རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཅུ་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 10:03:54     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

575557663115211229.jpg

                     ཡང་དེའི་དུས་སུ་སེམས་དཔའ་ཆེན་པོས་ཁོང་རྣམ་གཉིས་ལ་ནད་པ་གཞན་དང་མི་འདྲ། དང་ཁ་མེད་ཀྱང་དགེ་སྦྱོར་འཕེལ་དུ་སོང་། རིག་པ་དྭངས་པོ་ཡོད་གསུངས། རྒྱལ་སྲས་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་པ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་དང༌། རྒྱལ་སྲས་ལག་ལེན། འཇུག་པ་སེམས་བསྐྱེད། སྤྱོད་འཇུག་གི་ཊཱིཀྐ། མདོ་སྡེ་རྒྱན་གྱི་ཊཱིཀྐ། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ། སྨྱུང་གནས་ཀྱི་ཆོ་ག །རྟེན་འབྲེལ་གྱི་ཁྲིད་ཡིག །བློ་སྦྱོང་བླ་མ་བརྒྱུད་པའི་གསོལ་འདེབས་སྨོན་ཚིག་དང་བཅས་པ། བློ་སྦྱོང་གི་བླ་མའི་རྣལ་འབྱོར་ལམ་གྱི་ལུས་ཡོངས་སུ་རྫོགས་པ། བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས། རང་གཞན་ལ་གདམས་པ་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་མཛད་དོ། །

                   དེ་ནས་ཟླ་བ་བདུན་པ་ནས་བསྙུན་ལོག་པའི་ཚུལ་བསྟན་ནས། སྤྱིར་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པས་བསྙུན་མི་མངའ་ཡང༌། རྒྱུད་བླ་མ་ལས། ཡང་དག་ཇི་བཞིན་མཐོང་བའི་ཕྱིར། །སྐྱེས་སོགས་རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་བ་དང་ནི་རྒ་བར་སྟོན། །ཞེས་གསུངས་པ་ལྟར། སྙུན་པའི་ཚུལ་བསྟན་པ་ལ། ད་རུང་སྨན་དང་ལྷ་རྗེ་བསྟེན་པར་ཞུ་ཞུས་པས། ན་སོ་མཐར་ཕྱིན་པ་དང༌། ནད་ཀྱང་བྱིང་ཆེས་པའི་ཕྱིར་ཕན་པར་དཀའ་བས་དགག་སྒྲུབ་མེད་པར་རང་སོར་གློད་ནས་འཇོག་པ་ཡིན། ལར་ཡང་རང་ཉིད་མི་བསྒྲུབ་པ་དེ་གཞན་ལ་བསྟན་པར་མི་རིགས། འོ་སྐོལ་གྱིས་དང་པོ་ས་སྐྱར་ཕྱིན་དུས་རྩིབས་རི་བ་ཡིན་པའི་རྟོགས་ལྡན་གཅིག་ས་སྐྱའི་ཡང་དགོན་ན་ནད་དྲག་པོས་བཏབ་འདུག་པ་གཅིག་གིས། ན་ཚ་ལ་སོགས་པ་ལམ་དུ་འཁྱེར་ན་ཇི་ལྟར་བྱེ ད་ཟེར་བ་ལ། བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི། ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང༌། །སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང༌། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་པ་མེད་ན་མེད་དེ་དགའ། །བསྲུང་གསོག་གི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་པ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་དུ་ཤི་ན་ཤི་བས་དགའ། །རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང༌། །མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས། །མ་ནོར་གྱི་ལམ་དུ་ཚུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཏོག་སྐྱེས་པ་ལ། །གདམས་ངག་གི་རླན་དྲོད་མ་ཡལ་བར། །ཡུན་དུ་བསྟེན་པས་སྨིན་པར་འགྱུར། །ཞེས་བསྟན་པ་བཞིན་དུ། འོ་སྐོལ་རང་ཡང་གང་བྱུང་ལ་དགའ་བ་བསྒོམ་པའི་མན་ངག་འདི་ཉམས་སུ་ལེན་པའི་ཕྱིར་ཕན་པའི་ཐབས་མི་འཚོལ། ན་བར་སྣང་བ་འདི་རྒྱུ་འབྲས་བསླུ་བ་མེད་པར་སྟོན་པའམ། སྒྲིབ་གཉིས་སྦྱོང་བའི་ཐབས་མཆོག་ཀྱང་ཡིན། དགེ་སྦྱོར་གྱི་བསྐུལ་མ་ལྟ་བུར་ཡང་འདུག་པས། འདི་མི་ཡོང་བའི་ཐབས་མི་འཚོལ། ཕྱོགས་ཀྱི་རིམ་གྲོ་བ་འདི་རྣམས་ཀྱིས་ཀྱང་ད་བར་ལ་འཆོར་མ་བཅུག་གསུངས་པ་ལ། དྲུང་གི་ཞལ་མཐོང་བ་དང༌། གསུང་ཐོས་སུ་རེ་བའི་གདུལ་བྱ་དཔག་མེད་མཆིས་པས། ད་དུང་སྐུ་ཚེ་བྱི ན་གྱིས་རློབས་པར་ཞུ་ཞུས་པས། ཕྲུ་བའི་ནང་ན་མེད་པར་གཟར་བུར་འབྱུང་བ་ནི་རིགས་པ་མིན་ནའང་ཕན་ཐོགས་པ་ཡང་མང་རབ་བྱུང༌། གཞན་དོན་གྱི་ལས་ལ་ཆེས་བྱ་བ་མ་མཆིས་ཀྱང༌། འོ་སྐོལ་གྱི་ཚོད་རྩིས་པའི་ཟང་ཟིང་ཡང་ཅུང་མང་པ་ཙམ་ཡང་ཡིན། ཤི་ན་ཡང་གཞན་དོན་ཆུང་དུ་ཡང་མི་འགྲོ་མཆི་གསུངས་པ་ལ། དྲུང་ནས་གཞན་དོན་གཞན་དུ་རྒྱ་ཆེ་ཡང༌། བདག་ཅག་གདུལ་བྱ་རྣམས་མགོན་མེད་པར་འགྱུར་བས། ཅི་ནས་ཀྱང་བཞུགས་པར་ཞུ་ཞུས་པས། ནུས་པ་མེད་ན་ལྷན་ཅིག་འགྲོགས་ཀྱང་དགོས་པ་ཆུང༌། ནུས་པ་བྱུང་ན་མྱུར་དུ་འགྲོ་བ་ཐམས་ཅད་སྒྲོལ་བར་འདོད་ན། བློ་གཏད་པའི་ལྟོས་ས་དང་བཅས་པ་ཁྱེད་རྣམས་ཡལ་བར་ག་ལ་འདོར། ང་དང་བྲལ་བ་ལ་མྱ་ངན་བྱ་མི་དགོས། རྒྱུན་དུ་གསོལ་བ་ཐོབ་དང་ཁོ་བོ་ཡོད་པ་དང་མཚུངས་ཀྱིས་གསུངས། དེའི་དུས་མཁན་ཆེན་བྱང་ཆུབ་རྩེ་མོ་བྱོན་ནས་གདན་བཞུགས་ཞུས་པས་མ་བཞེས་པར་ཚུར་ལ་གདན་བཞུགས་མཛད་དེ། སེམས་དཔའ་ཆེན་པོ་རང་གི་སྔར་གྱི་བཞུགས་གདན་གྱི་སྟེང་དུ་ཡང་གདན་བརྩེགས་གསུངས་ནས་མཁན་ཆེན་པ་བཞུགས་སུ་བཅུག །རྟེན་འབྲེལ་མཛད་པས། དངོས་སུ་གསུང་མ་བྱོན་ཡང་བཞུགས་གདན་གྱི་སྟེང་དུ་བཞུགས་སུ་འཇུག་པ་དེ། ཆོས་བརྒྱུད་ཟུངས་ཟེར་བའི་ཞལ་ཏ་རུ་གོ་ཞེས་ཉེ་གནས་སྟོན་པས་གསུངས་སོ། །

                   དེ་དུས་ཐམས་ཅད་ལ་མཇལ་ཁ་ཞིག་གཏོང་བར་ཞུས་པས། ད་ལྟའི་སྐབས་འདི་འདྲར་འཕྲད་ཀྱང་རང་གཞན་གཉིས་ཀ་ལ་གནོད་པ་ལས་མི་ཡོང་གསུངས། དེའི་དུས་ཀྱང་མཚན་བཅས་ཀྱི་ཐུགས་དམ་རྣམས་ཡེ་མ་ཆག་པར་མཛད་པ་དང༌། མནལ་བསྲུང་བའི་ཕྱིར་དཀོན་བརྩེགས་སྒྲགས་པའི་དུས་དང༌། མགུར་མ་བླངས་པའི་དུས་ཤུགས་ཆེན་པོ་བཤུམས་པས། དོ་ཞག་མཚན་བཅས་ཀྱི་ཐུགས་དམ་རྣམས་ཀྱང་གློད་པ་དང༌། ཁྱད་པར་དུ་སྙིང་རྗེའི་དམིགས་པ་མི་མཛད་པར་ཞུ། གློ་བུར་དུ་སེར་མ་བྱུང་དོགས་གདའ་ཞུས་པས། འོ་སྐོལ་གྱི་མཚན་མེད་ལ་མཚན་བཅས་ཀྱི་དགེ་སྦྱོར་གྱིས་མི་གནོད་པར་གདའ་ཞིང༌། ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ཕྱིར་རྩོལ་བ་ཅུང་ཟད་ཡོད་ཀྱང་བྱེད་པར་སྤྲོ་བར་འདུག །སྙིང་རྗེའི་དམིགས་པ་ཆེད་ཀྱིས་མ་བྱས་ཀྱང་འགྲོ་བའི་སྡུག་བསྔལ་དྲན་ཙ་ན་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འདུག །བྱུང་རྒྱལ་དུ་བཏང་ན་ཉིད་ཅག་རྣམས་ཡ་ང་བར་དོགས་ནས་དྲན་འཛིན་ཆེན་པོ་བྱས་པ་ཡིན། འཆི་ཁར་འཕོ་བ་ཡང་སྒོམ་པ་ལས་འདི་འདྲའི་འཕྲོ་ལ་ཤི་ན་ལེགས་པ་ཡིན་མོད་གསུངས། དེའི་དུས་སྤྱིར་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པ། ཁྱད་པར་དུ་སྒྱུ་ལུས་རྨི་ལམ་ལ་དབང་འབྱོར་བའི་མཁས་གྲུབ་ཆེན་པོ་སེམས་དཔའ་ཆེན་པོའི་ཐུགས་སྲས་བླ་མ་རྡོར་ཞོན་པ་བྱ་བ་དངུལ་ཆུ་ན་སྐུ་མཚམས་དམ་པོ་ལ་བཞུགས་པའི་ཆུ་སྐྱེལ་ལ་ཞུ་བ་བསྐུར་ནས། དྲུང་ནས་བསྙུང་བ་འདི་ལ་གསོལ་བ་ཐེབས་མི་ཐེབས་ཀྱི་རྨི་ལམ་ཞིག་བཟུང་ནས་ལན་ཅིག་ཡི་གེར་བཏབ་ནས་བསྐུར་བ་ཞུ་ཞུས་པས། ད་རེས་རང་གསོལ་བ་ཐེབས་སྙམ་པ་མི་འདུག ལྷག་པའི་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་འདུ་བ་དང༌། དཔའ་བོ་དང་མཁའ་འགྲོ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དང༌། ལྷ་དང་ལྷ་མོ་དུ་མས་མཆོད་པའི་ཚོགས་མཐའ་ཡས་པ་རྣམས་ཀྱིས་བསུ་བ་དང༌། ཆོས་རྗེ་ཉིད་ཀྱང་ཞིང་གཞན་དུ་གཤེགས་པ་ལ་ཐུགས་སྤྲོ་བའི་རྣམ་འགྱུར་ལ་སོགས་པའི་གཏན་ཚིགས་དུ་མ་ཞིག་འདུག་སྟེ། ཞིབ་ཏུ་བཤད་ན་ཅི་རིགས་ཀྱི་བློར་མི་ཤོང་བའི་རྒྱུ་མཚན་ཞིག་འདུག་པས་མི་འཆད་དེ་ཙམ་གྱིས་གོ་མོད་གསུངས། དེ་ནས་ཉེ་གནས་ཀྱིས་འོ་ན་འདི་ལྟར་གྱིས་གསུངས་པའི་ཞལ་ཏ་གསུང་བར་ཞུ་ཞུས་པས། རྒྱལ་སྲས་འདིའི་ཞལ་ནས་ཁ་ཆེམས་འཇོག་པ་སྐབས་སུ་བབ་འདུག་ནའང༌། ནད་ཀྱིས་གདུངས། ལུས་ཀྱི་ཤེད་ཟད་པའི་སྐབས་འདིར། ཚིག་བཞི་པ་རེ་རྩོམ་པ་དང༌། སྨྲ ས་པ་ལ་ཡང་ཅུ་གལ་ཡོང་གིན་འདུག་ལར་གྱིས་འོ་སྐོ ལ་ལ་ཁམས་བཟང་དུས། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ལའང༌། ཁྲིགས་ཁ་འདི་ལྟར་ཡིན་གྱི་ཏིག་ཏིག་མེད་པར་གང་བྱུང་ལ་གཏོང་གིན་ཡོད་པ་དེ་ཡིན་མོད། ད་འཆི་ཁ་དང༌། ཤི་བའི་རྗེས་ལ་འདི་ལྟར་བྱེ ད་ཀྱི་ཁྲིགས་ཁ་དེ་བས་ཀྱང་ག་ན་ཡོང༌། གལ་ཏེ་ཁ་ཆེམས་ལ་ཉན་མཁན་ཡོད་ན། སྔར་ཁམས་བཟང་དུས་རང་གི་ཤེས་ཚོད་དཔེ་འཁྱུད་མེད་པར་བསྟན། རྩོམ་པ་ཡང་ཆེ་ཆུང་ཅི་རིགས་པ་བྱས་ཤིང༌། ཁྱད་པར་དུ་ཚིགས་བཅད་ཆེ་ཆུང་མང་དག་ཅིག་ཡི་གེར་བཀོད་པ་དེ་རྣམས་ཁ་ཆེམས་ཡིན། དེ་མ་གཏོགས་དོ་ཞག་འབྲེལ་མེད་ཚིག་གསུམ་སྨྲས་པ་ལ་དགོས་པ་མེད། དེ་ཀ་ལ་བསམས་ནས། འཕྲད་ཀྱང་འདི་ལས་གཞན་པ་སྨྲ་རྒྱུ་མེད། ཤི་ཡང་ཁ་ཆེམས་གཞན་འགའ་མ་མཆིས་སོ། །

                   བྱས་པ་དེ་ཀ་ཡིན། ཉིད་ཅག་རང་རྣམས་ཀྱང་བློ་དཀོན་མཆོག་ལ་གཏོད་ལ། ཚེ་འདི་དང་མ་འདྲེས་པའི་ཆོས་རེ་གྱིས། སེམས་ཅན་གྱི་དོན་དུ་ཆོས་ཚུལ་བཞིན་དུ་བྱེད་པ་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་རྒྱུད་འཛིན་ཡིན་པ་ལ། འོ་སྐོལ་གྱིས་ལྟ་སྨོས་ཀྱང་ཅི་འཚལ། དེས་ན་ཀུན་གྱིས་ཆོས་བརྒྱུད་ཀྱང་ལེགས་པར་ཟུངས། ཁྱད་པར་དུ་སྟོན་པ་ཟླ་བཟང་རང་ཡང་དགེ་སྦྱོར་ལ་འབད་པ་ཐོན། བྱ་བྲལ་གྱི་མིང་བཏགས་ཡིན་པའི་ཕྱིར། ལོངས་སྤྱོད་མེད་ན་ལེགས་པས། ངའི་རྗེས་ལ་བྲེ་གང་བཏང་རྒྱུ་མ་བྱུང་ཡང་བཟོད། ནུས་པ་བྱུང་ཚད་ཀྱིས་སྙོམ་ཆུང་ལ་བྱམས་སུ་བྱེད་པ་དང༌། ཁྱད་པར་དུ་ད་ལྟ་རང་རེས་སྐྱོང་དགོས་ཀྱིན་ཡོད་པའི་མ་ནུས་པ་འདི་རྣམས་ལ་སྐྱོང་རན་ལེགས་པོ་གྱིས། སྡུག་གེ་རྣམས་སྙིང་རྗེ་བ་ཡིན་ནོ། །ལབ་རྒྱུའི་དངོས་གཞི་དེ་ག་ཡིན་གསུངས། ཡང་ཞལ་ནས་རྨི་ལམ་འཛིན་པ་འདི་ལ་སྔར་ནས་བྱང་ཆ་ཆེན་པོ་ཞིག་ཡོད། ཞིང་ཁམས་གྲངས་མེད་བལྟ་བ་དང༌། དེ་ན་བཞུགས་པའི་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཉན་པ་ལ་སོགས་པ་འབད་རྩོལ་མི་དགོས་པར་ཡོང་བ་ཞིག་བྱུང༌། བར་སྐབས་ཤིག་ཏུ་འགྲིབས་འདུག་པ་ཡིན་ཏེ། དེང་སང་ན་བ་འདིས་རྨི་ལམ་སོར་ཚུད་འདུག །མ་འགགས་པའི་སྣང་བ་འདི་མཚར་ཆེ། བར་སྐབས་སུ་འགྲིབ་པ་དེ་ཡང་བསོད་ནམས་སུ་མི་བཏགས་པའི་འདུ་ལོངས་འདིས་ལན་ནམ་བསམ། ལར་བློ་ཆོས་སུ་སོང་བ་དེ་བྱུང་ན་འཇིག་རྟེན་གྱི་བསོད་ནམས་ཆེན་པོ་སྐད་ཅིག་ཟེར་བ་འདི་ཀུན་མ་བྱུང་ན་རང་ལེགས་པ་འདུག་སྟེ། འབད་རྩོལ་གྱིས་མ་བསྒྲུབས་པར་བྱུང་ན་ལོངས་སྤྱོད་དུ་རུང༌། ཞེས་སོགས་ཀྱི་དགག་སྒྲུབ་མང་པོ་བཤད་འདུག་ནའང་། འབྱོར་ནའང་འབྱོར་པ་ལམ་དུ་སློང༌། རྒུད་ནའང་རྒུད་པ་ལམ་དུ་སློང་བ་འདི་ལ་ཅི་འདྲའི་ཅུ་གལ་ཞིག་འདུག་གསུངས། 

                                                                                                                       རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།