ནང་བསྟན་གྱི་མི་ཚེ་ལྟ་ཚུལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-24 10:07:45     རྩོམ་པ་པོ།   སློབ་དཔོན་ཐའེ་ཞུས་ཀྱིས་བརྩམས།    ཀློག་ཐེངས།  

ནང་བསྟན་གྱི་མི་ཚེ་ལྟ་ཚུལ།

སློབ་དཔོན་ཐའེ་ཞུས་ཀྱིས་བརྩམས།

དཀོན་མཆོག་རྒྱ་མཚོས་བསྒྱུར།

བདག་གིས་ལོ་འགའི་སྔོན་ནས་ཞ་མོན་ཅི་མེ་སློབ་གྲྭ་ཤེས་རྟོགས་བྱུང་ཞིང་། སྔ་ ཕྱིར་ཐེངས་གཉིས་ལ་ཞ་མོན་དུ་འོང་ནའང་བྲེལ་འཚལ་གྱི་དབང་གིས་ལྟ་སྐོར་དུ་  འོང་མ་ཐུབ། ཐེངས་འདིར་སློབ་གྲྭའི་སློབ་གཙོ་དང་སློབ་མ་རྣམས་ཀྱིས་གདན་ཞུ་ བཞིན་སློབ་གླིང་འདིར་ལྟ་སྐོར་དང་ཆབས་ཅིག་ཁྱེད་རྣམ་པར་བགྲོ་གླེང་གི་གོ་སྐབས་བྱུང་བར། ང་རང་གི་ངོས་ནས་དགའ་སྤྲོ་ཚད་མེད་སྐྱེས།

དེ་རིང་ཁྱེད་རྣམ་པར་གླེང་བར་བྱ་བ་ནི། ནང་བསྟན་གྱི་མི་ཚེ་ལྟ་ཚུལ་སྐོར་ཡིན་ ཞིང་། གླེང་མ་བསླངས་པའི་སྔོན་འདིར་བརྗོད་དགོས་པ་ཞིག་ལ། ཇི་འདྲ་ཞིག་ལ་མི་ཚེའི་ལྟ་ཚུལ་དང་མི་ཞེས་པ་ཡང་སྙིང་ཅི་ཞིག་ཡིན་པ་དེ་རེད། ཚིག་ངོས་གཞན་ཞིག་ ནས་བརྗོད་ན། འདུ་ཤེས་ཇི་འདྲ་ཞིག་གིས་ངོས་ནས་མི་ཚད་ལྡན་ཞིག་བྱེད་པ་དང་། ལྷག་པར་མི་ནི་འཇིག་རྟེན་སྟེང་གི་ཅི་ཞིག་ཡིན་པ་ཤེས་དགོས་པར་བརྟེན་མི་ཚེ་ལྟ་ ཚུལ་འཆད་ཀྱི་ཡིན། མི་ཚེ་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་གཉིས་དབུགས་ལམ་  གཅིག་གི་ཚུལ་དུ་འབྲེལ་ཡོད་མོད། ཡིན་ནའང་འཇིག་རྟེན་ལྟ་ཚུལ་གྱི་ཁྱབ་ཁོངས་ ཐུན་མོང་བ་ཞིག་དང་། མི་ཚེ་ལྟ་ཚུལ་གྱི་ཁྱབ་ཁོངས་དེ་དམིགས་བསལ་བ་ཞིག་རེད། དེར་བརྟེན། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འདྲ་མཉམ་ཡིན་ནའང་། མི་ནི་དེ་  དང་མི་མཚུངས་པར་ཐུན་མིན་གྱི་རང་བཞིན་ལྡན་པའི་རྐྱེན་གྱིས་མི་ཚེ་ལྟ་ཚུལ་བྱུང་བ་རེད། སྤྱིར་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་གྱི་ཁྱད་པར་ལ་གཅིག་ནི་སྣོད་ཀྱི་འཇིག་རྟེན་དང་ཅིག་ཤོས་ནི་བཅུད་ཀྱི་སེམས་ཅན་ཞེས་པ་དང་། ཡང་ན་གཅིག་ནི་ ཐུན་མོང་གི་ཚོགས་སྤྱི་དང་ཅིག་ཤོས་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་  རེད་ཅེས་བཤད་ཅིང་ཆོག་གོ། ད་ལྟ་འཆད་པར་བྱ་བ་མིས་འཇིག་རྟེན་སྟེང་དུ་གནས་བབ་ཇི་འདྲ་ཞིག་བཟུང་བ་དང་རིན་ཐང་ཇི་འདྲ་ལྡན་མིན། དེ་མིན་ཇི་ལྟར་མི་ཚད་ ལྡན་ཞིག་བྱེད་ཐབས་དང་བཅས་བདག་གི་ལྟ་ཚུལ་གཤམ་དུ་བརྗོད་རྒྱུ་ཡིན།

