ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-30 20:28:37     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

870575051637918217.jpg

                    ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ་ནི། ཇོ་བོ་ཡབ་སྲས་ཞལ་བཞུགས་དུས་ཤིན་ཏུ་གསང་བར་མཛད་ནས་གསང་ཆོས་འདི་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་བཤེས་གཉེན་ཆེན་པོ་རྔོག་ལེགས་པའི་ཤེས་རབ་གཅིག་པུ་ལ་གནང་སྟེ་བཀའ་རྒྱ་དམ་པོར་བཏབ། ཇོ་བོ་རྗེ་ཞིང་གཤེགས་ནས་འབྲོམ་རིན་པོ་ཆེས་དགེ་བཤེས་ཀ་བ་ལ་འདིའི་དབང་དང་གདམས་ངག་མདོར་བསྡུས་ཤིག་གནང་ནས་བཀའ་རྒྱས་བཏབ། སྲས་ཀྱི་ཐུ་བོ་སྐུ་མཆེད་གསུམ་ལས་ཕུ་ཆུང་བ་ལ་བཀའ་གདམས་སྙིང་གི་ཐིག་ལེའི་མན་ངག་གི་མཛོད་འཛིན་པར་ལུང་བསྟན་མཛད་དོ། །དེས་ན་འབྲོམ་རིན་པོ་ཆེའི་ཐུགས་སྲས་དགེ་བའི་བཤེས་གཉེན་ཕུ་ཆུང་བ་ཞེས་གྲགས་པ་དེ་ནི། འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་ལྕགས་མོ་ལུག་གི་ལོ་ལ་སྐུ་འཁྲུངས། ཚེ་རབས་མང་པོར་ལམ་ལ་སྦྱངས་པའི་བག་ཆགས་བརྟས་པས་བྱིས་པའི་དུས་ནས་མི་རྟག་པ་རྟོགས་པའི་བློ་རང་འཁྲུངས་བྱུང་སྟེ་སྲིད་པའི་ཕུན་ཚོགས་གང་ལའང་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་ཆོས་རྣམ་དག་ཅིག་མཛད་བཞེད་ནས་རྒྱལ་ལྷ་ཁང་དུ་བྲོས་ཏེ་ཞང་ཆེན་པོ་དང༌། གླན་ཚུལ་བྱང་ལ་རབ་ཏུ་བྱུང༌། མཚན་གཞོན་ནུ་རྒྱལ་མཚན་དུ་བཏགས། དེ་ནས་འདུལ་བའི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་བསྲུང་ཞིང་སྔོན་བྱོན་དམ་པའི་རྣམ་ཐར་བསམས་ཏེ་ཐོས་བསམ་སྒོམ་གསུམ་ཆ་ཚང་བ་ཞིག་མཛད་བཞེད་ནས་མཁས་པ་ཆེན་པོ་ཁུ་སྟོན་ལ་ཕར་ཕྱིན་གྱི་འགྲེལ་ཆུང་ཚར་བཅོ་ལྔ་གསན་པ་སོགས་ཐོས་པ་མང་དུ་མཛད། འདུལ་བ་ལའང་གསན་སྦྱོང་མཐར་ཕྱིན་པར་མཛད། སྙེ་ཐང་དུ་ཇོ་བོའི་ཞལ་མཇལ་ཞིང་ཆོས་ཀྱང་ཅུང་ཟད་གསན། ཇོ་བོ་གཤེགས་ནས་དགེ་བཤེས་སྟོན་པའི་ཕྱགས་ཕྱི ་མཛད་ནས་རྭ་སྒྲེང་དུ་ཕེབས། གདམས་པ་རྫོགས་པར་གསན་ཞིང་ཐུགས་ཉམས་སུ་བཞེས། དགེ་བཤེས་སྟོན་པའི་བཀའ་ལུང་གིས་སློབ་མ་སྐྱོང་བའང་མཛད་དེ། འབྲོམ་རིན་པོ་ཆེའི་ཞབས་དྲུང་དུ་དགེ་སློང་གསར་བུ་བྱུང་བ་རྣམས་ལ་འདུལ་བའི་བསླབ་བྱ་ལེགས་པར་སློབས་ཤིག་ཅེས་བཀའ་གནང་ནས། འདུལ་བའི་ཕྱག་ལེན་ཁྲིད་པར་མཛད།

                   དགེ་བཤེས་སྟོན་པ་ལོ་བཅུ་གཅིག་ཏུ་བསྟེན་ནས་ཡོན་ཏན་མ་ལུས་ཐུགས་ལ་མངའ་བར་མཛད། དགེ་བཤེས་སྟོན་པ་འདས་ནས་ཚེ་འདིའི་འཁྲི་བ་ཕྲ་མོའང་མེད་པར་དབེན་པའི་གནས་སུ་མདོ་སྔགས་ཀྱི་ལམ་ཆ་ཚང་ལ་ཉམས་ལེན་མཐར་ཕྱིན་པ་ཞིག་མཛད་བཞེད་པར་བྱུང་སྟེ། དགེ་བཤེས་ཕུ་ཆུང་བ་འདི་ཉིད་ནི། སྐྱེས་ཀྱང་ནགས་སུ་སྐྱེས། དེངས་ཀྱང་ནགས་སུ་དེངས་པ་ལྟ་བུ་ཞིག་ཡིན་ཏེ། ཤ་གཟུག་རང་ཟ་གསུངས་ནས་སྒྲུབ་པ་འབའ་ཞིག་མཛད་དེ། འཕན་ཡུལ་ཡུང་བའི་ཕུ་ཕུ་ཆུང་དུ་སྒྲུབ་ཁང་བརྩིགས་ཏེ་སྒྲུབ་པ་གཙོ་བོར་མཛད། དེའི་ཚེ་སྒྲུབ་ཁང་གི་ནུབ་ན་བྲག་ལ་ཕྱག་མཛུབ་བཙུགས་པར་སྒྲུབ་ཆུ་བྱུང་བའང་ཡོད་དོ། །འདིས་སློབ་མ་དྲུང་དུ་འདུས་པ་དག་ལའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་གདམས་པ་གཙོ་བོར་འདེབས་པར་མཛད་ཅིང༌། ལམ་གྱི་རིམ་པའང་དེའི་ཁོངས་སུ་འཐུས་པར་མཛད་དོ། །བདག་ཉིད་ཆེན་པོ་འདིའི་རི་དྭགས་རྨས་མ་ལྟར་འདུ་འཛི་ལ་ཆེས་འཇིགས་པས་སྐུ་མཆེད་གསུམ་ཚོགས་པའི་སྐབས་མ་གཏོགས་ཚོགས་མི་སྡུད་ཅིང༌། གཅིག་པུ་གཉིས་སུ་མེད་པར་དབེན་པ་ནས་དབེན་པར་འཕོ་བར་མཛད་ཀྱང་ཡོན་ཏན་གྱི་དྲི་བསུང་ལ་ཐམས་ཅད་འཁོར་ཏེ་སྐུ་མཆེད་གཉིས་ཀྱི་སློབ་མ་ཕལ་ཆེ་བས་ཆོས་མ་གསན་པ་མེད་དེ། སྤྱན་སྔ་གཤེགས་ནས་བྱ་ཡུལ་བས་ཕུ་ཆུང་དུ་བྱོན་ཏེ་རྟེན་འབྲེལ་གྱི་ཁྲིད་གསན་ཅིང་བཞུགས་དུས་མང་རའི་ཞལ་ནས། ད་ལྟ་ཕུ་ཆུང་ན་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞིག་སྨིན་བདོག་གསུང་སྐད། ཕུ་ཆུང་བའི་ལུགས་ཀྱི་རྟེན་འབྲེལ་