རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཅུ་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 10:08:54     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

847887618094987906.jpg

                     དེ་ནས་ཟླ་བ་བཅུ་པའི་ཚེས་བརྒྱད་ཀྱི་ཐོ་རངས། སློབ་དཔོན་དཔལ་ཡེ་ལ་ང་ཡར་ཙོང་སློ ངས་ལ་མདུན་རྒྱབ་ཅིག་སྒྱུར་གསུངས་ཏེ། དེ་བཞིན་བྱས་པས། ཕྱག་ཐལ་མོ་སྦྱར་ནས། ཡུན་རིང་པོ་བཤུམས་པའི་བར་སྐབས་ཤིག་ཏུ་གསུང་མང་པོ་འབྱོན་པའི་ཚིག་འབྲུ་གང་ཡིན་མ་གོ་ནས་ནང་པར་རྒྱུ་མཚན་ཞུས་པས། ང་སྙེས་ཉལ་བྱས་པས་དེའི་མདུན་ན་རྗེ་བཙུན་མ་བྱོན་འདུག་པས། རྗེ་བཙུན་མའི་མདུན་དུ་ང་ཉལ་བསྡད་པས་མི་ཡོང༌། ཙོང་ལངས་ལ་གསོལ་བ་བཏབ་དགོས་བསམས་ནས་དེ་ལྟར་བྱས་པ་ཡིན་གསུངས་པ་ལ། རྗེ་བཙུན་མ་རྣལ་འབྱོར་མ་ལགས་སམ་སྒྲོལ་མ་ལགས་ཞུས་པས། སྤྱན་ནམ་མཁའ་ལ་ཆེར་མཛད་ནས་སྒྲོལ་མ་སྒྲོལ་མ་ཞེས་ལན་གཉིས་གསུངས་པས། རྗེ་བཙུན་མ་གསུང་འབྱོན་གྱི་གདའ་ལགས་སམ་ཞུས་པས། ཧེ་དེ་འདྲ་མི་འདུག་སྟེ། འོ་སྐོལ་ངོས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་མ་བཟོད་ནས་རྗེ་བཙུན་མ་ལ་བྱས་པ་མེད་པའི་ཡུས་མང་པོ་བཙོངས་གསུངས། དེ་དང་དུས་མཉམ་པར་མྱང་སྟོད་དུ་སི་ཏུ་འཕགས་པའི་སར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཞིག་ལ། ལྷ་ཁ་བབ་ནས་དང་པོ་དམག་གི་གཡུལ་རྒྱལ་ཕམ་འཆད་པའི་འཕྲོ་ལ། དེ་འདྲ་རྣམས་ལྟ་ཆ་མེད་དེ། ཉི་མ་ནུབ་ཕྱོགས་ཡ་གི་ན། བླ་མ་རྒྱལ་སྲས་ཐོགས་མེད་བྱ་བ་ཟླ་བ་བཅུ་པའི་ཚེས་བརྒྱད་ལ་རྗེ་བཙུན་མ་སྒྲོལ་མས་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་གདན་དྲངས་ནས་འགྲོ་བར་འདུག་ཟེར་བ་ཞེས་གྲག་གོ །

