ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-30 20:38:30     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

341795236286974827.jpg 

                   དེ་ནས་ཇོ་བོ་རྗེས་འབྲོམ་རིན་པོ་ཆེའི་སྐྱེས་རབས་རྣམ་ཐར་རྣམས་དང་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་མདོར་བསྡུས་གསུངས་ཤིང༌། འབྲོམ་རིན་པོ་ཆེ་ཉིད་ལའང་ཁྱེད་བོད་ཀྱི་མགོན་པོ་ཐུགས་རྗེ་ཅན་ཡིན་པས་ཧ་ཅང་སྦ་བར་མ་མཛད་པར་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཅུང་ཟད་གསུངས་ཤིག་ཅེས་བསྐུལ་བ་ན་འབྲོམ་རིན་པོ་ཆེས་ཐ་མལ་པའི་སྣང་ངོར་བསྟན་པའི་སྐུ་དེ་ཡལ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་དངོས་སུ་བཞེངས་ནས་ཐིག་ལེ་བཅུ་དྲུག་གི་གདམས་པ་ཟབ་མོ་རྣམས་གསུངས། དེ་ཡང་ཇོ་བོ་ཡབ་སྲས་ཀྱིས་གསུངས་པ་ཙམ་མིན་གྱི། མདོ་རྒྱུད་ནས་གསུངས་པའི་མན་ངག་སྟེ་མདོ་སྡེ་ཟ་མ་ཏོག་བཀོད་པར་ཐིག་ལེ་བཅུ་དྲུག་གི་དཀྱིལ་འཁོར་འདི་དང་ཆ་འདྲ་བར་ཐུགས་རྗེ་ཆེན་པོའི་སྐུའི་བ་སྤུའི་བུ་ག་རེར་ཡང་སངས་རྒྱས་ཀྱི་ཞིང་མང་པོ་ཡོད་པ་སོགས་གསུངས། དེ་བཞིན་དུ་འདུས་པ་ཆེན་པོའི་གཟུངས་ལ་སོགས་པ་དང༌། དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་རྩ་བའི་མན་ངག་འཇམ་པའི་དབྱངས་ཀྱི་ཞལ་ལུང་དང༌། དེའི་མན་ངག་སྒྲུབ་ཐབས་ཀུན་བཟང་དང༌། གྲོལ་བའི་ཐིག་ལེ་རྩ་འགྲེལ་སོགས་ལས་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་འདིའི་གནད་རྣམས་གསུངས་ཏེ་དེ་དག་གི་ཚུལ་ཞིབ་པར་བདག་གིས་ཡི་གེ་ལོགས་སུ་བྲིས་ནས་ཡོད་དོ། །