རང་བྱུང་ཕྱིར་ལོག་སྨྲ་བའི་ལུགས་ཀྱི་ལྟ་ཚུལ་ནི། སྤྱིར་རང་བྱུང་ཁམས་ལེགས་ ཚོགས་ཀུན་འཛོམས་ཞིག་དང་། མི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་ནའང་།    ངན་སྤྱོད་ཀྱི་མིས་རང་བྱུང་ཁམས་ལ་ཅི་དགར་གནོད་སྐྱོན་བཟོས་པས། ཚུལ་མིན་གྱི་ནག་ཉེས་དང་སྡུག་བསྔལ་སྣ་ཚོགས་སློང་གིན་ཡོད། གལ་ཏེ་རང་བྱུང་ཁམས་སུ་ཕྱིར་ལོག་པ་ཡིན་ན་ལེགས་ཚོགས་ཀུན་འཛོམས་ཀྱི་རྣམ་པ་སླར་མངོན་འགྱུར་ཐུབ་པར་ འདོད་པ་འདི་ནི་ཀྲུང་གོའི་ལའོ་ཙི་དང་ཀྲོང་ཙིའི་འདོད་ཚུལ་ཡིན།

མི་སྤྱོད་ལེགས་བཅོས་སྨྲ་བའི་ལྟ་ཚུལ་ནི། རང་བྱུང་ཁམས་ལེགས་ཚོགས་ ཀུན་འཛོམས་ཞིག་ཡིན་ནའང་། དེའི་ཁྲོད་ན་མཆིས་པའི་མིའི་རིགས་ཀྱིས་དགོས་  མིན་གྱི་བྱ་སྤྱོད་ལ་བརྟེན་ནས་མི་ལེགས་པ་འབྱུང་གིན་ཡོད་མོད། ལུགས་སྔ་མས་  གཏོར་སྐྱོན་ཐམས་ཅད་མིས་བཟོས་པ་དང་མིས་བྱས་པ་ཡོད་ཚད་མི་ལེགས་པར་  འདོད་ཅིང་། དེ་དང་མི་མཐུན་པ་ནི་ལུགས་འདིས་མི་ལེགས་པ་དངོས་གནས་མིས་ བཟོས་པའི་རྐྱེན་ལས་བྱུང་ཞེས་ཟེར་ནའང་། རང་བྱུང་གི་མཛེས་པ་ངེས་པར་མིས་ བྱེད་པ་ལ་བརྟེན་ནས་ལེགས་བཅོས་བྱེད་དགོས་པར་འདོད། ཡང་དག་པའི་སྐྱེས་བུ་ནི་མིའི་རིགས་ཀྱིས་ཚད་གཞི་འཛིན་ས་ཞིག་ཏུ་འདོད་ལ། ཉེས་སྤོང་ལེགས་སྒྲུབ་བྱེད་པའི་ལུགས་འདིའི་ཚབ་མཚོན་དུ་ཁུང་ཙི་དང་མེང་ཙི་བྱ་ཆོག་གོ།

