭར་སློབ་མཐར་ཕྱིན་རྗེས་པེ་ཅིང་དུ་ཕེབས་དེ་བོད་ཡིག་སློབ་གྲྭ་རུ་སློབ་གཉེར་བྱས། འདི་ནི་ཁོང་གིས་བོད་ཡིག་ལ་སློབ་གཉེར་གནང་བ་ཐོག་མ་ཡིན་ལ། དེ་དུས་ཁོང་དགུང་ལོ་ཉེར་གསུམ་རེད། དེ་ནས་སློབ་གཉེར་ལོ་གཅིག་ལ་བྱས་རྗེས་ཏ་ཡོན་ཧྥ་ཧྲས་དབུ་ཁྲིད་པའི་བོད་ཡིག་སློབ་གཉེར་སྡེ་ཁག་ལྷ་སར་འགྲོ་བ་དང་མཉམ་དུ་ཁོང་ཡང་ཕེབས་ཤིང་། སྔ་རྗེས་སུ་སི་ཁྲོན་དཀར་མཛེས་དང་། ཆབ་མདོ། ལྷ་ས་སོགས་ས་གནས་མང་བོར། ཏ་ཡོན་དང་། ཚི་ཡན་སློབ་དཔོན། གྲ་ཀ་སློབ་དཔོན། དགེ་རྟགས་སྤྲུལ་སྐུ། ཨ་མདོ་དགེ་བཤེས་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་སྐབས་དེའི་བོད་ཀྱི་ནང་བསྟན་རིག་གཞུང་སྣ་ཚོགས་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་། འདི་དག་གི་སྐབས་སུ་ཁོང་གིས། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་དང་། ཇོ་བོ་རྗེའི་རྣམ་ཐར། རྟེན་འབྲེལ་བསྟོད་པ། སོགས་བསྒྱུར་ཏེ(海潮音)ཞེས་པའི་དུས་དེབ་དུ་མུ་འགོད་བྱས་ཤིང་། ད་དུང་གཞན་ཅི་རིགས་ཤིག་ཀྱང་བསྒྱུར་འདུག་མོད། བོར་བརླག་ཏུ་ཕྱིན་སོང་ཞེས་ཁོང་གིས་གསུངས་སོ།། ༡༩༣༡ ལོ་ནས་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ལས། བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ། སྔགས་ཀྱི་ས་ལམ། རིམ་ལྔ་གསལ་སྒྲོན། དབུ་མ་འཇུག་པ་སོགས་ཀྱི་དཔེ་ཁྲིད་ཐོབ་ཅིང་། བྱང་ཆུབ་ལམ་རིམ་ཆེན་མོའང་རྒྱ་ཡིག་ཏུ་བསྒྱུར་མགོ་ཚུགས་འདུག དེ་ནས་རིང་བོར་མ་ལོན་པ་སྟེ ༡༩༣༣ ལོར་རྒྱལ་ནང་ནས་སློབ་དཔོན་ཐེ་ཞུའི་ནས་འཕྲིན་ཡིག་བཏང་སྟེ་ཕྱིར་འོངས་དགོས་པའི་བཀའ་ནན་ལྡོག་མ་ནུས་པར་རྒྱལ་ནང་དུ་ཕེབས་ཏེ་ཁྲོན་ཆིན་རྒྱ་བོད་ཆོས་ལུགས་སློབ་གླིང་ (重庆汉藏教理院) དུ་དགེ་རྒན་གྱི་ཐུགས་འགན་བཞེས་ཤིང་། ལམ་རིམ་ཆེན་མོ་མུ་འཐུད་རྒྱ་ཡིག་ཏུ་བསྒྱུར་བའི་ཞར་ལ། སློབ་མ་རྣམས་ལ། དགེ་སློང་གི་བསླབ་བྱ་གནམ་རྩེ་མ་དང་། བྱང་ཆུབ་གཞུང་ལམ་ལ་སོགས་པའི་ཁྲིད་མཛད། དེ་ནས་ལོ་གཅིག་ཙམ་བཞུགས་རྗེས་ཁོང་གིས་ཨ་མདོ་དགེ་བཤེས་མཆོག་རྒྱལ་ནང་དུ་གདན་འདྲེན་གྱིས་རྒྱ་ནང་ལ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་། ཁོང་གི་མདུན་ནས་སྔར་མ་ཐོབ་པའི་དབང་བཀའ་ཆོས་མང་བོ་ཞིག་ཀྱང་ཆ་ཚང་ཐོབ་འདོད་ཀྱི་བསམ་པས། ཕྱོགས་སོ་སོར་ལམ་དངུལ་བསྡུས་ཏེ་འབད་པ་ཆེན་པོས་དགེ་བཤེས་མཆོག་གདན་འདྲེན་དུ་ཕེབས་མོད། འོན་ཀྱང་ཨ་མདོ་དགེ་བཤེས་མཆོག་སྐུ་འདས་པས་ཐུགས་འདོད་མ་འགྲུབ ༡༩༣༦ ལོར་ཁོང་ཡང་བསྐྱར་ལྷ་ས་རུ་གཞུང་ལུགས་མང་བོར་སྦྱངས་བརྩོན་གནང་བ་དང་མཉམ་དུ་གསུང་རབ་མང་བོ་ཞིག་ཀྱང་ཡིག་བསྒྱུར་གནང་བ་སྟེ། བྱང་ཆུབ་ལམ་རིམ་ཆེ་བ། བྱང་ཆུབ་གཞུང་ལམ། དྲང་ངེས་ལེགས་བཤད་སྙིང་བོ། དྲང་ངེས་དཀའ་འགྲེལ། སོགས་བསྒྱུར་ཏེ་ཝུའུ་ཁྲང་།(武昌)ནས་པར་དུ་སྐྲུན།

རིམ་པ་གཉིས་ནི། (༡༩༣༧-༡༩༤༩ ) དེ་ནས་ཁོང་ལྷ་ས་ནས་ཕྱིར་ཕེབས་ཏེ། སློབ་དཔོན་ཐེ་ཞུས་(太虚法师)ཀྱིས་བཀའ་དགོངས་ལྟར་སྔགས་རིམ་ཆེན་མོ་རྒྱ་ཡིག་ཏུ་ལེགས་པར་བསྒྱུར་ཞིང་པེ་ཅིང་དུ་པར་དུ་བཀོད། རི་འགོག་དམག་འཁྲུགས་ཀྱི་སྐབས་སུ་རྒྱ་བོད་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་ཀྱི་རྒྱུན་བསྐྱངས་པ་དང་མཉམ་དུ། ཁོང་གིས་བོད་ཀྱི་བརྡ་སྤྲོད་རིག་པ་(藏文文法)ཞེས་པ་དང་། བོད་ཡིག་ཀློག་དེབ་(藏文读本)ཞེས་པའི་དཔེ་དེབ་གཉིས་བརྩམས་ཤིང་། དབུ་མ་དགོངས་པ་རབ་གསལ་སོགས་ཀྱང་རྒྱ་ཡིག་ཏུ་བསྒྱུར། ཡང་གཞན་གྱིས་བསྐུལ་བ་ལ་བརྟེན་ནས་བྱེ་བྲག་བཤད་མཛོད་ཆེན་མོ་(大毗婆沙论)བམ་པོ་ཉིས་བརྒྱའི་བདག་ཉིད་ཅན་དེ་བོད་ཡིག་ལ་བསྒྱུར། དེ་བཞིན་དུ་བོད་ཀྱི་ཆོས་སྲིད་ལོ་རྒྱུས་(西藏民族政教史)ཞེས་པ་དང་། སྐབས་དེའི་རྒྱལ་དམངས་སྲིད་གཞུང་སློབ་གསོ་པུའུ་ཡིས་རྩོམ་སྐུལ་བྱས་པ་ལ་བརྟེན་ནས། བོད་ཀྱི་སློབ་དེབ་(藏文课本)བརྒྱད། རྒྱུན་ཤེས་སློབ་དེབ་དྲུག་བསྒྲིགས་རྩོམ་གནང་ཡང་པར་དུ་མ་བསྐྲུན་འདུག མདོར་ན་ཁོང་གིས་རྒྱ་བོད་ཆོས་ལུགས་སློབ་གླིང་གི་དབུ་ཁྲིད་མཛད་སྐབས། སྐད་གཉིས་ལ་མཁས་པའི་མི་སྣ་མང་བོ་སྐྱེད་བསྲིང་གནང་བ་དང་མཉམ་དུ་འཆད་ཁྲིད་ཀྱི་བྱ་བར་ནུས་ཤུགས་གང་ཡོད་བཏོན། སྐབས་འདི་དག་ནི། དག་དག་ཁོང་གི་མི་ཚེའི་ཁྲོད་ཆེས་རླབས་ཆེ་བའི་བྱ་བ་སྒྲུབ་པའི་དུས་རིམ་གལ་ཆེན་ཤིག་སྟེ། ལོ་ཙཱའི་མཐོ་རླབས་འཕྱུར་བའི་དུས་སྐབས་རིན་ཐང་བྲལ་བ་ཞིག་ཀྱང་ཡིན། རྒྱུ་མཚན། ཁོང་གིས་བསྒྱུར་བའི་གསུང་རབ་གྲགས་ཆེན་མང་ཆེ་ཤས་ཞིག་ཀྱང་སྐབས་འདིར་བྱུང་སྟེ། དཔེར་ན། ས་ལམ་རྣམ་བཞག་ཐེག་གསུམ་མཛེས་རྒྱན། པོད་གཅིག མངོན་རྟོགས་རྒྱན་འགྲེལ་ཆུང་། པོད་གཅིག