སྤྲེའུས་ཟླ་བ་བསྐྱབས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-09 14:24:47     རྩོམ་པ་པོ།   གྱི་ལིང་འཇིགས་མེད་ཀྱིས་བསྒྱུར།    ཀློག་ཐེངས།  

      གནའ་སྔ་མོའི་དུས་སུ་ལྷིང་ཞིང་འཇགས་པའི་ནགས་ཚལ་ཞིག་ཏུ་སྤྲེའུ་ཁྱུ་ཞིག་འཚོ་ཞིང་གནས། སྤྲེའུ་རྣམས་ཕྱོགས་ཀུན་ཏུ་རྩེད་འཇོར་རོལ་ཅིང་འཁྱར་བ་ན་རིམ་གྱིས་ཁྲོམ་པ་ཞིག་གི་འཁྲིས་སུ་སླེབས། ཁོ་ཚོས་ཁྲོམ་པའི་ནང་དུ་བལྟས་པ་ན་ནང་དུ་ཟླ་བའི་གཟུགས་བརྙན་ཡོད་པ་མཐོང་། དེ་མཐོང་རྗེས་ཁོ་ཚོས་རྒྱལ་བོ་ལ། རྒྱལ་བོ་ཆེན་པོ་ལགས། ཟླ་བ་ཁྲོམ་པའི་ནང་དུ་ལྷུང་བ་མཁྱེན་ཏམ། རང་རེ་རྣམས་ཀྱིས་དེ་རིང་ཟླ་བ་བསྐྱབས་ཏེ་སྔར་གྱི་གནས་སུ་སྐྱེལ་བར་འོས་སོ་ཞེས་ཞུས་པ་ན་སྤྲེའུ་གཞན་རྣམས་ཀྱིས་ཀྱང་དེ་ཤིན་ཏུ་ལེགས་སོ་ཞེས་ཞུས་ཤིང་། ཟླ་བ་ཁྲོམ་པ་ལས་འདོན་པའི་ཐབས་ཅི་ཞིག་མཆིས་སམ་ཞེས་ཕན་ཚུན་གྲོས་བསྡུར་བྱས། དེ་ལས་སྤྲེའུ་གཅིག་ན་རེ། ཐབས་གཞན་ཅི་ཡང་མི་དགོས་ཏེ། ང་ཚོས་ཕན་ཚུན་ལག་པ་སྦྲེལ་ཏེ་དཔྱང་ན་ཟླ་བ་ལེན་པར་ནུས་སོ་ཞེས་སྨྲས་སོ།།

དེ་འཕྲལ་སྤྲེའུ་གཅིག་ཁྲོམ་པའི་འགྲམ་གྱི་སྡོང་མགོར་འགོས་ཤིང་། སྤྲེའུ་གཞན་རྣམས་གཅིག་འཕྲོར་གཅིག་མཐུད་དེ་ལག་པ་སྦྲེལ་ནས་ཕན་ཚུན་དམ་པོར་བསྡམས་བཞིན་དཔྱང་བ་ན་སྤྲེའུ་མང་བས་སྡོང་བོའི་ཡལ་ག་ཡང་ཐུར་དུ་གུག་པར་གྱུར། ཆེས་ཞབས་ན་ཡོད་པའི་སྤྲེའུ་དེ་ཆུ་ལ་ཉེ་བ་ན་ལག་པ་ཆུ་ལ་བསྙབས་ཏེ་ཟླ་བ་ལེན་པར་བརྩམས། འོན་ཀྱང་ཆུ་དཀྲུགས་པས་ཟླ་བ་ཡང་མི་མཐོང་བར་གྱུར་ལ། སྡོང་བོའི་ཡལ་ག་ཡང་ཆད་པས་སྤྲེའུ་རྣམས་ཆུ་ལ་ལྷུང་སྟེ་ཤིའོ།།
        སྐབས་དེར་ལྷ་རྣམས་ཀྱིས་འདི་ལྟར་སྨྲས་སོ།།

གླེན་ཞིང་རྨོངས་པའི་སྤྲེའུ་རྣམས།།

ལམ་སྟོན་བླུན་པོའི་གཏམ་ཉན་པས།།

ཟླ་བ་སྐྱོབ་ཕྱིར་ཁྲོམ་པ་ཡི།། 

ཆུ་ལ་བྱིངས་ནས་སྲོག་ཀྱང་ཤོར།།
(གཏམ་རྒྱུད་འདི་ལྟ་བུ་ཞིག་སྔར་བྱིས་པའི་དུས་སུའང་སློབ་ཆུང་གི་སློབ་དེབ་ལས་མཐོང་མྱོང་མོད། འོན་ཀྱང་དེ་དུས་གཏམ་རྒྱུད་འདི་མདོ་ལས་བྱུང་བའི་གཏམ་རྒྱུད་ཅིག་ཡིན་པ་ག་ལ་ཤེས། ད་དུང་གཏམ་རྒྱུད་ཀྱི་མཇུག་འབྲས་ཀྱང་འདི་དང་ཅུང་མི་འདྲ་བར་བསྒྱུར་འདུག དེ་རིང་རྒྱ་ཡིག་གི་མདོ་ལས་བྱུང་བའི་གཏམ་རྒྱུད་ཅིག་ལས་འདི་མཐོང་བས་འཕྲལ་དུ་བསྒྱུར་ཏེ་ཚང་མར་གཟིགས་སུ་ཕུལ་བ་ལགས།)   《མདོའི་གཏམ་རྒྱུད།》ཅེས་པ་ལས་བཏུས། 

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།