ཀྲུང་གོའི་ལའོ་ཀྲོང་ཁུང་མེང་རྣམས་ཀྱི་འཇིག་རྟེན་མི་ཚེའི་འདུ་ཤེས་གོང་སྨྲས་ལྟར་ཡིན་ལ། ཀྲུང་གོའི་བསམ་བློ་དང་འགལ་ཟླར་གནས་པ་ནི་ཚན་རིག་ཡིན་ལ།    ཚན་རིག་གི་མི་ཚེ་ལྟ་ཚུལ་ནི་རང་བྱུང་ཁམས་ལས་གཏེར་དངོས་ཅི་འདོད་དུ་བླངས་ནས་མིའི་རེ་བ་བསྐང་དགོས་པར་འདོད་མོད། རང་བྱུང་ཁམས་ཀྱི་ཐོན་ཁུངས་ལ་ ཚད་བཀག་ཡོད་པས་མིའི་རེ་འདོད་ཇི་བཞིན་སྐོང་མ་ནུས་པས། རང་བྱུང་ཁམས་ཁ་ལོ་སྒྱུར་བའི་བྱེད་ཐབས་བཏོན་ནས་འདུལ་སྦྱངས་བྱས་ཏེ་ཁེ་ཕན་ལ་ལོངས་སྤྱོད་པ་ དང་། དེར་མ་ཟད་མིའི་བསམ་ཚུལ་ལྟར་བསྒྱུར་བཅོས་བྱེད་པ་དང་།ཚན་རིག་གི་མི་ ཚེ་ལྟ་ཚུལ་ནི་ངེས་པར་འཕེལ་རྒྱས་ཁྲོད་མིའི་བྱེད་ལས་ཀྱིས་རང་བྱུང་ཁམས་འདུལ་ སྤྱངས་བྱེད་དགོས་པར་འདོད་པ་ཡིན།

ཡང་འཇིག་རྟེན་བཀོད་པ་བོ་འདོད་པའི་མི་ཚེའི་ལྟ་ཚུལ་ནི་སྣོད་ཀྱི་འཇིག་རྟེན་ཁམས་དང་མིའི་སྤྱོད་པ་ནི་སྣང་ཚུལ་ཙམ་ལས་ཡོད་ཚད་སྡུག་ཆག་ཅིག་ཏུ་འདོད།   སྣང་ཚུལ་གྱི་ཁམས་འདི་འབྱུང་བའི་གདོད་མའི་ལྷ་དང་གནམ་བདག་ནི་ཆེས་ལེགས་པ་དང་། མི་ཡུལ་འདི་ནི་མིའི་རིགས་ཀྱི་ཡབ་མེས་ཀྱིས་ཉེས་པ་བསགས་ནས་ཁྲིམས་ ཆད་ཕོག་པས་ངན་པར་གྱུར་བ་རེད། མི་རང་ཉིད་ཀྱི་འཐོབ་བྱ་མཐར་ཐུག་གི་   ལེགས་ཚོགས་ནི་མི་ཡུལ་གྱི་སྣང་ཚུལ་དོར་ནས་། གདོད་མའི་གནམ་བདག་གི་ལྷ་ཡུལ་དུ་ལོག་ཆོག་པ་ནི། འཇིག་རྟེན་བཀོད་པ་བོ་འདོད་པའི་ཡེ་ཤུ་དང་ཁ་ཆེའི་གོས་ལུགས་སོགས་ཀྱི་མི་ཚེ་ལྟ་ཚུལ་རེད།