སྔགས་རིམ་ཆེན་མོ། པོད་གཉིས། དབུ་མ་དགོངས་པ་རབ་གསལ། པོད་གསུམ། ལམ་རིམ་ཆུང་ངུ། པོད་གཅིག བློ་སྦྱོང་དོན་མདུན་མ། ཆོས་ཉིད་རྣམ་འབྱེད། སྟོང་ཉིད་བདུན་ཅུ་བ། རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་དང་། གསུང་རྩོམ་ལའང་། དེང་རབས་བོད་ལྗོངས། ང་སོང་མྱོང་བའི་བོད་ལྗོངས། བོད་ལྗོངས་མི་རིགས་ཆོས་སྲིད་ལོ་རྒྱུས་སོགས་དང་། ད་དུང་སྐབས་གཞན་གྱི་དུས་དེབ་དང་ཚགས་པར་སོགས་སུའང་བསྒྱུར་རྩོམ་དང་དཔྱད་རྩོམ་གྱི་སྐོར་མང་དུ་སྤེལ་མྱོང་། ཆེས་གླེང་འོས་པ་ཞིག་ནི། ཁོང་ཉིད་བོད་ཀྱི་སྐད་དང་ཡི་གེ་གཉིས་ཆར་ལ་ཤིན་ཏུ་མཁས་པས། བོད་ཡིག་རྒྱ་ཡིག་ལ་བསྒྱུར་བ་ཙམ་དུ་མ་ཟད། རྒྱ་ཡིག་བོད་ཡིག་ལ་བསྒྱུར་བའི་ཆུ་ཚད་ཀྱང་ཤིན་ཏུ་མཐོ་བ། དཔེར་ན། གོང་དུ་སོང་ཟིན་པ་བཞིན་གྱིས་བྱེ་བྲག་བཤད་མཛོད་ཆེན་མོ་བོད་འགྱུར་གནང་བ་སོགས་ཀྱིས་ཀྱང་གསལ་བར་མཐོང་ནུས་པ་ཡིན་ནོ།

རིམ་པ་གསུམ་པ། ༡༩༤༩-༡༩༦༦ བཅིངས་གྲོལ་རྗེས་ནས་ཁོང་པེ་ཅིང་གི་བྱང་ཆུབ་ལོ་ཙཱའི་སློབ་ཚོགས་ཅེས་པར་གསབ་ཞུགས་གནང་སྟེ། སྲིད་ཕྱོགས་ཀྱི་ཡིག་ཆ་མང་བོ་བོད་ཡིག་ཏུ་བསྒྱུར་བའི་བྱ་བ་བསྒྲུབས། ལྔ་བཅུ་ལྔ་དྲུག་ལོར་ཁོང་རྒྱལ་ཡོངས་ནང་བསྟན་སློབ་གྲྭའི་སློབ་གཙོ་གཞོན་པར་གདམས་ཤིང་། དཔྱད་རྩོམ་ཀྱང་མང་དུ་བྲིས་མོད། ཡིད་སྐྱོ་བ་ཞིག་ལ་དུས་ཀྱི་རླུང་འཚུབ་ཀྱིས་འཁྱུར་མུད་དུ་བཏང་བས་དཔར་སྐྲུན་གྱི་གོ་སྐབས་མ་བྱུང་བར་འཇིག་མོད། དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་རྒྱ་ཡིག་ཏུ་བསྒྱུར་བ་དང་། ༡༩༥༠ ལོར། རིམ་ལྔ་དང་། རྙིང་མའི་གཞུང་སྟེ། ཀློང་ཆེན་མཛོད་བདུན་དང་། ༡༩༥༥ ལོར། དབུ་མ་བཞི་བརྒྱ་བ་དང་། འཇུག་པ་རྩ་འགྲེལ། མཛོད་རྩ་འགྲེལ། སོགས་རྒྱ་ཡིག་ཏུ་བསྒྱུར།

རིམ་པ་བཞི་བ། ༡༩༦༦-༡༩༨༠ རིག་གནས་གསར་བརྗེའི་སྐབས་སུ་ཁོང་ཡང་ནག་ཚོགས་གདོན་འདྲེ་ཡི་གྲོས་སུ་བརྒྱབ་ནས་འཐབ་རྩོད་བྱས་ཏེ་ཞབས་ལ་ཡང་རྨས་སྐྱོན་ཚབ་ཆེན་བཟོས་པ་སོགས་དག་དག་ལོ་བཅུའི་རིང་ལ་ཁོང་གི་ལོ་ཙཱའི་བྱ་བ་ཐམས་ཅད་སྟོང་བསམ་འབའ་ཞིག་ཏུ་གྱུར་མོད། འོན་ཀྱང་༡༩༧༨ ལོར་ཁོང་གིས་ཡང་བསྐྱར་ལོ་ཙཱའི་བྱ་བའི་མགོ་བརྩམས་ཏེ། བྱང་ཆུབ་ལམ་སྒྲོན་རྒྱ་ཡིག་ཏུ་བསྒྱུར། ཁོང་སྐུ་མ་གཤེགས་པའི་ལོ་གཉིས་ཀྱི་རིང་ལ་སྙུང་བ་ལའང་མ་ལྟོས་པར་དཀའ་ཐུབ་ཆེན་པོས་ཚད་མ་རིག་པ་དང་འབྲེལ་བའི་བསྟན་བཅོས་ཆེན་མོ་གསུམ་སྟེ། ཚད་མ་ཀུན་བཏུས་དང་། ཚད་མ་རྣམ་འགྲེལ། རྣམ་འགྲེལ་རང་འགྲེལ་དང་བཅས་པ་རྒྱ་ཡིག་ཏུ་བསྒྱུར་དེ། རྒྱ་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་གཞུང་ལ་ཁ་གསབ་བྱས་ཤིང་། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོའི་གསུང་རྩོམ་པོད་ལྔ་རྒྱ་ཡིག་ཏུ་བསྒྱུར་བ་སོགས་རྒྱ་བོད་ནང་བསྟན་གྱི་གཟི་འོད་ཕྱོགས་མཐར་སྤེལ་བཞིན་པའི་མུར། སྤྱི་ལོ ༡༩༨༠ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།།

མདོར་ན་དགེ་བཤེས་བློ་བཟང་ཆོས་འཕགས་མཆོག་ནི་བོད་བརྒྱུད་ནང་བསྟན་ལས་ལྷག་པར་ཡང་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྒྱ་ནག་ཏུ་འདྲེན་མཁན་གྱི་སྔོན་མེད་ཤིང་རྟ་བ་ཆེན་པོ་དང་། བོད་བརྒྱུད་ནང་བསྟན་ཕྱོགས་མཐར་ཁྱབ་པའི་ལོ་རྒྱུས་ཁྲོད་ཆེས་རླབས་ཆེ་བའི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་འདིར་ཁོང་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྣམ་པར་ཐར་བ་མདོར་བསྡུས་ཙམ་བརྗོད་པ་ཡིན་ནོ།།

ཞར་བྱུང་ཁོང་གིས་བསྒྱུར་གནང་མཛད་པའི་བསྟན་ཅོས་ཁག་གཅིག་གི་མཚན་བྱང་། བྱང་ཆུབ་ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། བྱེ་བྲག་བཤད་མཛོད་ཆེན་མོ། བོད་འགྱུར། དྲང་ངེས་ལེགས་བཤད་སྙིང་བོ། རིམ་ལྔ་གསལ་སྒྲོན། ས་ལམ་རྣམ་བཞག་ཐེག་གསུམ་མཛེས་རྒྱན། བྱང་ཆུབ་གཞུང་ལམ་ཆེན་མོ།།དབུ་མ་བཞི་བརྒྱ་བ། བྱང་ཆུབ་ལམ་སྒྲོན།རྒྱན་འཇུག་གཉིས། མཛོད་རྩ་འགྲེལ།ལམ་རིམ་ཆུང་ངུ།ཀུན་མཁྱེན་དོན་བདུན་ཅུ།དབྱིག་གཉེན་གྱི་སུམ་ཅུ་བ།བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ།ཐུའུ་བཀན་གྲུབ་མཐའ།ལམ་རིམ་བསྡུས་དོན།ལམ་རིམ་མཆན་བཞི་སྦྲགས།དཀོན་མཆོག་རྗེས་དྲན་གྱི་མདོ།དབུ་མ་འཇུག་པ་རྩ་འགྲེལ། སྔགས་ཀྱི་ས་ལམ། ཇོ་བོ་རྗེའི་རྣམ་ཐར། རྗེ་རྣམ་ཐར། ཀློང་ཆེན་མཛོད་བདུན། རིམ་ལྔ། དེབ་ཐེར་དཀར་པོ།དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད།ད་དུང་འདིའི་ནང་དུ་མ་འཐུས་པའང་མང་བོ་ཞིག་ཡོད་མོད་རྗེས་ཕྱོགས་རྙེད་ཚེ་རིམ་པས་ཁ་སྐོང་ངེས་ཡིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།