ཨ་ལགས་དོར་ཞི་རིན་པོ་ཆེའི་གསུང་རྩོམ་ཁག་གཉིས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-01-13 23:05:50     རྩོམ་པ་པོ།   མགོན་པོ་དོན་འགྲུབ་ཀྱིས་བསྒྱུར།    ཀློག་ཐེངས།  

༅། །མི་ལུས་ལ་རྩ་ཆེ་བའི་རིན་ཐང་ཅི་ཞིག་ཡོད་དམ།

     འཚང་རྒྱ་བར་སྐྱེ་བ་ད་ཐེངས་ཀྱི་མི་ལུས་དང་འབྲལ་དུ་མེད་ལ།མིར་སྐྱེས་པ་ཡང་ད་རེར་ཉམས་ལེན་བྱེད་པའི་དམིགས་ཡུལ་གཙོ་བོ་ཡིན་ཏེ།སྐྱེ་བ་ད་ཐེངས་མི་རུ་སྐྱེས་པར་བརྟེན་ནས་མུ་མཐུད་དུ་མི་ལུས་ལོན་པའི་རྒྱུ་བསག་ཐུབ།

      སྐྱེ་བ་ད་ཐེངས་མིར་སྐྱེས་པར་འཁོར་བ་ལས་ཐར་བ་དང་འཚང་རྒྱ་བའི་རྒྱུ་བསག་པའི་ནུས་པ་ཡོད་པས།མིའི་ལུས་རྟེན་ལ་འཛོམས་པའི་ཆ་རྐྱེན་ཁྱད་པར་ཅན་བེད་སྤྱད་ན།བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ།

     གལ་ཏེ་མིས་རང་ལྕོགས་རྒྱག་ཐུབ་ན།ད་རེར་ཐོབ་པའི་མིའི་ལུས་རྟེན་གྱིས་སྐད་ཅིག་རེ་རེར་དགོས་པ་ཁྱད་པར་ཅན་འདོན་སྤེལ་བྱེད་ཐུབ།གལ་ཏེ་དགེ་བར་སྤྱོད་ཐུབ་པའི་ཕྱོགས་འདི་བེད་སྤྱོད་ཐུབ་ན།སྐད་ཅིག་རེ་རེར་ཉམས་ལེན་གྱི་ཕན་ནུས་ཐོན་ཐུབ།

    ཉམས་ལེན་ནི་དགོན་པར་སོང་ནས་ཆོས་འདོན་པ་དང་སྔགས་བཟླ་བ་ཙམ་དུ་མི་གོ་ལ།ཆོས་སྒོར་ཞུགས་རྗེས་ཀྱི་བསམ་སྦྱོར་རེ་རེ་དང་།ཐ་ན་དོན་དག་རེ་རེ་དང་བསམ་པའི་འཆར་སྒོ་རེ་རེ་ཡང་ཉམས་ལེན་ཡིན།ཉམས་ལེན་ནི་ཕྱོགས་ཡོངས་ནས་སྦྱོང་དགོས་པས་གང་ས་གང་ཡང་ཉམས་ལེན་བྱེད་པའི་ཁོར་ཡུག་ཡིན་གཤིས།ཆོས་ཀྱི་འདུ་ཤེས་འཚོ་བའི་མགོ་མཇུག་ཆ་ཚང་ལ་བརྒྱུད་དགོས།རྟོགས་སད་པ་ཞིག་ལ་མཚོན་ནས་བཤད་ན།མཐོང་ངམ་ཐོས་པ་ཚང་མ་ཆོས་སུ་ངེས་པས།མེ་ཏོག་གི་དར་རྒུད་ལས་ཀྱང་མི་རྟག་པ་དང་སྡུག་བསྔལ་ཤེས་ཡོང་།དེ་བས།སྤྱི་ཚོགས་སྟེང་གི་དོན་དག་ཧ་ཅང་མང་པོ་ཞིག་ང་ཚོའི་ཉམས་ལེན་གྱི་བསླབ་དེབ་བྱས་ཆོག