                    དེ་ལྟ་བུའི་སྙིང་གི་ཐིག་ལེའི་དཀྱིལ་འཁོར་སྒོམ་ཚུལ་གྱི་གདམས་པ་ཟབ་མོ་ཡིད་ཆེས་ཁུངས་བཙུན་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་འདི་ཇོ་བོ་ཡབ་སྲས་གཉིས་ཀྱིས་དགེ་བཤེས་གསང་ཕུ་བ་ལ་གནང་སྟེ། དེ་ཡང་དགེ་བཤེས་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ་ཅེས་བྱ་བ་འདི་ནི་བསྐལ་བ་དཔག་ཏུ་མེད་པ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང༌། ལྷག་པར་ཇོ་བོ་ཡབ་སྲས་ཀྱི་གསང་བའི་མཛོད་འཛིན་པའི་སྨོན་ལམ་རླབས་པོ་ཆེ་བཏབ་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པས་ཤེས་བྱའི་གནས་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་ཞིག་སྟེ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་གསང་ཕུ་ན་དགེ་འདུན་ལྔ་བརྒྱ་ཙམ་ལ་གཞུང་ལུགས་རབ་འབྱམས་འཆད་ཅིང་བཞུགས་པ་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ནས་ཚེ་འདིའི་བུན་ལོང་ཐམས་ཅད་དོར་ཏེ་ཕྱི་བཞིན་འབྲང་བ་ཞིག་དང་བཅས་ཡེར་པ་ལྷ་རི་སྙིང་པོར་ཕེབས་ནས་ཇོ་བོ་ཡབ་སྲས་ལ་དངུལ་གྱི་མཎྜལ་མདའ་གང་པ་ཞིག་ལ་དུང་གི་ཚོམ་བུ་བཀོད་པ་སོགས་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་དེ་ཡང་དང་ཡང་དུ་གསོལ་བ་བཏབ་ནས་འབྲོམ་རིན་པོ་ཆེའི་སྐྱེས་རབས་རྣམས་དང༌། སྙིང་གི་ཐིག་ལེའི་གདམས་པ་ཡོངས་སུ་རྫོགས་པར་ཞུས། གང་གསུངས་ཐམས་ཅད་ཐུགས་ལ་བཟུང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཐུས་གདམས་པ་ཡོངས་སུ་རྫོགས་པ་ཡི་གེའི་གཟུགས་སུ་ཤར་བའི་བཀའ་གདམས་སྤྲུལ་བའི་གླེགས་བམ་ཆེན་མོ་ཡང་ཕྱག་ཏུ་བཞུགས། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུར་ཕེབས་ནས་བཀའ་གདམས་སྤྲུལ་པའི་གླེགས་བམ་ལ་མཆོད་པ་ཚད་མེད་པས་མཆོད་ཅིང་ཁོར་ཡུག་ཏུ་གསོལ་བ་བཏབ། ནམ་ཞིག་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྐུལ་ནས་མངའ་རིས་པ་ཤེས་རབ་རྒྱལ་མཚན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གསང་ཕུའི་ནགས་ཁྲོད་ན་སྒོམ་ཞིང་ཡོད་པའི་སར་གསང་ཕུ་བ་ཆེན་པོ་བྱོན་ནས་སྙིང་གི་ཐིག་ལེའི་གདམས་པ་འདིའི་ལོ་རྒྱུས་ཅུང་ཟད་གསུངས་པ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་གྱིས་ཀྱང་དེ་ལྟ་བུའི་གདམས་པ་ཟབ་མོ་དེ་ཅི་ནས་ཀྱང་གསུང་འཚལ་ཞེས་གསོལ་བ་བཏབ་པ་ན། གསང་ཕུ་བ་ཆེན་པོས་ཀྱང་ཞལ་གྱིས་བཞེས་ནས་འདི་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་རྒྱུ་ཞིག་དགོས་གསུངས་པ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་གྱིས་ཡོ་བྱད་ཅི་ཡོད་མཆོད་པའི་རྒྱུར་ཕུལ། དེའི་སྟེང་དུ་གསང་ཕུ་བ་ཆེན་པོས་ཀྱང་ཡོ་བྱད་མང་དུ་གནང་སྟེ། ཐིག་ལེའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་གྲོགས་དགེ་སློང་བཞི་དང་བཅས་ཞག་སུམ་ཅུའི་རིང་ལ་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་པ་ཡོངས་སུ་རྫོགས་པར་གནང༌། མཐར་སྤྲུལ་པའི་གླེགས་བམ་ཡང་གནང་སྟེ་བཀའ་རྒྱ་དམ་དུ་མཛད། དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་གྱིས་མི་མེད་དབེན་པའི་གནས་དུ་མར་ཉམས་སུ་བཞེས་ཏེ་རྟོགས་པ་མཆོག་བརྙེས་ནས་དགེ་བཤེས་ཕུ་ཆུང་བའི་སར་བྱོན་པ་ན། ཕུ་ཆུང་བས་ཀྱང་ཁོང་ལ་སྙིང་གི་ཐིག་ལེའི་གདམས་པ་ཟབ་མོ་འདི་ཡོད་པར་མངོན་ཤེས་ཀྱིས་མཁྱེན་ནས་དེ་གནང་དགོས་པར་གསོལ་བ་བཏབ། བྱང་ཆུབ་སེམས་དཔའ་ཆེན་པོས་ཀྱང་ཞལ་གྱིས་བཞེས་ནས་འདི་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ལ་མཆོད་རྫས་ཤིག་དགོས་གསུངས་པ་ན། ཕུ་ཆུང་བས་རྣམ་སྲས་ལ་འཕྲིན་ལས་ཀྱི་གྲོགས་བཅོལ་བ་ན་དེ་མ་ཐག་ཏུ་མཆོད་རྫས་ཐམས་ཅད་ཐོགས་པ་མེད་པར་གྲུབ་སྟེ་དཀྱིལ་འཁོར་བཤམས། གཉིས་ཀ་ཀུན་སྤང་བྱ་བྲལ་དུ་སོང་བས་སྒྲུབ་གྲོགས་གཞན་མ་རྙེད་པ་ན་ཕུ་ཆུང་བས་འཕགས་པ་གནས་བརྟན་བཅུ་དྲུག་ལ་གསོལ་བ་བཏབ་ནས་གནས་བརྟན་བཅུ་དྲུག་གིས་སྒྲུབ་གྲོགས་མཛད།