གོང་གི་འདོད་ཚུལ་ལ་རྒྱབ་ཀྱི་ཕྱོགས་པ་ནི་འཕེལ་འགྱུར་སྨྲ་བ་སྟེ། འདིའི་  བསམ་བློ་ནི་གྷི་རིག་གི་གནའ་བོའི་མཚན་ཉིད་རིག་པའི་ནང་ཟུར་ཙམ་མཆིས་ནའང་། དུས་རབས་བཅུ་དགུ་བ་ནས་དངོས་སུ་ལྟ་བ་འདི་གཞི་ཚུགས་པ་རེད། ལུགས་   འདིས་རང་བྱུང་ཁམས་ནས་མིའི་བྱ་སྤྱོད་ཐམས་ཅད་གདོད་མའི་དུས་སུ་ཧ་ཅང་  སྟབས་བདེ་ཐབས་ཆག་ཅིག་ཡིན་པ། དཔེར་ན་སྣོད་བཅུད་ཀྱི་སྐྱེ་དངོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་། སྐྱེ་མེད་ནས་སྐྱེ་དངོས་ཐམས་ཅད་གྲུབ་པ་ལྟར། སྤྲ་ རིགས་ནས་མིའི་རིགས་དང་། བྲག་ཕུག་ནས་ཁང་བརྩེགས་བྱུང་བ། སྟབས་བདེ་  ཐབས་ཆག་གི་འཚོ་བ་ནས་འབྱོར་ཕྱུག་རྒྱས་སྤྲོས་ཀྱི་འཚོ་བར་རོལ་བ། ངན་པ་ནས་ བཟང་བོར་གྱུར་བ་བཞིན་འབྱུང་འགྱུར་གྱི་སྣང་ཚུལ་ཐམས་ཅད་རིགས་པས་འགྲོས་འདེད་བྱས་ན་ཡར་ངོའི་ཟླ་བ་བཞིན་ཇེ་བཟང་ཇེ་ལེགས་སུ་སོང་ནས་དངོས་གནས་ ཉམས་དགའ་བ་ཞིག་ཏུ་འདོད་པ་འདི་འཕེལ་འགྱུར་སྨྲ་བའི་མི་ཚེ་ལྟ་ཚུལ་ཡིན་ལ། དེ་དང་དངོས་སུ་འགལ་བ་ནི་འཇིག་རྟེན་བྱེད་པོ་འདོད་པའི་ཆོས་ལུགས་པས་མི་ཡུལ་ དང་ཁ་བྲལ་ནས་གདོད་མའི་ལྷའི་ཞིང་ཁམས་སུ་ཕྱིར་ལོག་པར་འདོད་དོ༎

གོང་དུ་བརྗོད་པའི་ཀྲུང་གོའི་རུའུ་དང་ཏའོ་ལུགས། ནུབ་གླིང་གི་མཚན་ཉིད་རིག་པ། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་སོགས་ལྷ་ཆོས་སྨྲ་བ་དང་འཕེལ་འགྱུར་སྨྲ་བ་རྣམས་ཀྱི་མི་ཚེ་ལྟ་ཚུལ་ཕན་ཚུན་འགལ་བ་ཡིན་ཞིང་། དེང་གནམ་འོག་ཀུན་ཏུ་རྦ་རླབས་ལྟར་ འཇགས་པ་མེད་པའི་གཡུལ་འཁྲུག་གི་རྒྱུ་རྐྱེན་ཡང་མི་ཚེ་ལྟ་ཚུལ་ཕན་ཚུན་འགལ་བ་ལ་བརྟེན་ནས་བྱུང་བར་གོར་མ་ཆག་གོ། གཤམ་དུ་རྒྱ་གར་གྱི་འཇིག་རྟེན་མི་ཚེ་ལྟ་  ཚུལ་གྱི་བསམ་བློ་རགས་ཙམ་མཚམས་སྦྱོར་བྱེད་རྒྱུ་ཡིན།

རྒྱ་གར་གྱི་བསམ་བློ་ལ་ཚངས་པ་བ་སོགས་ལྷ་ཆོས་སྨྲ་བ་དང་མཚུངས་ཤིང་། དེ་ ལས་གཞན་ཐར་ལམ་སྨྲ་བ་དང་ནང་བསྟན་གཉིས་སུ་དབྱེ་བ་ལས། དང་བོ་ཐར་ལམ་སྨྲ་བའི་མི་ཚེའི་ལྟ་ཚུལ་ནི། ལུགས་འདིས་འཇིག་རྟེན་མི་ཚེ་ལ་ཆགས་ཞེན་བྱ་ཡུལ་ཞིག་ཏུ་མི་འདོད་སྟེ། དཔེར་ན། རང་བྱུང་ཁམས་ལེགས་པའི་མཆོག་ཏུ་སྨྲ་བ་ལ།དངོས་  ཡོད་ཀྱི་ངན་དགུ་ཐམས་ཅད་མི་ལ་བརྟེན་ནས་བྱུང་ནའང་། མི་ཡང་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་ལ། རང་བྱུང་ཁམས་ཀྱིས་ཀྱང་མིའི་སྤྱོད་ངན་རིགས་བསྐྱེད་པར་བྱེད་པས། གདོད་མའི་རང་བྱུང་ཁམས་སུ་ཕྱིར་ལོག་པ་ལ་དགོས་པ་ཅི་ཞིག་ཡོད།