      མི་ལུས་འཐོབ་པར་དཀའ་ལ་རིན་ཐང་ཆེ་བ་ངོས་ཟིན་ཐོབ་པའི་རྨང་གཞིའི་སྟེང་ནས།གལ་ཆེན་གྱི་འདུ་ཤེས་སྐྱེས་ཏེ་དུས་ཚོད་འཕྲོ་བརླག་དང་མི་ཚེ་གཏོང་ཟད་དུ་མི་གཏོང་བར།ད་རེའི་ཐུང་ཐུང་གི་མི་ཚེ་འདིའི་ཕན་ནུས་འདོན་སྤེལ་གྱིས་དགེ་བ་ཅུད་ཟད་རེ་བསྒྲུབ་པ་ནི་མི་ཚེའི་རིན་ཐང་ངོས་ཟིན་པའི་དམིགས་ཡུལ་ཡིན་ནོ།།

༄༅། །བདེན་ལུགས་རྟོགས་པའི་མི་ལ་སངས་རྒྱས་ཟེར།

བདེན་ལུགས་རྟོགས་པའི་མི་ལ་སངས་རྒྱས་ཟེར།འཇིག་རྟེན་དང་ཚེ་སྲོག་གི་ངོ་བོ་རྟོག་པར་བྱས་ཏེ།གཞན་དོན་འབའ་ཞིག་གཉེར་དགོས།ཐོག་མར་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་རང་གི་གོ་རྟོགས་འབྱེད་དགོས།གོ་རྟོགས་འབྱེད་པ་ནི་གོ་རྟོགས་སད་པ་ལ་ཟེར།རང་ཉིད་ཀྱི་གོ་རྟོགས་སད་པས་རྩ་བ་ནས་མི་འདང་ཏེ།སེམས་ཅན་ཡོད་དོ་ཅོག་གི་གོ་རྟོགས་སད་པར་བྱ་དགོས།བྱང་སེམས་ནི་གཞན་དོན་འབའ་ཞིག་དོན་དུ་གཉེར་བ་ཞིག་ཡིན་དགོས།རང་ཉིད་འཚང་རྒྱ་བར་བྱས་ནས་སེམས་ཅན་ཀྱང་སྒྲོལ་བར་བྱ་དགོས།སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་དང་འཁོར་བ་ལས་ཐར་བར་བྱེད་པ་ལ་བྱང་སེམས་ཟེར།

འཇིག་རྟེན་དང་སེམས་ཅན་རྡུལ་ཕྲན་ལྟར་མང་བ་བཞིན་སངས་རྒྱས་ཀྱང་རྡུལ་ཕྲན་ལྟར་མང་ལ།འཇིག་རྟེན་དང་སེམས་ཅན།སངས་རྒྱས་བཅས་ལ་ཚད་མེད་དོ།།སྤྱིའི་ཆ་ནས་བཤད་ན།འཁོར་བའི་ཆགས་གནས་འཇིག་སྟོང་ལ་ཐོག་མཐའ་མེད་ལ།སེམས་ཅན་གྱི་སྐྱེ་འཆིའི་འཁོར་བ་དང་སངས་རྒྱས་དང་ཆོས་ཀྱི་གནས་པ་ལ་ཡང་ཐོག་མཐའ་མེད་དེ།དེ་ནི་བྱ་བོ་དང་སྒོ་ངའི་གནས་ལུགས་དང་གཅིག་མཚུངས་རེད།གཏན་ཚིགས་ཀྱི་ངོས་ནས་བཤད་ན།སངས་རྒྱས་ཐོག་མ་དེ་མེད་ལ།སངས་རྒྱས་ཀྱི་ཆོས་ཐོག་མར་གསར་གཏོད་བྱེད་མཁན་ཀྱང་མེད་པར་མ་ཟད།མིའི་ཐོག་མ་ཡང་མེད་དེ།ཚེ་སྲོག་ནི་ཐོག་མཐའ་མེད་པ་ཞིག་གོ།                                   

 ཆོས་འཁོར་ལྗང་ལོ། དངོས་མིང་མགོན་པོ་དོན་འགྲུབ། ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་གི་དགེ་རྒན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།