ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ་གསུམ་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-30 20:42:46     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

403773714203453249.jpg

དེ་ནས་ཞང་སྟོན་དར་མ་རྒྱལ་མཚན་གྱིས་དབེན་གནས་དུ་མར་ཐུགས་ཉམས་སུ་བཞེས་ཤིང་རྟོགས་པ་མཆོག་བརྙེས་པ་ན་སྟབས་ཀ་བ་བྱང་ཆུབ་བཟང་པོ་རྗེས་སུ་བཟུང༌། བྱང་ཆུབ་བཟང་པོས་ཀྱང་ཞང་སྟོན་དར་མ་རྒྱལ་མཚན་ལ་སྙིང་གི་ཐིག་ལེའི་གདམས་པ་འདི་གསུང་བར་གསོལ་བ་བཏབ་པ་ན་ཞལ་གྱིས་བཞེས་ཏེ་མཆོད་རྫས་རྣམས་བསགས། མཆོད་པའི་ཡོ་བྱད་རྣམས་འཛོམ་པ་ན་འབྲོམ་རིན་པོ་ཆེའི་འཁྲུངས་ཡུལ་ཕུག་རིང་དུ་བྱོན་ནས་ཞག་བཅུ་དྲུག་གི་རིང་ལ་ཐིག་ལེ་བཅུ་དྲུག་གི་དབང་ཚར་བར་མཛད། དེ་ནས་རྭ་སྒྲེང་དུ་བྱོན་ནས་ཟླ་བ་གཅིག་གི་རིང་ལ་ཐིག་ལེའི་སྒྲུབ་པ་མཛད། དེ་ནས་ལོ་དགུའི་བར་དུ་བསྟེན་ནས་གདམས་ངག་རྣམས་རྫོགས་པར་གསན་ནོ། །དེ་ནས་སློ བ་དཔོན་བྱང་ཆུབ་བཟང་པོས་སྙིང་གི་ཐིག་ལེའི་གདམས་པ་ཐུགས་ཉམས་སུ་བཞེས་ཤིང་རྟོགས་པ་མཆོག་བརྙེས་པ་ན་སྟབས་ཀ་བ་ནམ་མཁའ་རིན་ཆེན་རྗེས་སུ་བཟུང་སྟེ། སྟབས་ཀ་ནམ་མཁའ་རིན་ཆེན་གྱིས་སློབ་དཔོན་བྱང་ཆུབ་བཟང་པོ་ལ་བཀའ་གདམས་བསྟན་པའི་སྙིང་པོ་སྙིང་གི་ཐིག་ལེའི་གདམས་པ་གནང་དགོས་པར་ཞུས་པ་ན་འདི་ལ་མཆོད་རྫས་ཅུང་ཟད་ཅིག་དགོས་གསུངས། དེ་འཚོལ་བར་ཞུས་ནས་ཡོ་བྱད་རྣམས་བཙལ་ཏེ་མཆོད་རྫས་རྣམས་ཚང་བར་བཙལ་གྲུབ་པ་ན་ཞག་བཅུ་དྲུག་གི་རིང་ཐིག་ལེ་བཅུ་དྲུག་གི་དབང་མཛད། དེ་ནས་དབེན་པའི་གནས་དུ་མར་ཕེབས་ནས་གདམས་ངག་རྣམས་ཡོངས་སུ་རྫོགས་པར་གནང་སྟེ། ལོ་ཉི་ཤུ་རྩ་བཞིའི་རིང་འབྲལ་མེད་དུ་བསྟེན་ནས་བཀའ་གདམས་ཀྱི་གདམས་ངག་ཡོངས་སུ་རྫོགས་པར་གསན་གསུངས་སོ། །

