རྒྱལ་བོ་ཤུ་དོ་ལ་གར་ནི་ཉ་རུ་སྐྱེས་ཏེ་འབངས་རྣམས་བསྐྱབས་པའི་གཏམ་རྒྱུད།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-28 16:38:30     རྩོམ་པ་པོ།   གྱི་ལིང་འཇིགས་མེད།    ཀློག་ཐེངས།  

   

175472537615510321.jpg

      

          ཉིན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ་བཞུགས་ཙ་ན་ཀུན་དགའ་བོ་ཡོང་སྟེ་སངས་རྒྱས་ཀྱི་མདུན་དུ་པུས་བཙུགས་ནས། ཀཽཎྜི་ནྱ་སོགས་ལྔ་སྡེ་འདི་ཡིས་སྐྱེ་བ་སྔ་མ་རྣམས་སུ་བསོད་ནམས་ཅི་ཞིག་བསགས་པས་ད་གཟོད་སངས་རྒྱས་ཀྱིས་དང་བོར་འདི་དག་ལ་བདེན་པ་བསྟན་ཏམ་ཞེས་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།།སྔོན་འདས་པའི་ཚེ་ང་ནི་ཉ་ཆེན་པོ་ཞིག་ཏུ་སྤྲུལ་ཏེ་སྐྱེ་བོ་རྣམས་སྡུག་བསྔལ་ལས་བསྐྱབས་པ་ཡིན་ལ། དེའི་ཚེ་ན་ཀཽཎྜི་ནྱ་སོགས་ལྔ་སྡེ་འདིས་ཆེས་ཐོག་མར་ངའི་ལུས་ཀྱི་ཤ་ཟོས་ཤིང་དེ་ནས་སླར་གཞན་རྣམས་ཀྱང་ངའི་ལུས་ཀྱི་ཤ་ལེན་དུ་བོས་ཏེ་སྐད་བཏང་བས་ངས་ལུས་ཀྱི་ཤ་ཡིས་སྐྱེ་བོ་རྣམས་བསྐྱབས་སོ།།རྒྱུ་དེ་དང་རྐྱེན་དེའི་དབང་གིས་བདག་གིས་ཐོག་མར་ལྔ་སྡེ་འདི་ཉིད་གྲོལ་བ་ཡིན་ནོ་ཞེས་གསུངས་སོ།།
         དེ་ནི་འདི་ལྟ་སྟེ། སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ཞིག་ན་འཛམ་བུ་གླིང་གི་རྒྱལ་བོའི་མིང་ལ་ཤུ་དོ་ལ་གར་ནི་ཟེར་ཞིང་། དེ་ནི་རྒྱལ་ཁབ་སྐྱོང་བའི་ཐབས་ལ་མཁས་ཤིང་བྱམས་བརྩེ་དང་བློ་ཁོག་ཡངས་པས་འབངས་རྣམས་ཀུན་གྱིས་བཀུར་ལ། རྒྱལ་ཁབ་ཀྱི་སྐྱེ་བོ་མཐོ་དམན་སུ་ཡང་ཟས་གོས་ཕུན་སུམ་ཚོགས་པ་དང་ལྡན་པས་ཐམས་ཅད་བདེ་དགའི་དཔལ་ལ་ལོངས་སྤྱོད་ཅིང་མཆིས། 
         ལོ་ཞིག་གི་མཚན་མོ་ཞིག་ལ་བར་སྣང་ལ་སྐར་མ་ལྟ་བུའི་མེ་ཟླུམ་ཞིག་ཤར་ཞིང་གནམ་གཤིས་གློ་བུར་དུ་ཇེ་འཁྱག་ཏུ་གྱུར། ས་གཞི་ཐམས་ཅད་ཉིན་དཀར་བཞིན་སྣང་བས་ཁྱབ་པས་ཚང་མས་འདི་ནི་ཡ་མཚན་ཞིག་རེད་ཅེས་གླེང་མོལ་སྣ་ཚོགས་བྱས།  རྒྱལ་བོ་ཤུ་དོ་ལ་གར་ནི་ལགས་ཀྱིས་བྲེལ་སྟབས་ངང་རྒྱལ་ཁབ་དེར་མཚན་སྙན་ཆེ་བའི་གནམ་རིག་མཁས་པ་ཞིག་གདན་དྲངས་ཏེ་བརྟག་པ་ཞུས་པར། སློབ་དཔོན་དེས་བརྟག་རྗེས་ན་རེ། མེ་ཟླུམ་འདི་ནི་གནོད་སྐར་ཞིག་སྟེ། ལོ་བཅུ་གཉིས་ཀྱི་རིང་ལ་ཆར་འབབ་རྒྱུ་མ་ཡིན་པའི་རྟགས་རེད། དེ་ལྟར་གྱུར་ན་ཞིང་རྣམས་བསྐམ་ཞིང་འབྲུ་རིགས་འདེབས་ཐབས་བྲལ། འདབ་ཆགས་རི་དྭགས་ཀུན་ཀྱང་གནས་ཐབས་དཀའ་བས་རྒྱལ་ཁབ་ལ་ཆག་འཇིག་ཡོང་ངེས་སོ་ཞེས་གསུངས། 