                  དེར་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་གྱིས་སྙིང་གི་ཐིག་ལེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་གདམས་ངག་རྣམས་སྤེལ་མར་བྱས་ཏེ་ཟླ་བ་གཅིག་དང་ཞག་བཅོ་བརྒྱད་ཀྱི་རིང་ལ་ཡོངས་སུ་རྫོགས་པ་གནང་ཞིང༌། མཐར་བཀའ་གདམས་སྤྲུལ་པའི་གླེགས་བམ་ཡང་དགེ་བཤེས་ཕུ་ཆུང་བ་ལ་གཏད་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་སྐུའི་སྣང་བ་བསྡུས་ཏེ་འཇའ་ལུས་སུ་གཤེགས་སོ། །དེ་ནས་དགེ་བཤེས་ཕུ་ཆུང་བ་ཆེན་པོས་དབེན་པའི་གནས་དུ་མར་ཐུགས་ཉམས་སུ་བཞེས་ཏེ་ཟུང་འཇུག་གི་གོ་འཕང་བརྙེས་པ་ན་བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ་མཚན་ཞེས་བྱ་བའི་སར་ཕེབས། དེས་ཀྱང་ཕུ་ཆུང་བ་ཆེན་པོ་ལ་བཀའ་གདམས་བསྟན་པའི་སྙིང་པོ་འདི་གནང་དགོས་པར་གསོལ་བ་བཏབ་པ་ན། གདམས་ངག་འདི་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་མཆོད་རྫས་ཤིག་དགོས་པས་ཁྱོད་རང་ཡང་བསོད་སྙོམས་ཅུང་ཟད་མཛོད། ངས་ཀྱང་གྲོགས་བྱ་གསུངས་ནས་ཕུ་ཆུང་བ་ཆེན་པོས་རྭ་སྒྲེང་སོགས་ནས་ཟས་སྣ་དང་སྨན་སྣ་བཙལ། བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ་མཚན་གྱིས་བསོད་སྙོམས་བྱས་ཏེ་ཡོ་བྱད་རྣམས་ཚོགས་པ་ན་ཞག་རེ་ལ་ཐིག་ལེ་རེ་མཛད་ནས་ཞག་བཅུ་དྲུག་ལ་ཐིག་ལེ་བཅུ་དྲུག་གི་དབང་རྫོགས་པར་མཛད། མན་ངག་རྣམས་ཟླ་བ་དྲུག་གི་རིང་རྫོགས་པར་བསྟན་ནས་རྒྱུད་སྨིན་ཅིང་གྲོལ་བར་མཛད་དོ། །དེའི་ཚེ་ཕུ་ཆུང་བ་ཆེན་པོས་བཀའ་གདམས་བསྟན་པའི་སྙིང་པོ་འདི་ཉིད་གངས་རིའི་ཁྲོད་འདིར་མི་ནུབ་ཅིང་འཕེལ་བར་བྱ་བའི་ཕྱིར་བཀའ་གདམས་ལྷ་ཆོས་བདུན་ལྡན་སྙིང་གི་ཐིག་ལེའི་མན་ངག་འདི་ཇི་ལྟར་བྱོན་ཚུལ་གཏེར་གྱི་ཁ་བྱང་ལྟ་བུ་ཞིག་ཀྱང་ཡི་གེར་འགོད་པར་མཛད་དོ། །

                 དེ་ལྟར་ཕུ་ཆུང་བ་ཆེན་པོས་སེམས་དཔའ་ཆེན་པོ་རིན་ཆེན་རྒྱལ་མཚན་ལ་བཀའ་གདམས་སྙིང་གི་ཐིག་ལེའི་མན་ངག་ཡོངས་སུ་རྫོགས་པར་བསྟན་ནས་མཐར་སྤྲུལ་པའི་གླེགས་བམ་ཡང་གནང་སྟེ་ཕུ་ཆུང་བ་ཆེན་པོ་འཇའ་ལུས་སུ་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ་མཚན་གྱིས་དབུས་གཙང་མངའ་རིས་བལ་ཡུལ་སོགས་དབེན་གནས་དུ་མར་བྱོན་ནས་ཉམས་སུ་བཞེས་ཤིང་རྟོགས་པ་མཆོག་བརྙེས་པ་ན་རྭ་སྒྲེང་དུ་བྱོན་ཏེ་ཞང་སྟོན་དར་མ་རྒྱལ་མཚན་བཙུན་ཆུང་གཞོན་ནུ་ཞིག་ཡོད་པ་དེ་གདམས་ངག་འདིའི་བདག་པོར་འགྱུར་བར་མཁྱེན་ནས་དེ་རྗེས་སུ་བཟུང༌། དགེ་བཤེས་སྟབས་ཀ་བ་ཆེན་པོས་ཞུ་སྣ་དང་མཆོད་རྫས་ཐམས་ཅད་སྦྱོར་བར་མཛད་ནས་རྭ་སྒྲེང་གི་ཀ་གཉིས་མར་ཐིག་ལེ་བཅུ་དྲུག་གི་དཀྱིལ་འཁོར་རྒྱས་པར་བྲིས་ཏེ། ཇོ་བོ་ཡབ་སྲས་གཉིས་ཀྱང་དངོས་སུ་བྱོན་ནས་བསྙེན་པའི་གྲོགས་མཛད། ཟླ་བ་གཅིག་དང་ཞག་གཉིས་ཀྱི་རིང་ལ་ཐིག་ལེ་བཅུ་དྲུག་གི་དབང་རྒྱས་པ་ཞིག་མཛད། དེ་ནས་ལོ་བཅུ་གཉིས་ཀྱི་རིང་ཞབས་འབྲིང་དུ་བསྟེན་ཏེ་དབེན་བའི་གནས་དུ་མར་གདམས་ངག་ཡོངས་སུ་རྫོགས་པར་བསྟན། མཐར་གླེགས་བམ་ཡང་གནང་སྟེ་ཞང་སྟོན་དར་མ་རྒྱལ་མཚན་ཆོས་འདིའི་བདག་པོར་བྱིན་གྱིས་བརླབས་སོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།