གཏམ་རྒྱུད་འདི་ཉན་རྗེས་ཁྱོད་བསམ་ཚུལ་ཅི་ཞིག་ཡོད་དམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-20 20:46:43     རྩོམ་པ་པོ།   གྱི་ལིང་འཇིགས་མེད་ཀྱིས་བསྒྱུར།    ཀློག་ཐེངས།  

                       

513.JPG

                     གཏམ་རྒྱུད་འདི་ཉན་རྗེས་ཁྱོད་བསམ་ཚུལ་ཅི་ཞིག་ཡོད་དམ། 

                                                                                            བཛྲ་ཚུལ་ཁྲིམས་རྒྱ་མཚོས་བརྩམས།

སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་མཚན་སྙན་གྲགས་ཅན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་ཡོད་པ་ཁོང་གི་མཚན་ལ་གུང་ཐང་བློ་གྲོས་ཞེས་འབོད། ཁོང་ལ་ན་ཚོད་ཆུང་ཞིང་སྤྱང་གྲུང་ལྡན་པའི་དགེ་ཕྲུག་ཅིག་ཡོད་པ་དེའི་མིང་ལ་གྲགས་པ་མཐའ་ཡས་ཟེར།

དགེ་ཕྲུག་དེར་ཁྱིམ་ན་ཕུ་བོ་ཞིག་ཡོད་པ་དེ་སྟབས་མ་ལེགས་པར་དགྲ་བོས་བསད་པས། དགེ་ཕྲུག་དེ་ནི་རབ་ཏུ་བྱུང་བ་ཞིག་ཡིན་ནའང་རྩ་ཉོན་དྲུག་རྒྱུད་ལྡན་གྱི་སོ་སྐྱེས་ཡིན་པས་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་ཤིང་མཐར་ཞེ་སྡང་དྲག་པོ་སྐྱེས་ཏེ་བཟོད་མ་ཐུབ་པར་དགྲ་ཤ་ལེན་རྒྱུའི་སེམས་ཐག་བཅད་དེ་ཁོང་ཨ་ཁུ་གུང་ཐང་བློ་གྲོས་ཚང་ལ་རྒྱུ་མཚན་རྣམས་ཞིབ་པར་ཞུས་ཤིང་རང་ཉིད་སྐྱ་སར་འབབ་ཆོག་པའི་དགོངས་ལན་ཞུས།

བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ཨ་ཁུ་རིན་པོ་ཆེས་དེ་ལ་ངོ་རྒོལ་མི་གནང་བར་མ་ཟད་ད་དུང་ཁོའི་བསམ་ཚུལ་ལ་བསྔགས་བརྗོད་གནང་། འོན་ཀྱང་ཁོང་གིས་དགེ་ཕྲུག་དེ་ལ་ཁྱོད་རང་སྐྱ་སར་བབ་ནས་དགྲ་ཤ་ལེན་འདོད་ན་ཐོག་མར་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དེ་བློ་ལ་བྱང་བར་བཟུང་རྗེས་ང་ལ་རྒྱུགས་སྤྲོད་དགོས། དེ་ནས་སྐྱ་སར་འབབ་ཆོག་པར་མ་ཟད་རང་གི་ཕུ་བོ་ལ་དགྲ་ཤ་ཡང་ལེན་ཆོག་ཅེས་དགོངས་པ་གནང་།

དགེ་ཕྲུག་དེ་ལམ་རིམ་བློར་འཛིན་པར་མི་འཐད་མོད། འོན་ཀྱང་བླ་མའི་གསུང་ཡིན་པས་བཀའ་བཅག་མི་རུང་སྙམ་དུ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་རྫོགས་པར་བློར་བཟུང་།

ཁོས་ལམ་རིམ་ལས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྫོགས་པར་བཟུང་ཚར་དུས་རྟོགས་པ་སད་ཅིང་སྐྱ་སར་འབབ་མི་འདོད་པར་མ་ཟད། སྔར་བས་ལྷག་པར་དཀའ་སྤྱད་འབད་བརྩོན་གྱིས་མདོ་སྔགས་ཐམས་ཅད་ལ་དཔྱིས་ཕྱིན་བསླབས་པས་མཐར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་མོ་ཞིག་ཏུ་གྱུར་པར་མ་ཟད། དབལ་མང་རིན་པོ་ཆེའི་ཡོངས་འཛིན་དུ་གྱུར་པ་རེད།

གཏམ་རྒྱུད་འདི་ལ་ཉན་རྗེས་ང་ཚོས་རང་ཉིད་ལ་འདི་ལྟར་འདྲི་འོས་ཏེ། ཅིའི་ཕྱིར་ཁོང་གིས་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཙམ་བཟུང་བས་ཀྱང་སེམས་ཀྱི་ཞེ་འཁོན་དྲག་པོ་ཞི་བར་འགྱུར་མོད། འོན་ཀྱང་ང་ཚོས་ལམ་རིམ་ཆེན་མོ་ཆ་ཚང་བར་མཇལ་ན་ཡང་ད་དུང་འདོད་ཆགས་ཞེ་སྡང་གཏི་མུག་བཅས་དུག་གསུམ་སྔར་བཞིན་གནས་བ་ཡིན་ནམ། འདི་ལ་ངེས་པར་ནན་གྱིས་བསམ་དགོས་ཏེ། ང་ཚོའི་ཐོས་བསམ་སྒོམ་གསུམ་གྱིས་རང་སེམས་ཀྱི་ཉོན་མོངས་འདུལ་བར་མི་ནུས་པ་ནི་དམ་པའི་ཆོས་ལ་བྱིན་རླབས་མེད་པས་རེད་དམ་ཡང་ན་རང་གིས་མ་འཇོན་པ་རེད། 

2016ལོའི་ཟླ་4ཚེས་17ཉིན་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ།

2016-4-18ཉིན་གྱི་ལིང་འཇིགས་མེད་ཀྱིས་རྭ་རྒྱ་ནས་བོད་ཡིག་ཏུ་བསྒྱར།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།            གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།