         གཏམ་དེ་ཐོས་འཕྲལ་རྒྱལ་བོའང་རབ་ཏུ་སྐྱོ་སྟེ་དངན་པ་མང་དུ་འཐེན་ལ། བློན་པོ་རྣམས་ཀྱང་ཕན་ཚུན་གདོང་ལ་ལྟ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར། མཐར་ཐམས་ཅད་ཀྱིས་གྲོས་བྱས་ཏེ་རྒྱལ་ཁབ་དང་མི་སེར་གྱི་བང་མཛོད་དང་སྣོད་ཐམས་ཅད་ཞིབ་བཤེར་གྱིས་འབྲུ་རིགས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་ཟ་ཚད་འཐུང་ཚད་གཅིག་གྱུར་གྱིས་གཏན་འཁེལ་བྱས་པས་ལོ་འགར་རྒྱུན་འཁྱོངས་མོད། ལོ་འགའི་རྗེས་སུ་རིམ་གྱིས་འབྲུ་རིགས་དང་གཞན་ལྟོགས་སྐོམ་སེལ་བའི་དངོས་པོ་ཡོད་དོ་ཅོག་ཟད་དེ་མི་རྣམས་ཀྱི་ལུས་སྟོབས་ཀྱང་རིམ་བཞིན་ཉམས་པར་གྱུར་ཏེ་སྲང་ལམ་དག་ཏུ་མུ་གེར་ཤི་བའི་མི་དང་། མྱ་ངན་དང་སྨྲེ་ངག་འདོན་པའི་སྒྲ་རྟག་ཏུ་ཐོས་པར་གྱུར་པས། མི་རྣམས་སེམས་མི་སྐྱིད་ཅིང་རྒྱལ་བོའང་བཞུགས་མི་བདེ་བར་གྱུར། 
         རྒྱལ་བོས་སྔོན་གྱི་དུས་སུ་ཕྱོགས་གང་སར་མེ་ཏོག་བཞད་ཅིང་འདབ་ཆགས་སྣ་ཚོགས་ཀྱིས་སྐད་སྙན་འབྱིན་པ། རྒྱལ་འབངས་དར་ཞིང་མི་རྣམས་གདོང་ལ་འཛུམ་གྱིས་ཁེངས་པའི་རྣམ་པ་དྲན་ཞིང་། ད་ནི་རྒྱལ་ཁམས་གང་སར་བེམ་པོས་ཁྱབ་ཅིང་མི་རྣམས་གདོང་ན་གསོན་པའི་རེ་ཐག་ཆད་པ་མཐོང་བས་རྒྱལ་བོ་ཤི་དོ་ལ་གར་ནི་ལགས་ཀྱིས་ཇི་ལྟར་དཀའ་སྡུག་དེ་ལས་ཐར་བར་འགྱུར་སྙམ་དུ་དོན་དེ་ཁོ་ནར་ཐུགས་བསམ་བཞེས་པས། ཉིན་ཞིག་གློ་བུར་དུ་བསམ་གྱིས་མི་ཁྱབ་པའི་འགན་འཁྲི་ལྗིད་མོ་དེས་རྐྱེན་བྱས་ཏེ་ཁོང་གིས་ཤར་ལྷོ་ནུབ་བྱང་སོགས་ཕྱོགས་བཞིར་ཕྱག་འཚལ་ཞིང་ཞལ་ནས། གནམ་གྱིས་གློ་བུར་དུ་ངོ་མཚར་བའི་ཟིལ་ཤུགས་བསྟན་ཏེ་རྒྱལ་འབངས་ཐམས་ཅད་འཚོ་དཀའ་བར་གྱུར་ཅིང་རྒྱལ་ཁབ་ཆག་འཇིག་གི་གནས་སུ་ལྷུང་། རྒྱལ་ཁབ་དང་འབངས་མི་སེར་གྱི་དོན་དུ་ངེད་རང་ཉ་ཆེན་པོ་ཞིག་ཏུ་གྱུར་ཏེ་ལུས་ཀྱི་ཤ་ཡིས་མི་རྣམས་བཀྲེས་སྐོམ་གྱི་གདུང་བ་ལས་བསྐྱབས་ཏེ་རྒྱལ་ཁམས་བདེ་ལ་འགོད་པར་འདོད་དོ་ཞེས་གསུངས་ཤིང་སེམས་བསྐྱེད། 