ཚན་རིག་གིས་མིའི་འདོད་པ་རྒྱ་བསྐྱེད་པ་ཐམས་ཅད་ལྷག་པར་སྡུག་བསྔལ་བསྐྱེད་པ་ཙམ་ཡིན་པ་དང་། ཡང་ཆོས་ལུགས་ཀྱིས་གདོད་མའི་ལྷའི་ཁམས་སུ་ལོག་པར་འདོད་པ་དགག་པ་ལ། མིའི་འཇིག་རྟེན་གནམ་བདག་གིས་གསར་བསྐྲུན་བྱས་པ་ཡིན་ན།   འོས་འགན་ཡོད་ཚད་གནམ་བདག་གིས་ཐེག་དགོས་པ་ལ། ཅིའི་ཕྱིར་མིའི་འཇིག་  རྟེན་ངན་པར་ཆགས་པ་དང་། གནམ་བདག་གིས་འགན་མ་ཐེག་པར་གཏན་གྱི་  སྐྱབས་གནས་སུ་སྨྲ་བ་འདི་དངོས་གནས་བབ་ཅོལ་དུ་ཟད་དོ༎འཕེལ་འགྱུར་སྨྲ་བས་རང་བྱུང་ཁམས་དང་མིའི་ཀུན་སྤྱོད་ཇེ་རྒྱས་ཇེ་ལེགས་དང་མི་ཉམས་གོང་འཕེལ་དུ་ འགྲོ་བར་བཤད་པ་ནི། མ་བརྟགས་མ་དཔྱད་པར་གནས་ལུགས་ཤིག་མཆིས་པར་  སྙམ་ནའང་། འཕེལ་འགྱུར་སྨྲ་བའི་བརྟེན་ས་ནི་དངོས་ལུགས་ཀྱི་རྨང་གཞི་ཡིན་ལ།   དེ་མཐར་འཇིག་འགྲོ་བ་ནི་དཔེར་ན། གོ་ལ་ཟླུམ་པོ་འདི་འཇིག་པའི་བསྐལ་བ་བྱུང་ཚེ་ཇི་ལྟར་མིའི་རིགས་ཀྱིས་འཕེལ་འགྱུར་སྨྲ་བ་ཞེས་བརྗོད་དམ། དེའི་ཕྱིར། གོང་གི་  འཇིག་རྟེན་ལྟ་ཚུལ་ལ་གཏན་ནས་ཁས་མི་ལེན་ཏེ། རང་ངོས་ནས་གྲུབ་པའི་མིའི་  རིགས་ཀྱིས་ཅིའི་ཕྱིར་རང་བྱུང་ཁམས་ལ་རེ་བ་གདོན་དགོས་པ་ཡིན་ནམ་ཞེས་སྨྲ་  བའོ༎

ལུགས་འདིས་ཕྱིའི་འདོད་ཡོན་ལ་ཞེན་པ་བཀག་ནས་རང་སྐྱ་བར་ཡོད་པའི་བདག་ འཆིང་བ་ལས་གྲོལ་བ་ནི་ཐར་བ་མཐར་ཐུག་ཏུ་འདོད་ཅིང་། གྲུབ་མཐའི་གཙོ་བོ་ནི་ གྲངས་ཅན་པ་དང་གཅེར་བུ་བ་དག་ཡིན་ནོ༎