                   དེ་དུས་ཉིན་གཅིག་ད་རུང་འཆི་ནི་མི་འཆི་བར་འདུག་ཀྱང་རྩ་ཁོ་ནི་བཏུལ་འདུག །རྩ་ལའང་འཇུ་ས་མི་འདུག་གསུངས་ནས་ཕྱག་བརྐྱང་བྱུང་བ་ལ་བལྟས་པས། རྩ་བཏུལ་འདུག་སྟེ། དེ་ལ་བརྟེན་ནས་སྙུན་གཡོག་ཅོག་གིས། བླ་མ་ལ་མོས་གུས་ཆེ་རབ་ཡོད་ཀྱང་སངས་རྒྱས་དངོས་ཀྱི་འདུ་ཤེས་མེད་པའི་རྟགས་སམ། འོན་ཀྱང་གསུང་འདི་རྣམས་འབྱོན་པའི་རྐྱེན་དུ། རྩ་བཏུལ་ནས་ཆེན་པོ་མི་སྡོད་པ་ཡིན་ཟེར། གལ་ཏེ་མི་འདོད་པ་ཐོག་ཏུ་བབ་ནས་སྐུ་གཤེགས་ན། འཕོ་བ་ལ་སོགས་པ་ཐུགས་དམ་གྱི་གསལ་འདེབས་འདི་ལྟར་གྱིས་གསུངས་པའི་ཞལ་ཏ་ཐུགས་ལ་འདོགས་མི་འཚལ་ལམ་ཞུས་པས། ཧེ་ཉིད་ན་རེ། མི་འདོད་པ་ཐོག་ཏུ་བབ་ནས་ཤི་ན་ཟེར་གྱིན་འདུག་སྟེ། ཤི་ཡང་མི་འདོད་པ་ཐོག་ཏུ་བབ་པ་མིན། འདི་ཀོ་ཡོང་བའི་གྲབས་ཤིག་སྔར་ནས་ཚར། མི་རྒན་གྱི་ལས་ཐབས་ཟིན། ཕོ་ལོ་ཡང་བདུན་ཅུ་དོན་ལྔ་ལོན་འདུག །ཚེ་ཡང་ཐུང་ཐུང་མིན། མཚམས་གྲོལ་ནས་མི་མང་པོ་འཚོགས་པ་དང༌། ཆོས་སྟོན་པའི་འཕྲོ་ཡང་མེད་པས་ན་བས་དུས་ཀྱང་སྔ་ཕྱི་རན། འདི་འདྲ་ཞིག་མ་གྲུབ་སྙམ་པའི་བློའི་ལྷག་མ་ཡང་ལུས་པ་མེད། དོ་ཅིག་ནས་སྟོན་དུས་འགྲོ་དོན་དགའ་རབ་ཡོང་གི་འདུག་སྟེ། འགྲོ་དོན་ཆུང་དུ་ཡང་མི་འགྲོ་མཆི། བྱང་ཆུབ་ཀྱི་སེམས་གཉིས་པོ་འདི་དང་ནམ་ཡང་འབྲལ་མ་མྱོང༌། ན་བའི་རྐྱེན་གྱིས་རྨི་ལམ་སོར་ཚུད་བྱས་པ་དང་འདྲ་བར། ཅི་ཡིན་ཆ་མེད་ཅིག་ལ་ཁ་སང་སྤྱི་བོ་ན་བ་ནས་བཟུང་སྟེ་དེང་སང་གི་བར་དུ་ལུས་ལ་ཤེད་མེད་ཀྱང༌། ལྷག་པར་དུ་བྱང་ཆུབ་ཀྱི་སེམས་གཉིས་འཕེལ་བའི་སྐབས་འདི་འདྲ་འཛོམ་པའི་འཆི་བ་རྙེད་དཀའ་ཡང༌། བདག་གིས་འབད་མེད་དུ་རྙེད་པས་དཀོན་མཆོག་གི་དྲིན་ཡིན། དེ་ལྟ་བུའི་ངང་ནས་འཆི་བ་དེ་ཀ་ལ་འཕོ་བ་ཟེར་བ་ཡིན། གཞན་གསལ་འདེབས་བྱ་རྒྱུ་ཅི་ཡང་མེད། བྱས་ཀྱང་དགའ་རུ་ཨེ་གཏོང་མི་ཤེས། དེ་ཡི་སངས་རྒྱས་རྗེས་དྲན་སོགས། སུས་ཀྱང་གཡེངས་པར་འགྱུར་བ་མེད། ཅེས་པ་དེ་དང་ཁྱེད་རང་རྣམ་པ་ཡང་མ་འགལ་བ་མཛོད་གསུངས།

