དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་བརྒྱུད་རིམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-30 20:22:16     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 698386197196313547.jpg

                    དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ནི། འཕགས་ཡུལ་གྱི་གྲུབ་ཆེན་ལཱ་ལི་ཏས་འཇམ་དཔལ་མཚན་བརྗོད་ཞལ་འདོན་དུ་མཛད་པ་ན། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང༌། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པ་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་རྣམས་ཀྱི་དོན་ལ་བསམས་པ་ན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་དང་གཤིན་རྗེའི་གཤེད་དམར་ནག་གི་རྒྱུད་རྣམས་ཡོད་པར་བསམས་ནས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ལ་རྩད་བཅད་ཀྱང་དེ་དུས་རྒྱུད་འདི་དག་འཕགས་ཡུལ་ན་མ་བཞུགས་པས་མ་རྙེད། ཨྱོན་གྱི་ཡུལ་ན་བཞུགས་པར་རིག་ནས་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ། རྒྱལ་བའི་བསྟན་པ་འབའ་ཞིག་ལ་དགོངས་ཏེ་ཉིད་ཀྱི་སྐུ་དང་སྲོག་ལའང་མི་ལྟ་བར་དཀའ་བ་ཆེན་པོས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གཤིན་རྗེའི་གཤེད་དམར་ནག་གཉིས་ཀྱི་དབང་རྣམས་གནང༌། གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་སྩལ། སེམས་ཅན་རྣམས་ཀྱི་དོན་དུ་རྒྱུད་ཀྱི་གླེགས་བམ་གནང་དགོས་པར་གསོལ་བ་བཏབ་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཆོས་མཛོད་ཞལ་ཕྱེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་རྟོག་པ་སུམ་བརྒྱ་ཡོད་པ་རྣམས་བསྟན་ཏེ་ཞག་བདུན་གྱི་རིང་ལ་འདིའི་ནང་ནས་གང་བློ་ལ་གཟུང་ཐུབ་པ་རྣམས་ཟུངས། དེ་ལས་མི་ཡོང་ཞེས་རྒྱུད་ཐམས་ཅད་མ་གནང་བ་ན་གྲུབ་ཆེན་གྱིས་ཞག་བདུན་གྱི་རིང་ལ་གླེགས་བམ་ཆེན་པོ་འདི་ནས་མང་པོ་ཞིག་འཛིན་མི་ཐུབ་པས་སྨོན་ལམ་གདབ་པ་གལ་ཆེ་དགོངས་ནས་ཞག་བདུན་གྱི་རིང་རྒྱུད་ཀྱི་གླེགས་བམ་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱེད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པ་ན་ཞག་བདུན་སོང་བའི་ཉིན་རྟོག་པ་སུམ་བརྒྱའི་ནང་ནས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པའི་རྒྱུད་རྟོག་པ་བདུན་པ་འདི་ཐུགས་ལ་ཝལ་གྱིས་ཤར། འདི་ལ་ནོར་འཁྲུལ་དང་ལྷག་ཆད་ཡོད་དམ་མེད་བལྟ་དགོས་དགོངས་པ་ན། དེའི་ཐད་ཀྱི་གླེགས་བམ་རང་ཞལ་བྱེ་ནས་ཐུགས་ལ་གང་ཤར་བ་དེ་ཁ་ཇི་བཞིན་དུ་བྱུང༌། དེ་མ་ཐག་གླེགས་བམ་རྣམས་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་ཆོས་མཛོད་དུ་བཞུགས་སུ་གསོལ།

