དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་བརྒྱུད་རིམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-30 20:16:27     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

698386197196313547.jpg

                    དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་ནི། སྟོན་པ་ཐུབ་དབང་རྡོ་རྗེ་འཆང་གིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འཁོར་ལོ་སྡོམ་པའི་དབང་དང་རྒྱུད་ཡོངས་སུ་རྫོགས་པ་གནང༌། གསང་བའི་བདག་པོས་གྲུབ་ཆེན་ས་ར་ཧ་ལ་གནང༌། དེས་དཔལ་མགོན་འཕགས་པ་ཀླུ་གྲུབ་ལ། དེས་དཔལ་ཤ་བ་རི་པ་ལ། དེས་གྲུབ་ཆེན་ལཱུ་ཧི་པ་ལ། དེས་རྒྱལ་པོ་དྷ་རི་ཀ་པ་ལ། དེས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ། དེས་གྲུབ་ཆེན་རུས་སྦལ་ཞབས་ལ། དེས་གྲུབ་ཆེན་ཛཱ་ལན་དྷ་ར་པ་ལ། དེས་གྲུབ་ཆེན་ནག་པོ་སྤྱོད་པ་ལ། དེས་གྲུབ་ཆེན་གསང་བ་པ་ལ། དེས་གྲུབ་ཆེན་རྣམ་རྒྱལ་ཞབས་ལ། དེས་གྲུབ་ཆེན་ཏཻ་ལོ་པ་ལ། དེས་པཎ་ཆེན་ནཱ་རོ་པ་ལ། དེས་ཕམ་མཐིང་པ་སྐུ་མཆེད་ལ། དེས་གློག་སྐྱ་ཤེས་རབ་བརྩེགས་ལ། དེས་མལ་ལོ་ཙཱ་བ་བློ་གྲོས་གྲགས་ལ། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ། དེས་རྗེ་བཙུན་བསོད་ནམས་རྩེ་མོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ། དེས་ཆོས་རྗེ་ས་པཎྜི་ཏ་ལ། དེས་རྒྱལ་སྲས་བསོད་ནམས་སེང་གེ་ལ། དེས་སློབ་དཔོན་སངས་རྒྱས་འབུམ་ལ། དེས་མཆོག་ལྡན་ལེགས་པའི་བློ་གྲོས་ལ། དེས་བླ་མ་དཔལ་ལྡན་སེང་གེ་ལ། དེས་བུ་སྟོན་རིན་ཆེན་གྲུབ་ལ། དེས་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལ། དེ་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་གསན།

                    རྗེ་རིན་པོ་ཆེ་ནས་བརྒྱུད་རིམ་ཕལ་ཆེར་གསང་བ་འདུས་པ་དང་འདྲ་བ་ལ་བདེ་མཆོག་ལཱུ་ཧི་པའི་རིམ་གཉིས་ཀྱི་མན་ངག་རྣམས་ཐང་སག་པ་དངོས་གྲུབ་རྒྱ་མཚོས་གྲུབ་པའི་དབང་ཕྱུག་འཇམ་དབྱངས་བདེ་བའི་རྡོ་རྗེ་ལ་གནང༌། དེས་རྗེ་བཙུན་ངག་དབང་བྱམས་པ་ལ་གནང༌། གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་གི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ་གནང༌། དེས་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ལ་གནང༌། དེས་མཁས་གྲུབ་བློ་བཟང་མཁས་བཙུན་ལ་གནང༌། དེས་རྗེ་བཙུན་ངག་དབང་བྱམས་པ་ལ་གནང་སྟེ། རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་མེད་དེ་ཉིད་ཀྱི་ཞབས་དྲུང་དུ་བདག་གིས་ལེགས་པར་ཐོབ་བོ། །བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་རྩ་འགྲེལ་སྦྲགས་པའི་ལུང་དང་རྩ་བཤད་སྦྱར་བའི་མན་ངག་ནི་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞབས་དྲུང་དུ་བདག་གིས་ལེགས་པར་ཐོབ་བོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།