                   དེ་ནས་ཉེ་གནས་ཀྱིས་ད་ཞལ་མི་བཞུགས་ན་ཞིང་ཁམས་གང་དུ་སྐྱེ་བ་བཞེས་ཞེས་ཞུས་པས། འགྲོ་ལ་ཕན་པར་གྱུར་ན་དམྱལ་བར་འགྲོ་བ་ཡང་ཤིན་ཏུ་སྤྲོ། མི་ཕན་ན་དག་པའི་ཞིང་ཡང་མི་འདོད་ལགས་གསུངས། དེ་དུས་དགོང་གཅིག་མཎྜལ་དང་མཆོད་པ་རྣམ་ལྔ་ཁྱེར་ཤོག་གསུངས་ནས།བདུད་རྩི་ཕྱག་མཛུབ་ཀྱིས་གཏོར་ཞིང་ཕུད་མཆོད་རྒྱས་པ་རེ་མཛད། ཡང་ཕྱག་ཐལ་མོ་སྦྱར་ཞིང་དབུ་དུད་པོ་རེ་མཛད་མཆོད་པ་རྣམ་ལྔ་ཕྱག་རྒྱ་དང་བཅས་པ་ལན་ལྔ་ཙམ་སྐྱར་གྱིན་དབུལ། དྲུང་ན་འཁོད་པ་རྣམས་ལ་ཡང་མཆོད་པ་ཕུལ་གསུངས་ནས་སྤྱན་ཆབ་མང་པོ་འབྱིན་གྱིན་འདུག་པའི་ནང་པར་རྒྱུ་མཚན་ཞུས་པས། ཡི་དམ་གྱི་ལྷ་འདྲ་བྱོན་པས་ཁྱེད་རྣམས་ལ་ཡང་མཆོད་པ་ཕུལ་བྱས་པ་ཡིན། གཞན་བཤད་རྒྱུ་ཙམ་མི་གདའི་གསུངས་ནས་ཞིབ་ཆ་གསུང་དུ་མ་གནང༌། དེ་ནས་སློབ་དཔོན་ཡོན་ཏན་འོད་སྙུན་གཡོག་རེ་མོས་ལ་ཡོད་པའི་སྐབས་སུ། ནུབ་ཅིག་སྲོད་ཀྱི་ཆ་ལ་མ་དག་པའི་ལས་སྣང་ཐམས་ཅད་འགགས་ནས། ཞིང་ཁམས་རྣམ་པར་དག་པ། མཛེས་ཤིང་ཡིད་དུ་འོང་བ། དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་དབྱིངས་ལྟར་རྒྱ་ཁྱོན་དང་ཚད་རྩ་བ་ནས་གཞལ་བར་མི་ནུས་པ་འདུག་གསུང་གིན་ཕྱག་ནམ་མཁའ་ལ་ཡུག་ཡུག་མཛད་དེ། མནན་ན་ནེམ་གྱིས་བྱེད་ཅིང་བཏེག་ན་སྤར་གྱིས་བྱེད། རེག་ན་བདེ་བ་བསྐྱེད་པ་ལ་སོགས་པ་མཚར་དུ་ཆེ་བ་ཞིག་གི་དབུས་ན་རང་རེ་འདུག་དེའི་ཁོར་ཡུག་ཀུན་འཁོར་གྱི་ཚོགས་གྲངས་མེད་པས་བསྐོར་འདུག དེ་དུས་ཙ་ན་ཡོད་པའི་གནད་ཡིན་ནམ། བླ་མ་རྒྱལ་བ་རྣམ་པ་གསལ་བར་འདུག གཞན་ཡང་འོད་གསལ་གྱི་སྣང་བ་ཟ་ཟི་ལང་ལོང་བརྗོད་ཀྱིས་མི་ལང་བ་ཞིག་འདུག་སྟེ། ད་སྟེ་མགྱོགས་པོར་འགྲོ་བར་འདུག་གསུངས།