གཉིས་པ་ནང་བསྟན་གྱིས་མི་ཚེའི་ལྟ་ཚུལ་ལ་ཐེག་པ་ཆེ་ཆུང་གཉིས་ལས་།དང་བོ་ ཐེག་དམན་གྱི་མི་ཚེ་ལྟ་ཚུལ་ནི། གྲངས་ཅན་པ་སོགས་ཀྱི་ཞན་ཆ་ཐེར་འདོན་བྱས་པ་ལས་བྱུང་ཞིང་། དཔེར་ན་དེ་དག་གིས་བརྗོད་པའི་ཐར་བ་ནི་མཐར་ཐུག་གི་ཐར་བ་ མ་ཡིན་ཏེ། ད་དུང་བདག་ཤེས་རིག་གི་སྐྱེས་བུ་སྔར་བཞིན་བདག་ཏུ་འཛིན་པའི་འདུ་ཤེས་ཡོད་ན་སྐྱེ་བ་འབྱུང་ལ། བདག་གི་འདོད་མོས་དབང་གིས་ཡང་བསྐྱར་མི་ཡུལ་གྱི་སྣང་ཚུལ་བསྐྱེད་པས་མཐར་ཐུག་གི་ཐར་བ་ཡིན་པར་བརྗོད་མི་ནུས་པ་རེད། ཐེག་ དམན་གྱི་དགོངས་གཞི་ལ་མཐར་ཐུག་གི་ཐར་བ་འཐོབ་པ་ལ་རང་སྐྱ་བའི་བདག་  ཡོད་པ་བཀག་ནས་དོན་དམ་གྱི་བྱེད་ལས་ལས་གཞན་པའི་བདག་ཞིག་ཡོད་པའི་སྒྲུབ་བྱེད་ཀྱི་གཏན་ཚིགས་བྲལ་ཞིང་། ལོངས་སྤྱོད་པ་བོའི་བདག་མེད་པས་འདོད་ཡོན་ལ་ཆགས་ཞེན་མེད་པ་དེ་ནི་དོན་དམ་གྱི་ཐར་བ་ཞེས་བརྗོད་ཆོག འདི་ནི་ཐེག་དམན་ གྱི་བདག་མེད་པའི་ཐར་བའི་མི་ཚེའི་ལྟ་ཚུལ་ཡིན་ནོ༎

འདིར་གླེང་གཞི་གཙོ་བོ་ནི་གོང་གི་བཤད་ཚུལ་དེ་དག་མ་ཡིན་པར་ཐེག་ཆེན་གྱི་མི་ཚེ་ལྟ་ཚུལ་ཡིན་ལ། དེ་ཡང་འཇིག་རྟེན་ལྟ་ཚུལ་ལས་བྱུང་ཞིང་།

སྤྱིར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་གྲུབ་པ་སྟེ།    འདས་པའི་ཆོས་ཀྱིས་ད་ལྟའི་ཆོས་ཀྱི་རྒྱུ་བྱེད་ལ། ད་ལྟའི་ཆོས་ཀྱིས་མ་འོངས་པའི་ཆོས་ཀྱི་རྒྱུ་བྱེད་པས། ཡར་དེད་ན་ཐོག་མ་མེད་དང་མར་དེད་ན་མཐའ་མ་མེད་པས་ཐོག་ མཐའ་བྲལ་བ་རེད། ཆོས་གཅིག་སྐྱེས་པ་ལའང་རྒྱུ་གཅིག་ཁོ་ནས་བསྐྱེད་པ་མ་ཡིན་ པར་དངོས་གནས་ཆོས་ཐམས་ཅད་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ༎ གཅིག་ནི་ཐམས་ཅད་དང་། ཐམས་ཅད་ནི་གཅིག་ ཡིན་པར་བརྗོད་པས་མཐའ་དབུས་བྲལ་བ་རེད། སྐད་ཅིག་མ་གཅིག་དང་རྡུལ་ཕྲན་གཅིག་གནས་པ་ཡང་དོན་དམ་པར་ཐོག་མཐའ་དང་མཐའ་དབུས་བྲལ་བ་ཡིན་པས། སྤྱིར་དངོས་པོ་གང་ཞིག་ཡིན་ཡང་ཚོགས་པའི་རྒྱུན་གྱི་བྱེད་པ་ལ་བཏགས་པ་ཙམ་  ཡིན། བུ་ལ་བལྟོས་ཏེ་ཕ་དང་ཕ་ལ་བལྟོས་ནས་བུ་འཇོག་དགོས་པས། ཕའི་ཕ་ལ་ཐོག་མ་དང་བུའི་བུ་ལ་ཟད་པ་མེད་པས་ཐོག་མཐའ་མ་མཆིས་སོ༎