                    དེ་ནས་གྲུབ་ཆེན་ལཱ་ལི་ཏས་འཕགས་ཡུལ་དུ་ཕེབས་ནས་གཤིན་རྗེའི་གཤེད་དམར་ནག་འཇིགས་གསུམ་ག་དང༌། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་རིམ་གཉིས་ཀྱི་མན་ངག་རྒྱུད་ཀྱི་ལུང་རྣམས་སྐལ་བ་དང་ལྡན་པ་མང་པོ་ལ་རྒྱ་ཆེར་སྤེལ་བས་ལམ་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཆེས་མང་བ་བྱུང༌། རྒྱུད་འཛིན་འཕྲིན་ལས་ཀྱི་བཀའ་བབ་པ་ནི་གྲུབ་ཆེན་དོན་ཡོད་རྡོ་རྗེ་ཆེ་ཆུང་གཉིས་སོ། །དོན་ཡོད་རྡོ་རྗེ་ཆུང་བས་གྲུབ་ཆེན་པདྨ་བཛྲ་ལ་གནང༌། དེས་གྲུབ་ཆེན་མར་མེ་མཛད་སྲུང་ཆེན་པོ་ལ་གནང༌། དེས་རྒྱུད་འདི་སྤེལ་བའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་རྭ་ལོ་རྡོ་རྗེ་གྲགས་ལ་གནང༌། རྭ་ལོ་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་སའི་ཆ་ཐམས་ཅད་དུ་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་རྒྱ་ཆེར་སྤེལ་ཞིང༌། རྒྱུད་འདི་དབུ་འཕང་མཐོན་པོར་བྱས་ཏེ་རྟོག་བདུན་གྱི་ལུང་རེ་ཙམ་ཞུ་བ་ལའང་གསེར་སྲང་མང་པོ་འབུལ་དགོས་པ་གསེར་ཆོས་ཁོ་ནར་མཛད། དེའི་ཚེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོ ར་གྱི་སྒོ་ནས་ལས་བཞིའི་འཕྲིན་ལས་གྲུབ་པ་དང༌། རིམ་གཉིས་ལ་མྱོང་བ་ཐོན་པ་དང༌། རིམ་པ་དང་པོ་མཐར་སོན་པ་དང༌། རྫོགས་རིམ་གྱི་རྟོགས་པ་ཐོབ་པ་སོགས་ལམ་འདིའི་ནུས་པ་ཐོན་པ་བགྲང་བ་ལས་འདས་པ་བྱུང་ངོ༌། །རྭ་ལོ་ཆེན་པོས་རྒྱ་ཆེར་སྤེལ་བར་མཛད་པ་ལས་འཕྲིན་ལས་རྒྱུད་འཛིན་གྱི་བཀའ་བབ་ནི་རྭ་ཆོས་རབ་བོ། །རྭ་ཆོས་རབ་ཀྱིས་རྭ་ཡེ་ཤེས་སེང་གེ་ལ་གནང༌། དེས་རྭ་འབུམ་སེང་ལ་གནང༌། དེས་རྗེ་བཙུན་རྒ་ལོ་ལ་གནང༌། དེས་རོང་པ་ཤེས་རབ་སེང་གེ་ལ་གནང༌། དེས་བླ་མ་ཡེ་ཤེས་དཔལ་བ་ལ་གནང་སྟེ་བླ་མ་གོང་མ་དེ་དག་ཐམས་ཅད་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་གཉིས་ལ་ནུས་པ་ཐོན་པ་ཤ་སྟག་གོ །བླ་མ་ཡེ་ཤེས་དཔལ་བས་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་གནང་སྟེ། ཆོས་རྗེ་དོན་གྲུབ་རིན་ཆེན་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གྲུབ་ཐོབ་ཏུ་ཡོངས་སུ་གྲགས་པ་ལྟར་ཡིན་ཞིང༌། ཆོས་རྗེ་དེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ཏེ་གསོལ་བ་ཤུགས་དྲག་ཏུ་བཏབ་པ་ན་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་ནས་ང་སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་སླེབ་ཡོང་བས་དེའི་བར་བདེ་བར་གྱིས་ཞེས་གསུངས། དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཁོང་རང་བཞུགས་སའི་ལུང་པའི་མདའ་ན་རྗེ་རིན་པོ་ཆེ་འཁྲུངས་སའི་ཡུལ་ཙོང་ཁ་ཡོད་པས་དེར་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་པ་ཅི་འདྲ་ཞིག་ཡོང་སྙམ་དུ་བརྟགས