འདི་ཡན་ཆད་ནི་ཆིག་རྒྱུད་ཁོ་ན་ཡིན་པ་ལ་སློབ་དཔོན་བྱང་ཆུབ་བཟང་པོས་སྟབས་ཀ་བ་ནམ་མཁའ་རིན་ཆེན་ལ་ད་ཕྱིན་ཆད་ངག་ཅུང་ཟད་ཡངས་སུ་ཐོངས་ཞེས་བཀའ་གནང༌། དེ་ནས་སློབ་དཔོན་ནམ་མཁའ་རིན་ཆེན་གྱིས་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྒྱ་ཆེར་སྤེལ་ཞིང༌། བཀའ་གདམས་གླེགས་བམ་ཡང་དོན་གཉེར་ཅན་མང་པོ་ལ་བཤད། སྙིང་གི་ཐིག་ལེའི་གདམས་པ་ནི་འབྲོམ་ཀུ་མ་ར་མ་ཏི་ལ་གནང་སྟེ། མཆོད་པའི་ཡོ་བྱེད་རྣམས་ཚོགས་པར་བྱས་ཏེ་ཐིག་ལེ་བཅུ་དྲུག་གི་དབང་ཞག་བཅུ་གཉིས་ཛལ་རྫོགས་པ་ཞིག་མཛད། གླེགས་བམ་ཡང་ཡོངས་སུ་རྫོགས་པར་བསྟན་ཏེ་ཐུགས་ལ་གཟུང་དུ་བཅུག འབྲོམ་ཀུ་མ་ར་མ་ཏིས་ཀྱང་བཀའ་གདམས་གླེགས་བམ་ཡོངས་སུ་རྫོགས་པ་ཚིག་གཅིག་ཀྱང་མ་ལུས་པར་ཐུགས་ལ་བཟུང་ནས་རྒྱུན་དུ་ཞལ་ཏོན་མཛད། བཀའ་གདམས་སྤྲུལ་པའི་གླེགས་བམ་ཆེན་མོ་ནི་སློབ་དཔོན་ནམ་མཁའ་རིན་ཆེན་གྱིས་སྟབས་ཀའི་མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ་ཞེས་འབྱུང་ངོ༌། །དེ་ནས་འབྲོམ་ཀུ་མ་ར་མ་ཏིས་སྣར་ཐང་དུ་ཕེབས་ནས་བཀའ་གདམས་གླེགས་བམ་རྒྱ་ཆེར་སྤེ ལ་ཞིང༌། སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་འབྲོམ་ཀུ་མ་ར་མ་ཏིའི་ཞལ་ནས་ཇི་ལྟར་གསུངས་པ་ལྟར་བཀའ་གདམས་གླེགས་བམ་ཡི་གེར་བཀོད། དེ་ལ་མ་ཕྱི་བྱས་ནས་ཕྱོགས་ཕྱོགས་སུ་འཕེལ་བ་ཡིན་པས་དེང་སང་བཀའ་གདམས་གླེགས་བམ་ཡི་གེར་འཁོད་པ་ལ་བལྟར་ཡོད་པ་ནི་འབྲོམ་ཀུ་མ་ར་མ་ཏིས་བཀའ་གདམས་གླེགས་བམ་ཐུགས་ལ་བཟུང་བ་དེའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །

དེ་ནས་རིམ་གྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་རྒྱ་ཆེར་སྤེལ་བར་མཛད། དེ་ནས་རིམ་གྱིས་བརྒྱུད་དེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་གཉིས་ཀྱིས་སྤེལ་བར་མཛད། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་ནི་འབྲོམ་རིན་པོ་ཆེས་དངོས་སུ་ཞལ་གཟིགས་ནས་སྙིང་གི་ཐིག་ལེའི་དབང་དང་གདམས་ངག་གནང་བ་ཡིན་ཞེས་བདག་གི་བླ་མ་དམ་པ་གསུངས་སོ། །དུས་ཕྱིས་ནི་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་ངག་དབང་བྱམས་པས་སྙིང་གི་ཐིག་ལེའི་དབང་དང་གདམས་ངག་མི་ནུབ་པར་བཟུང་ནས་དོན་གཉེར་ཅན་ཁ་ཤས་ལ་གནང་བ་ལས་ཧ་ཅང་དར་ཆ་ཆེ་བ་མི་སྣང་ལ། བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་དྲུང་དུ་བདག་གིས་ཐིག་ལེ་བཅུ་དྲུག་གི་དབང་དང་བཀའ་གདམས་སྙིང་གི་ཐིག་ལེའི་གདམས་ངག་འདིའི་བཀའ་དྲིན་ལེགས་པར་ཐོབ་ལ་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་སྙིང་པོའི་ཡང་སྙིང་པོ་ཐིག་ལེ་བཅུ་དྲུག་གི་གདམས་ངག་འདི་མ་ནུབ་པར་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་དུ་སྨོན་པས་ཐིག་ལེ་བཅུ་དྲུག་གི་གདམས་ངག་འདིའི་བླ་མ་གོང་མའི་བརྒྱུད་རིམ་རྣམ་ཐར་དང༌། འདིའི་དཀྱིལ་ཆོག་སློབ་མ་རྗེས་སུ་འཛིན་ཚུལ་དང་བཅས་པ་ཆེས་ཞིབ་པར་བཀོད་པ་བཀའ་གདམས་གསལ་བྱེད་ཅེས་བྱ་བ་དང༌། བློ་དམན་རྣམས་ཀྱིས་འདིའི་ཆོ་ག་རྣམས་ངག་འདོན་དུ་བྱ་ཚུལ་དང༌། འདིའི་མན་ངག་ཇི་ལྟར་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་དང༌། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་ལ་སྨོན་ལམ་དུ་བྱ་ཚུལ་ཚིགས་བཅད་དུ་བསྡེབས་པ་བཅས་གདམས་ངག་འདི་ཆ་ལག་དང་བཅས་པའི་ཡི་གེ་བདག་གིས་ལོགས་སུ་བྲིས་ནས་ཡོད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱ་ཆེན་སྤྱོད་པའི་རྒྱུད་ཀྱི་བླ་མ་རྣམས་དང༌། ཟབ་མོ་ལྟ་བའི་རྒྱུད་ཀྱི་བླ་མ་རྣམས་དང༌། ཉམས་ལེན་བྱི ན་རླབས་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་ཤིང་ལམ་ཕྱོགས་རེར་མ་སོང་བར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་སྙིང་པོར་བྱ་ཞིང་ཐ་ན་སྨོན་ལམ་གྱི་ཡུལ་ཚུན་ཆད་དུ་བྱས་ཏེ་བག་ཆགས་ཅི་ཐེབས་བྱའོ།། །།

པར་བྱང་སྨོན་ཚིག ༈ ཨོཾ་སྭསྟི། བསྐལ་བཟང་འདི་ལ་རྣམ་འདྲེན་མང་བྱོན་ཡང༌། །མགོན་མེད་སྙིགས་དུས་ཉམ་ཐག་འགྲོ་རྣམས་ལ། །རྒྱལ་བ་གཞན་ལས་ཐུགས་རྗེ་ཆེས་ལྷག་པ། །ཟླ་མེད་སྟོན་པ་ཤཱཀྱའི་རྒྱལ་པོར་འདུད། །སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཡིས། །མཐའ་ཡས་གདུལ་བྱའི་ཁམས་དང་བསམ་པ་དང༌། །བག་ལ་ཉལ་དང་དབང་པོ་ལ་གཟིགས་ནས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཏོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །སྐལ་བཟང་གཅིག་གི་ཉམས་ལེན་རིམ་པ་རུ། །ལེགས་པར་དྲིལ་བ་མ་ཚང་མེད་པའི་ཆོས། །བྱང་ཆུབ་ལམ་གྱི་རིམ་པ་འདི་ཉིད་དོ། །རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི། །གདུང་འཚོབ་ཐེག་པ་མཆོག་གི་དགེ་བའི་བཤེས། །བྱང་ཆུབ་ལམ་གྱི་རིམ་པ་སྟོན་མཛད་པའི། །རྒྱ་བོད་རིམ་བྱོན་བླ་མ་རྣམས་ལ་འདུད། །ས་གསུམ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སྐྱེས་བུ་གསུམ་གྱི་ལམ་བཟང་གསལ་མཛད་པའི། །བླ་མ་རྣམས་ཀྱི་ངོ་མཚར་མཛད་པའི་ཚུལ། །གསལ་བར་སྟོན་པའི་སྔོན་མེད་ལེགས་བཤད་འདི། །གངས་ཅན་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོ་ཡིས། །མཐའ་དབུས་སྐྱེ་འགྲོ་ཡོངས་ལ་བརྩེར་དགོངས་ནས། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །ཚུལ་འདིར་འབད་ལས་དུང་དང་ཀུནྡ་ལྟར། །རབ་དཀར་དགེ་བ་གང་ཞིག་ཐོབ་པ་དེས། །ཚང་ལ་མ་ནོར་བྱང་ཆུབ་ལམ་རིམ་འདི། །ཕྱོ གས་རྣམས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག། །།སརྦ་མངྒ་ལཾ།།  

རྩོམ་སྒྲིག་པ། མང་ར་བ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།