མི་ཞིག་གི་གྲུབ་ཆའི་ཁྲོད་དུ་དངོས་ལུགས། སྐྱེ་ལུགས། སེམས་ཁམས་ཀྱི་ཚོགས་པ་ལ་ བལྟས་ནས་གྲུབ་པ་དང་། ད་དུང་ཁྲག་རྒྱུན་གྱི་རྒྱུད་འཛིན་པ། འཚོ་བའི་གོམས་སྲོལ། སློབ་གསོས་བསྐྱེད་བསྲིང་སོགས་ལ་བརྟེན་དགོས་པ་བཞིན། མི་ཞིག་གི་དབང་དུ་  བྱས་ན་མི་གཅིག་མེད་ན་མིའི་རིགས་མེད་པ་དང་། འཇིག་རྟེན་ཁམས་ཀྱི་དབུགས་ འབྱུང་རྔུབ་ཐམས་ཅད་མི་གཅིག་ལ་འབྲེལ་བ་ཡོད་པ་ལྟར། མི་རེ་རེ་ལའང་དེ་བཞིན་ཡིན། སུ་ཞིག་གཙོ་བོ་ཡིན་པ་དང་སུ་ཞིག་ཕལ་བ་ཡིན་པར་བརྗོད་མི་ནུས་ལ། དཔེར་ན་གཅིག་ནི་ཐམས་ཅད་དང་ཐམས་ཅད་གཅིག་ཏུ་འདུས་པས་དེ་ནི་ཐོག་མཐའ་དང་མཐའ་དབུས་བྲལ་བའི་དོན་ཡང་ཡིན་ནོ༎ཐོག་མའི་འཇིག་རྟེན་ནི་རང་ཉིད་ཀྱིས་ བསྐྲུན་པ་དང་། མཐའ་མའི་འཇིག་རྟེན་ནི་རང་ཉིད་ཀྱི་དམིགས་ཡུལ་ཡིན་པས། ཐོག་མཐའ་མེད་པའི་འཇིག་རྟེན་ནས་མཐའ་དབུས་བྲལ་བའི་མི་ཚེ་ལ་བལྟས་ན། རང་ དབང་བག་ཕེབས་དང་འདྲ་མཉམ་རྫོགས་ལྡན་གྱི་འཇིག་རྟེན་མི་ཚེ་ཞིག་མ་ཡིན་ནམ།

གོང་གི་བརྗོད་དོན་ཚན་པ་དེར་བཤད་པའི་ལྟ་ཚུལ་ལྟར་མི་ཚུལ་ལྡན་ཞིག་བྱེད་པ་ ཡིན་ན། དེ་ནི་འདིར་མི་རང་ཉིད་ཀྱིས་ཐོག་མཐའ་བྲལ་བའི་བརྗོད་དོན་རྟོགས་པ་ རེད། དུས་མཚུངས་སུ་ད་ལྟའི་འཇིག་རྟེན་གྱི་ལེགས་ཉེས་ནི་འདས་པའི་དུས་ནས་ བརྒྱུད་ཅིང་། ད་ལྟར་བསགས་པའི་ལས་ཀྱི་འབྲས་བུ་མ་འོངས་པར་འབྱིན་པ་རེད།   མི་གཅིག་གི་འགུལ་སྤྱོད་ཀྱིས་མི་གཞན་པའི་ཁོར་ཡུག་ལ་འགྱུར་བ་ཐེབས་པ་མ་ཟད། མི་གཞན་གྱི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བར་བརྟེན། མི་རང་ཉིད་ཀྱིས་སྤྱོད་ལམ་ལ་ལྷག་པར་ལྟ་རྟོགས་དང་ཡིད་གཟབ་བྱེད་དགོས་སོ༎