་པ་ན་ཙོང་ཁར་ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་པ་བྱོན་པར་རིག་ནས་ཡབ་ཡུམ་དེ་གཉིས་ལ་སྤྲུལ་བའི་སྲས་དེ་ལ་གཙང་སྦྲ་དང་གཅེས་སྤྲས་བྱེད་དགོས་པའི་བཀའ་ནན་ཏན་དུ་གནང་ཞིང་དམ་རྫས་བདུད་རྩི་རིལ་བུ་བཞེས་རྒྱུ་དང༌། སྐུ་ལ་བཅང་རྒྱུའི་སྲུང་མདུད་སོགས་གནང་སྟེ་སྤྲུལ་པའི་སྐུ་དེ་མཇལ་བར་ཕེབས། དེ་ནས་ཡབ་ཡུམ་གཉིས་ལ་ཟང་ཟིང་གི་དངོས་པོ་ཚད་མེད་པ་གནང་སྟེ་སྤྲུལ་པའི་སྐུ་འདི་ང་ལ་དགོས་ཞེས་རྗེ་རིན་པོ་ཆེ་འཁྲུངས་མ་ཐག་ནས་བདག་གིར་མཛད་དོ། །

                    དེ་ལྟར་ན་རྗེ་རིན་པོ་ཆེ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་བསྟན་པ་དང་འགྲོ་བའི་དོན་དུ་བསམ་བཞིན་དུ་བྱོན་པ་ཞིག་ཡིན་ལ། དེ་ལྟ་ནའང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་འདོམས་པའི་ཕྱིར་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཡིན་ཞེས་ཞལ་གྱིས་མ་བཞེས་པར་ཐ་མལ་པའི་ཚུལ་བཟུང་སྟེ། ཆོས་རྗེ་དོན་གྲུབ་རིན་ཆེན་ཡོངས་འཛིན་དུ་བསྟེན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གདམས་ངག་རྣམས་ལེགས་པར་གསན་ཏེ་དགུང་ལོ་བདུན་བརྒྱད་ཀྱི་དུས་ཙམ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། དུས་ཕྱི ས་དབུས་སུ་ཕེབས་ནས་བླ་མ་དབུ་མ་པས་མཚམས་སྦྱར་ཏེ་རྗེ་བཙུན་འཇམ་པའི་དབྱངས་ལ་འཇམ་དབྱངས་ཆོས་སྐོར་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་གདམས་ངག་མང་དུ་གསན་ཞིང༌། དེ་ནས་རྗེ་བཙུན་འཇམ་དབྱངས་ཉིད་ཀྱིས་དངོས་སུ་ཞལ་བསྟན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས་ཤིང༌། ལྷག་པར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་གནང་བའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ནས་དབང་བཞི་ཡོངས་སུ་རྫོགས་པ་བསྐུར་བ་དང༌། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྲུང་མར་བཀའ་བསྒོ་བ་སོགས་མཛད་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཡོད་པར་གསུངས། དེས་ན་ཐུན་མོང་མིན་པའི་དབང་དུ་བྱས་ན་རྗེ་རིན་པོ་ཆེ་རང་ཉིད་རྗེ་བཙུན་འཇམ་དབྱངས་དངོས་ཡིན་པར་མ་ཟད་ཡི་དམ་ཞི་ཁྲོ་གཉིས་ཀས་རྗེ་རིན་པོ་ཆེ་ལ་དངོས་སུ་ཞལ་བསྟན་ནས་ཡི་དམ་འདིའི་དབང་དང་གདམས་ངག་རྣམས་རྫོགས་པར་གནང་བ་ཡིན་པས་ཉེ་རྒྱུད་ཐུན་མོང་མིན་པའི་རྒྱུད་རིམ་གསོལ་འདེབས་སུ་བྱས་ན་འདི་ལྟར།

                   འཇམ་དཔལ་རྡོ་རྗེ་རྒྱལ་བ་ཙོང་ཁ་པ། །མཁས་གྲུབ་སྐུ་མཆེད་དྷརྨ་བཛྲ་ཞབས། །དབེན་ས་ཡབ་སྲས་བློ་བཟང་ཆོས་ཀྱི་རྒྱལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གྲུབ་པ་མཆོག་བརྙེས་དཀོན་མཆོག་རྒྱལ་མཚན་དང༌། །དཀྱིལ་འཁོར་མངའ་བདག་བློ་བཟང་ཡེ་ཤེས་ཞབས། །རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་ཀུན་ཐུགས་རྗེའི་ངོ་བོ་བྱམས་པའི་མཚན། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མ་རུང་གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །འཇིགས་བྱེད་ཁྲོ་བོ་ཆེན་པོའི་སྐུར་བསྟན་པ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ལྟར་བསྟོད་པས་བྱང་ཆུབ་སྙིང་པོའི་བར། །འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་ཀུན་གྱིས་རྟག་ཏུ་འབྱོར་གྱུར་ཅིག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་སྟེ། །རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱི ན་ནས། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་པའོ། །རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ལ་གནང༌། དེས་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ལ་གནང༌། རྗེ་དེ་ཉིད་ཀྱི་ཞབས་དྲུང་དུ་བདག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལེགས་པར་ཐོབ་ཅིང༌། ཡང་རྗེ་བློ་བཟང་ཡེ་ཤེས་ཀྱིས་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་ལ་གནང༌། དེས་རྡོ་རྗེ་འཛིན་པ་ཡེ་ཤེས་དཔལ་འབྱོར་ལ་གནང༌། རྡོ་རྗེ་འཛིན་པ་དེའི་ཞབས་དྲུང་དུ་བདག་གིས་ཡི་དམ་འདིའི་དབང་ཐོབ། ཡང་རྗེ་བློ་བཟང་ཡེ་ཤེས་ཀྱིས་མཁན་ཆེན་ངག་དབང་བློ་བཟང་ལ་གནང༌། དེས་ཁྲི་ཆེན་ནམ་མཁའ་བཟང་པོ་ལ་གནང༌། དེའི་ཞབས་དྲུང་དུ་བདག་གིས་ཡི་དམ་འདིའི་དབང་ཐོབ། ཡང་རྗེ་བཙུན་ཤེས་རབ་སེང་གེ་ནས་སྲད་རྒྱུད་གོང་མ་རྣམས་ལ་རིམ་གྱིས་བརྒྱུད་པ་རྗེ་བཙུན་བླ་མ་ངག་དབང་བྱམས་པའི་ཞབས་དྲུང་དུ་བདག་གིས་ཡི་དམ་འདིའི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ལེགས་པར་ཐོབ་བོ། །

                  གསང་བདེ་འཇིགས་གསུམ་གྱི་བརྒྱུད་རིམ་གོང་དུ་བསྟན་པ་དེ་དག་ཀྱང་དེང་སང་ཡོངས་གྲགས་ལྟར་བཀོད་པ་ཡིན་གྱི། འདི་དག་ལ་ནང་གསེས་ཀྱིས་ཕྱེ་ན་རྒྱ་གར་གྲུབ་ཆེན་མང་པོ་ནས་བརྒྱུད་པའི་བརྒྱུད་རིམ་དང༌། ལོ་ཙཱ་བ་མང་པོ་བརྒྱུད་པ་དང༌། དེ་ལའང་དབང་གི་བརྒྱུད་པ་དང༌། རྒྱུད་ཀྱི་ལུང་གི་བརྒྱུད་པ་དང༌། རིམ་གཉིས་ཀྱི་མན་ངག་མྱོང་ཁྲིད་ཀྱི་བརྒྱུད་པ་དང༌། རྩ་བཤད་སྦྱར་བའི་བཤད་སྲོལ་གྱི་བརྒྱུད་རིམ་སོགས་མང་དུ་ཡོད་དེ། རྗེ་རིན་པོ་ཆེའི་གསན་ཡིག་དང༌། མཁས་གྲུབ་རིན་པོ་ཆེའི་གསན་ཡིག་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསན་ཡིག་དང༌། ཀུན་མཁྱེན་ལྔ་པ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་དང༌། རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་གསན་ཡིག་སོགས་ལས་གསུངས་པ་ལྟར་རོ།། །།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།