         རྒྱལ་བོས་དེ་ལྟར་སེམས་བསྐྱེད་རྗེས་ཕོ་བྲང་ནས་སྒོར་བུད་དེ་གནམ་ལ་ཟུག་པའི་སྡོང་བོ་ཆེན་པོ་ཞིག་ཏུ་འགོས་ཤིང་རྩེ་ནས་ལྷུང་སྟེ་ཚེ་ལས་འདས། རྒྱལ་བོ་དེ་ཉིད་དུ་ཚེ་ལས་འདས་རྗེས་རྒྱ་མཚོ་ཆེན་པོའི་ནང་གི་ཉ་ཆེན་པོ་ཞིག་ཏུ་སྐྱེས་ཤིང་རྒྱ་མཚོའི་འགྲམ་དུ་བརྐྱལ་ནས་ཡོང་ཞིང་དེར་གདོང་གི་གསོན་མདངས་ཉམས་ལག་གི་སྟ་རེའང་སྒུལ་མི་ནུས་པའི་ཤིང་བཟོ་ལྔ་ཡིས་སྡོང་བོ་གཅོད་པ་མཐོང་བས། ཉ་དེས་ཤིང་བཟོ་རྣམས་ལ་བོས་ཏེ། ཁྱོད་ཚོས་བདག་གི་ལུས་ཀྱི་ཤ་ཟོ་ཞིག  ཁྱོད་ཚོ་འགྲངས་རྗེས་མྱུར་དུ་སྐྱེ་བོའི་ཚོགས་མང་བོ་རྣམས་བོས་ཏེ་བརྡ་བྱོས་ཤིག་ཅེས་གསུངས་པས། ཤིང་བཟོ་རྣམས་རབ་ཏུ་དགའ་སྟེ་ཉ་དེའི་ལུས་ནས་ཤ་དུམ་བུར་བཅད་ཅིང་ཤིང་སྐམ་པོ་ལ་མེ་བཏང་ཞིང་བསྲེགས་ནས་ཟོས་ཏེ་འགྲངས་མ་ཐག་གྲོང་ཁྱེར་ནང་དུ་སོང་སྟེ་མི་རྣམས་ལ་རྒྱ་མཚོའི་འགྲམ་དུ་ཉ་ཆེན་པོ་ཞིག་གིས་ཚང་མ་ཟ་རུ་ཡོང་བར་སྒུག་འདུག་ཅེས་བརྡ་བྱས་པས། མི་རྣམས་ཐམས་ཅད་དེར་འདུས་རྒྱུགས་ཏེ་ཉ་ཡི་ལུས་ཀྱི་ཤ་བཅད་ནས་ཟོས། ཉ་དེའི་གཞོགས་གཡས་པ་ནས་ཤ་བཅད་ཚར་ན་གཡོན་པ་ནས་བཅད་ཅིང་དེའི་ཚེ་གཡས་ཀྱི་ཤ་རྣམས་སླར་གསོས་པར་གྱུར། དེ་ནས་གཞོགས་གཡོན་གྱི་ཤ་ཚར་བ་ན་གཡས་ཀྱི་ཤ་བཅད་པས་སླར་ཡང་གཡོན་གྱི་ཤ་གསོས་པར་གྱུར། 
         ཉ་ཆེན་པོ་དེ་ནི་རྒྱ་མཚོའི་གྲམ་པ་དེར་འགུལ་ཙམ་ཡང་མི་བྱེད་པར་མི་རྣམས་ལ་ཤ་ལེན་དུ་འཇུག་ཅིང་། དེ་ལྟར་མི་རྣམས་ཀྱིས་རིས་སུ་འཁོར་ཏེ་ཤ་བཅད་པས་མུ་གེའི་ལོ་གེགས་ངན་པ་ལས་ཐར་བར་གྱུར་ཏེ་མཐར་ཆར་ཆུ་དུས་སུ་འབབ་པའི་དུས་བཟང་མངོན་དུ་ཚེས་པར་གྱུར་ཏེ་རྒྱལ་ཁབ་ཀྱི་སྟོབས་འབྱོར་དཔལ་གྱིས་ཕྱུག་པའི་རྣམ་པ་དེ་སླར་ཡང་རྒྱས་པར་གྱུར། འོན་ཀྱང་སྔར་རྒྱལ་ཁབ་དཀའ་སྡུག་ལས་བསྐྱབས་པའི་ཉ་ཆེན་པོ་དེ་གང་དུ་སོང་བ་མི་གཅིག་གིས་ཀྱང་མ་ཤེས་སོ།།
        ༼འདི་ནི་ཏུན་ཧོང་གི་ལྡེབས་རིས་ཀྱི་གཏམ་རྒྱུད་ལས་འཁོལ་དུ་ཕྱུངས་པ་ཡིན་ལ། སྔར་འགོས་ཆོས་གྲུབ་ཀྱིས་བསྒྱུར་པའི་མཛངས་བླུན་གྱི་བམ་པོ་བདུན་པ་རུའང་ལེའུ་འདི་བཞིན་འབྱུང་མོད། ཡང་མི་འདྲ་སའང་མང་ཙམ་འདུག་པས་ཆེད་དུ་སྤེལ་བའོ།།༽
2016/5/22ཉིན་གུང་གླིང་སྟོད་ནས་ཐད་བསྒྱུར་ཞུས།

                                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི

གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།