གལ་ཏེ་མིའི་རིགས་ཀྱིས་ཐེག་ཆེན་གྱི་མི་ཚེ་ལྟ་ཚུལ་ལྟར་ལག་ལེན་དུ་བྱེད་ནུས་པ་ཡིན་ན། དེ་ནི་འཛམ་གླིང་སྤྱི་སྙོམས་དང་སྤྱི་ཚོགས་འདྲ་མཉམ། ནང་བའི་ཆོས་ལུགས་སུ་ གསུངས་པའི་བདག་ཏུ་མ་གྲུབ་པའི་ལྟ་བའི་གནས་ལུགས་རྟོགས་པ་རེད།

སྤྱིར་འཛམ་གླིང་གི་དམག་འཁྲུག་ཡོད་ཚད་མི་སྒེར་གྱི་ནོར་འཁྲུལ་གྱི་ལྟ་སྟངས་རྟོག་ བཏགས་ཀྱི་བདག་ལ་བརྟེན་ནས་བྱུང་བ་སྟེ། ཕུང་བོ་ལ་བདག་ཏུ་ཞེན་པའི་དབང་ གིས་བདག་མེད་པའི་ལྟ་བ་ཡལ་བར་བོར་ནས་ཁས་མི་ལེན་པ་ནི། མིའི་རིགས་ཀྱི་  གཡུལ་འཁྲུག་གི་རྒྱུ་རྐྱེན་ཉིད་ཡིན་ནོ༎རྒྱུ་རྐྱེན་ལས་གྲུབ་ཅིང་བདག་མེད་པའི་མི་ཚེ་ བདེན་པ་མཐོང་བ་ན། མི་ཐམས་ཅད་རང་ཉིད་དང་འབྲེལ་བ་མེད་པ་མི་སྲིད་ཅིང་། མི་ཐམས་ཅད་ཀྱང་རང་ཉིད་འབྲེལ་བ་མེད་པ་མིན་པས། རང་ཉིད་གཅིག་བུའི་བྱ་ སྤྱོད་ཀྱིས་མི་ཐམས་ཅད་ལ་ཤུགས་རྐྱེན་འབྱུང་དང་།རང་ཉིད་གཅིག་བུ་ཡང་མི་   ཐམས་ཅད་ལ་འབྲེལ་བ་ཡིན་པས་གཅིག་ནི་ཐམས་ཅད་དང་ཐམས་ཅད་ནི་གཅིག་ ཅེས་ཟེར་བ་རེད། མི་རང་ཉིད་ཀྱི་བྱ་སྤྱོད་ཡོད་ཚད་གཞན་ཕན་གྱི་དོན་དུ་བསམ་  དགོས་ཏེ། གཞན་དོན་སྒྲུབ་པ་ནི་རང་དོན་སྒྲུབ་བ་ཡིན། དུས་རྣམ་ཀུན་ཏུ་གཞན་ལ་གནོད་པའི་བསམ་སྦྱོར་སྤང་དགོས་ཏེ།གཞན་ལ་གནོད་པ་བྱེད་པ་ནི་རང་ལ་གནོད་ པ་བྱེད་པ་ཡིན། དེའི་ཕྱིར་རང་ཉིད་ཀྱི་ལུས་ངག་གི་བྱ་སྤྱོད་ལ་བརྟེན་ནས་གཞན་ལ་ གནོད་མི་བསྐྱེལ་བར་ཕན་བདེ་བསྐྲུན་པའི་དགེ་བའི་སྤྱོད་ལམ་ཚད་ལྡན་ཞིག་དགོས་པར་འདོད་པ་འདི་ཐེག་ཆེན་གྱི་མི་ཚེ་ལྟ་ཚུལ་ཡིན།

གོང་དུ་བརྗོད་པའི་མི་ཚེའི་ལྟ་ཚུལ་སྣ་ཚོགས་དེ་དག་ནི། འཛམ་གླིང་གི་གནའ་དེང་ཤར་ནུབ་ཀྱི་ལྟ་བ་རགས་ཙམ་བརྗོད་པ་ཡིན་པས། གང་གིས་རྗེས་སུ་འབྲངས་ མིན་དེ་སྐྱེས་བུ་རང་ཉིད་ཀྱི་གདམ་ག་ཡིན་ནོ༎

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།