གྱི་ཁྲིད་ཉམས་སུ་ལེན་ཚུལ་བྱ་ཡུལ་བའི་བཀའ་རྒྱུད་ལ་དར་ཆ་ཆེ་བར་བྱུང་ངོ༌། །དགེ་བཤེས་ཕུ་ཆུང་བ་དེ་ཉིད་དཀོན་མཆོག་མཆོད་པ་ལ་གཙོ་བོར་མཛད་པས་གཟིམ་ཁང་གི་ཕྱི་རོལ་ཏུ་སྤོས་ཀྱི་དྲི་ངད་ལྡང་བ་ལགས་པར་གདའ། ཞལ་ནས་ངས་དང་པོར་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་ངེ་བ་འབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་དྲི་བསུང་ཆིང་ངེ་བ་འབུལ་གསུངས། ལན་ཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་སྐད། ཡང་ཞལ་ནས། ད་ལྟ་ནས་སྐྱབས་འགྲོ་གོམས་ཙ་ན་ན་བའི་ཚེ་ཨ་ར་ཟེར་བའི་དོད་ལ་སངས་རྒྱས་སོགས་འོང་སྟེ་གསུངས། ཡང་ལན་ཅིག་གཡང་ཤུན་མགོ་ལ་བཀབ་ནས་རྒྱལ་ལྷ་ཁང་གི་ཤི་བ་རྣམས་བགྲང་གིན་སྣང་སྐད།

                   ཡང་ལན་ཅིག་ཕུ་ཆུང་བ་དང་ཁམ་ལུང་བ་འཛོམ་དུས་དགེ་བཤེས་པ་ནི་ལས་འབྲས་ཁོ་ན་གལ་ཆེ་བར་གསུངས་པ་ལ། ད་ལྟ་བཤད་རིན་དང་ཉན་རིན་དང་སྒོམ་རིན་མེད་པར་བྱེད་དེ། འདི་ཁོ་ན་ཉམས་སུ་བླངས་དཀའ་སེམས་གསུངས་པས། ཕུ་ཆུང་བ་ཡང་དེ་ཙུག་ལགས་གསུངས་པ་དང༌། ཡང་ཕུ་ཆུང་བའི་ཞལ་ནས། ང་ནི་རྒས་ཁར་མཛངས་བླུན་ལ་ཁ་ལྷན་གྱིས་སོང་གསུང་སྐད། ཡང་ཞལ་ནས། འུ་ཅག་དགེ་བའི་ཚིག་འབྲུ་བཏོན་དང་མི་དགེ་བ་དོན་བཏོན་དུ་འགྲོ་གསུངས། ཡང་ཕུ་ཆུང་བ་ཆེན་པོས་ལན་ཅིག་ནམ་ཕྱེད་ཙ་ན་ཨ་ཙ་མ་གསུངས། ཅི་ནོངས་ཞུས་པས། དེ་རིང་མདོ་སྡེ་བལྟས་པ་ན་དུས་ཀྱི་མཐའི་ཉན་ཐོས་བྱེད་མའི་སྒྲོ་བ་ཁ་སྤུབ་པ་བཞིན་མར་ལ་འགྲོ་བར་བཤད་སྣང༌། དེའི་གསེབ་ན་ནི་ང་ཡང་ཡོད་བླ་ལྷག་པའི་ཆོས་ནི་མ་བྱས། སྲུབ་ཀར་ཆགས་པ་འདྲ་ཡིན་ན་རུང་སྟེ་ཞེས་གསུངས། ཡང་ཞལ་ནས། ཆོས་བྱེ ད་པ་ལ་ཤེས་དགོས། དེ་ལ་གོ་དགོས། དེ་ལ་ཉན་དགོས། ཡང་ཧུར་ཆེན་པོ་ཕྱུང་ནས་བྱེ ད་དགོས། ལུང་པའི་སྲོལ་བསྒྱུར་ནས་ཆོས་བྱེ ད་དགོས་ཏེ། བདག་གཞན་བརྗེ་བའམ། འཇིག་རྟེ ན་དང་མི་མཐུན་པར་བྱེ ད་དགོས། གཏམ་ངན་བླངས་ནས་བྱེད་དགོས། སྙིང་ཁམ་རང་དཔེ་ཐེའུ་ཙམ་དགོས་གསུངས། ཡང་ལན་ཅིག་དགེ་བཤེས་ཤ་བོ་སྒང་པའི་མཚན་ཕྱུང་ནས། ཇོ་བོ་པ་འཆི་བ་འདི་མངོན་སུམ་དུ་མི་རོ་ལུད་བཞིན་སྐྱེལ་བ་འདི་མི་གོ་བར་ཆོས་རྣམས་ཀྱི་གནས་ལུགས་འཇིག་རྟེན་མཐའ་དག་གིས་ཡིད་ཆེས་པར་དཀའ་བ་ལ་བློ་འགྲོ་བ་སྐད་ཟེར་ལ་འདི་ལ་གློ་བ་མི་ཆེས་པར་གདའོ་གསུངས་སྐད། ཡང་ཤ་བོ་སྒང་བ་ལ་ང་དེ་རིང་ཁྱེད་ལ་ཆོས་ཤིག་ཉན་གསུངས་ནས། སླེ་མོ་ཐང་དུ་རོ་བསྲེགས་པ་རྣམས་སྟོན་ཅིག་གསུངས། ཤ་བོ་སྒང་པས་འདིར་འདི་སྐད་བྱ་བ་བསྲེགས་པ་ལགས། འདིར་འདི་སྐད་བྱ་བ་བསྲེགས་པ་ལགས་བྱ་བ་ལ་སོགས་པ་གསུངས་པས། ཉོན་མོངས་པ་ར་ཡོམ་མི་བ། སྒྲོ་ལྡེམ་མེ་བ། རྨིག་པ་ཤ་རེ་བར་བཞག་པའི་ཆོས་བྱེ ད་ཤེས་པ་གསུངས་པ་ལ། ཤ་བོ་པའི་ཞལ་ནས། ཤེས་པ་བས་ཀྱང་མཁས་ཀྱང་མཁས། །མཁས་པ་བས་མང་ཡང་མང་གསུངས་སོ། །ཡང་ལན་ཅིག་ཞལ་ནས་འཆི་བ་མི་རྟག་པ་དང་ལས་དང་འབྲས་བུ་མང་དུ་སྒོམས་ཤིག །ཕས་ཕམ་པ་བཞི་བྱུང་ཡང་སྦྱོང་ནུས་པ་ཞིག་འོང་གི །དེ་ངའི་ཁ་ཆེམས་ཡིན་གསུངས་སོ། །ཡང་ཞལ་ནས། བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་ཏུ་ཅི་སྤྱད་དོ། །ཞེས་པ་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་གསུངས།

                  འབྲོམ་རིན་པོ་ཆེའི་ཞབས་དྲུང་དུ་སྐུ་མཆེད་གསུམ་འཚོགས་ནས་འབྲོམ་རིན་པོ་ཆེ་ཞིང་གཤེགས་ཀྱི་བར་དུ་འབྲལ་མེད་དུ་བཞུགས་ཀྱང་ཇོ་བོ་ཡབ་སྲས་ཀྱི་གསང་བའི་ཆོས་རྫོགས་པར་མངའ་བ་ནི་ཕུ་ཆུང་བ་ཉིད་མིན་ཏེ། འབྲོམ་རིན་པོ་ཆེའི་ཞལ་ནས་ཀྱང༌། ཚུལ་ཁྲིམས་འབར་བ་རིན་ཆེན་འོད་གསལ་བ། །རིན་ཆེན་གསལ་བས་ཚུལ་ཁྲིམས་རྒྱན་མཛེས་པ། །ང་ཡི་རྣམ་ཐར་མི་ནུབ་སྐྱོང་བར་མཛོད། །གཞོན་ནུ་རྒྱལ་མཚན་ང་དང་གཉིས་སུ་མེད། །ཐུགས་རྗེ་ཆེན་པོ་ཀུན་ཏུ་སྦས་པའི་བུ། །འཇིག་རྟེན་ཁམས་རྣམས་རྒྱལ་མཚན་འདི་ཡིས་གང༌། །པདྨའི་སུལ་རྣམས་གཞོན་ནུ་འདི་ཡིས་བརྒྱན། །ཅེས་དང༌། འདི་ལ་གྲ་པར་གྱུར་པ་སུ་ཡང་མེད། །སློབ་མར་མ་གྱུར་ཆོས་པ་སུ་ཡང་མེད། །འདི་ལ་གནས་མེད་ཞིང་ཁམས་ཐམས་ཅད་འཛིན། །མི་གྲལ་ནས་བུད་མི་དབང་རྣམས་ཀྱིས་མཆོད། །གཞོན་ནུ་རྒྱལ་མཚན་རྟག་ཏུ་རྒྱལ་གྱུར་ཅིག །ཅེས་གསུངས་ཏེ་ལེགས་པར་བསྔགས་པའི་སེམས་དཔའ་ཆེན་པོ་འདིས་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་ཇི་ལྟར་གསན་པ་དང༌། ཉམས་ལེན་ཇི་ལྟར་མཛད་པ་དང༌། བདག་ཉིད་ཆེན་པོ་འདིའི་ཕྱག་ཏུ་སྤྲུལ་པའི་གླེགས་བམ་ཇི་ལྟར་བྱུང་ཚུལ་སོགས་ལོ་རྒྱུས་རྣམ་ཐར་ཅུང་ཟད་བརྗོད་ན། ཇོ་བོ་ཡབ་སྲས་གཉིས་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་བཞུགས་དུས་མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་ལ་བཀའ་བགྲོ་བར་མཛད་པའི་ཚེ་རྒྱུད་པ་གསུམ་གྱི་བླ་མ་གོང་མ་ཐམས་ཅད་ཀྱང་དངོས་སུ་བྱོན་ཏེ་ཞལ་འཛོམ། མགོན་པོ་སྤྱན་རས་གཟིགས་དང་རྗེ་བཙུན་མ་སྒྲོལ་མ་སོགས་ལྷག་པའི་ལྷ་རྣམས་ཀྱིས་ཀྱང་དངོས་སུ་ཞལ་བསྟན། དེའི་ཚེ་མགོན་པོ་གསེར་གླིང་པས་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་དང་སྲོག་ཤིང་དང་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བ་དང༌། ཉམས་ལེན་མཐར་ཕྱིན་པར་བྱེད་པ་ལ་སྙིང་རྗེའི་ལྷ་མགོན་པོ་སྤྱན་རས་གཟིགས་ལྷག་པའི་ལྷར་བསྟེན་ནས་གསོལ་བ་གདབ་དགོས་པ་དང༌། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཐིག་ལེ་བཅུ་དྲུག་གི་མན་ངག་ལས་འབྱུང་བ་ལྟར་ཡོད་ཚུལ་རྣམས་གསུངས། རྗེ་བཙུན་མ་སྒྲོལ་མས་ཀྱང་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་སྐྱབས་གནས་བླ་མ་རྗེས་དྲན། རང་ལུས་ལྷ་སྐུར་རྗེས་དྲན། ངག་བཟླས་བརྗོད་དུ་རྗེས་དྲན། འགྲོ་ཀུན་ཕ་མར་རྗེས་དྲན། གནས་ལུགས་སྟོང་པ་རྗེས་དྲན་ཏེ་རྗེས་དྲན་ལྔར་བསྡུས་ནས་ཉམས་སུ་ལེན་ཚུལ་རྒྱས་པར་གསུངས་ཏེ། དེ་ནི་ཐིག་ལེ་བཅུ་དྲུག་གི་གདམས་ངག་འདིའི་ཉམས་ལེན་བྱ་ཚུལ་ཉིད་དོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།