                   དེའི་ནང་པར་སློ བ་དཔོན་དཔལ་ཡེ་ཤེས། གླང་རི་ཐང་པ་བདེ་བར་གཤེགས་པ་བཞིན་དུ། དག་པའི་སྣང་བ་འབའ་ཞིག་ཏུ་གདའ་ལགས་སམ་ཞུས་པས། ད་ལྟ་ཟ་ཟིའི་སྣང་བ་སྣ་ཚོགས་ཤིག་ལ་ཡེངས་ནས་འགྲོ་ཡི་འདུག་སྟེ། དེ་ཐམས་ཅད་ལ་མངོན་ཞེན་བྱ་རྒྱུ་མེད་རྨི་ལམ་སྒྱུ་མ་དང་འདྲ་གསུངས། བདེ་བར་གཤེགས་ལ་ཁད་པའི་དུས་དེར་ཡང་སྔར་ནས་ཉལ་བ་དང་སྙེས་པ་ལ་མ་གོམས་པས། ཙོག་ཙོག་པུར་སྡོད་པ་འདི་ཀ་བདེ་བ་འདུག་གསུངས་ནས་དང་པོ་བསྙུན་པའི་འགོ་བརྩམས་ནས་ཕྱིས་བདེ་བར་གཤེགས་ཀྱི་བར་དུ་སྐུ་རྣམ་སྣང་གི་ཆོས་བདུན་དང་ནམ་ཡང་མི་འབྲལ་བའི་ངང་ལས། བཅུ་དགུའི་ནུབ་མོ་ནས་གསུང་བཅད་མཛད་དེ། སྤྱན་ལ་ཡང་འགྱར་འགྱུར་མེད་པར་འོད་གསལ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བ་དང༌། ལས་ཚུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་དང༌། ཞིང་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེན་པོར་དགོངས་ཏེ་སེམས་དཔའ་ཆེན་པོ་ཉིད་ཀྱིས་དགུང་ལོ་བདུན་ཅུ་དོན་ལྔ་བཞེས་པ། ས་མོ་བྱའི་ལོ་ཟླ་བ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་ཉི་ཤུ། རེས་གཟའ་སྤེན་པ། སྐར་མ་ལག་པ་ཡོད་པའི་དགོང་མོའི་ཆ། གཟིམ་ཁང་ཆོས་རྫོང་གི་སྤུ་ཤུ་ལ་ཉི་མ་ནུབ་པ་དང་མཉམ་དུ་སྐུའི་བཀོད་པ་བསྡུས་སོ། །

                 དེའི་ནུབ་མཚན་མོ་ཡང་དངུལ་ཆུའི་སྟེང་གི་བར་སྣང་ཐམས་ཅད་འཇའ་ཚོན་རྣམ་ལྔ་དང༌། འོད་ཟེར་གྱི་རང་བཞིན་གྱིས་ཁེངས་ཤིང༌། སྒྲ་ཆེན་པོ་གྲག་པ་དང༌། དྲི་ཞིམ་པོའི་ངད་པས་ཁྱབ་པ་དང༌། ས་ཆེན་པོ་གཡོས་པས། སྨན་བླའི་ཅོག་ཁྲིའི་སྟེང་ནས་གསེར་སྐུ་ས་ལ་ལྷུང་བ་ཙམ་བྱུང༌། ལྷའི་མེ་ཏོག་གི་ཆར་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་བབས་སོ། །རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་བརྒྱུད་འཛིན་གྱི་སློབ་མ་མཐའ་ཡས་པ་བྱོན་ཡང་ཐེག་པ་ཆེན་པོའི་བློ་སྦྱོང་འདི་རྒྱ་ཆེར་སྤེལ་བའི་འཕྲིན་ལས་ཀྱི་བཀའ་བབ་པ་ནི་རྗེ་བཙུན་རེད་མདའ་པ་གཞོན་ནུ་བློ་གྲོས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ལ་གུས་པས་གསོལ་བ་འདེབས་ཤིང༌། སེམས་དཔའ་ཆེན་པོ་འདིའི་རྣམ་ཐར་ལྟར་དང་པོར་མདོ་སྔགས་ཀྱི་ལམ་གྱི་གནད་རྣམས་ལ་འཁྲུལ་མེད་ཀྱི་ངེས་པ་བརྟན་པོ་རྙེད་པར་བྱས། དེ་ནས་ཚེ་འདིའི་ཕུན་ཚོགས་གང་ལའང་མ་ཆགས་པར་དབེན་པའི་རི་སུལ་དུ་ལམ་ཆ་ཚང་ལ་སྒྲུབ་པ་སྙིང་པོར་བྱ་ཞིང་ལྷག་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པ་ལ་བརྩོན་པ་ལྷུར་བྱའོ།། །།

                                                                                                                         རྩོམ་སྒྲིག་པ། མང་ར་བ། 

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།