རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཅུ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:59:01     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

340863660901511406.jpg 

                    དེ་ཡང་སེམས་དཔའ་ཆེན་པོ་འདི་ནི་འབྱོར་པ་དང་ལྡན་པའི་མི་ཆེན་རྣམས་ལས་ཀྱང་སྙོམས་ཆུང་ཆོས་དོན་དུ་གཉེར་བ་རྣམས་ལ་མཉེས་ཤིང་ཁྱད་པར་དུ་ཁྲིད་ཞུ་བ་རྣམས་ལ་མཉེས་ཏེ། ཁྲིད་ཞུ་བ་འདི་རྣམས་དུས་རྒྱུན་དུ་སྒོམ་པ་མ་བྱུང་ཡང་ཁྲིད་ཞུ་བའི་རིན་དེ་ལ་འཇུར་པོ་རེ་སྒོམ་པར་འདུག །དེའི་སྟོབས་ཀྱིས་ཕལ་ཆེར་ལ་ཉམས་མྱོང་དགའ་རབ་རེ་སྐྱེ་ཡིན་འདུག་པས། གདུལ་བྱ་སྐྱོང་བའི་དུས་ཁྲིད་འབོགས་པ་འདི་རང་འགྲོ་དོན་ཆེ་གསུངས། ཕྱོགས་ནས་མཇལ་འཕྲད་པ་དང༌། བསྙེན་བཀུར་བ་ནང་ན་ཡོད་པའི་དུས་སུ་ཁྲིད་པ་རྣམས་འཚོགས་ནས་གདའ་ཞུས་ན། དོ་ཞག་མཚམས་གྲོལ་བའི་སྐབས་དེར་གལ་ཆེ་ཤོས་ཆོས་འཆད་པ་འདི་ཡིན་པས། གཞན་རྣམས་དུམ་པ་སྒོར་བྱོན། ཁྲིད་པ་ཚོ་ལ་ཤོག་གྱིས་གསུངས་ནས་ཆོས་གསུངས། འགྲོན་པོ་མང་རབ་རང་ནང་ན་ཡོད་ན། སྟ ན་ཕྱི ར་ཐོན་འོ་སྐོ ལ་རང་སྒོར་ཆོས་འཆད་འགྲོའོ་གསུངས་ནས་ཕྱིར་བྱོན་ཏེ་ཆོས་གསུངས་སོ། །ད་ལྟའི་སློབ་དཔོན་ཚོ་ལ་བལྟས་ཙ་ན་དེ་ལྟ་བུའི་མཛད་སྤྱོད་རང་དཀའ་བར་གདའོ། ཁྲིད་ཚར་བའི་རྗེས་ཐམས་ཅད་དུ་མི་ལ་རས་པས་དྭགས་པོ་ལྷ་རྗེ་ལ་གདམས་ངག་ཟབ་ཤོས་རང་གཅིག་ཡོད་པ་འགྲོ་ཁར་སྦྱིན་ཟེར་བའི་གཏམ་བརྒྱུད་གསུངས་ནས་ཐམས་ཅད་ལ་སྒོམ་སྐྱེ་བར་འདུག་པས་སྙིང་རུས་བསྐྱེད་ལ་སྒོམ་དགོས་པ་ཡིན་ཏེ། སྒོམ་ཆེན་པ་བྱ་བ་སྟན་ཐོག་ཏུ་སྡོད་ཚུགས་པ་ཞིག་རང་དགོས་གསུངས།

                    ཡང་དགོན་པ་གཤེགས་ཁར་ཁོང་གི་ཞལ་ནས། ཁྱེད་སྒོམ་ཆེན་ཕོ་མོ་རྣམས་ཀྱིས་རབ་ཀྱིས་ལོ་དགུ་དགུ། འབྲིང་གིས་ལོ་གསུམ། ཐ་མས་ཀྱང་ཟླ་བ་གསུམ་རི་ལ་བསྡད་ནས་སྒྲུབ་པ་མ་བྱས་ན། ང་དང་དམ་ཚིག་མེད་གསུངས་ནས་ཞལ་ཆེམས་བཞག་པར་འདུག དེ་བཞིན་དུ་ཐམས་ཅད་ཀྱིས་རྒྱུན་དུ་སྒོམ་པ་བྱུང་ན་ཤིན་ཏུ་ལེགས། ཐ་མ་ཡང་སྲོད་ཐོ་རངས་དྲན་ཙམ་རེ་མ་བྱས་ན་དམ་ཚིག་མེད་པ་ཡིན་ནོ་གསུངས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་སློབ་བུའི་རིགས་ཀྱང་རྒྱ་གར། རྒྱ་ནག །བལ་པོ། ཧོར། ཡུ་གུར། སོག་པོ། འགའ། མདོ་སྟོད་སྨད། དབུས་གཙང༌། ཡང་རྩེ། མངའ་རིས་ལ་སོགས་པའི་མི་རིགས་མི་གཅིག་པ་གྲངས་མེད་པ་ཞིག་སྨིན་ཅིང་གྲོལ་བར་མཛད་ཅིང༌། སེམས་དཔའ་ཆེན་པོ་འདིའི་འཕྲིན་ལས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བལྟས་ན། སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་སྦྱངས་པ་འདྲ་བ་ཡོད། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་མངའ་ཚུལ་ལ་བལྟས་ན། སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་ཏིང་ངེ་འཛིན་ཁོ་ན་ལ་སྦྱངས་པ་འདྲ་བ་ཡོད། རྨི་ལམ་ལ་དབང་ཐོབ་པ་ལ་བལྟས་ན། སྐྱེ ་བ་དཔག་ཏུ་མེད་པའི་གོང་རོལ་ནས་སྒྱུ་ལུས་དང་རྨི་ལམ་ཁོ་ན་ལ་སྦྱངས་པ་འདྲ་བ་ཡོད། ཡི་དམ་ལྷའི་ཞལ་གཟིགས་པ་ལ་བལྟས་ན། སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་བསྐྱེད་རིམ་ཁོ་ན་ལ་གོམས་པར་བྱས་པ་འདྲ་བ་ཡོད། སྐུ་ཚེ་འདི་ཡང་དང་པོ་ཉན་བཤད་མཛད་པའི་དུས་ཀྱི་སློབ་མ་སྟོན་ཆེན་སྟོན་པ་ལ་བལྟས་ན། སྐུ་ཚེ་རིལ་པོ་ཉན་བཤད་མཛད་པ་འདྲ་བ་ཡོད། སྐུ་མཚམས་དམ་པོ་བཅད་པའི་ལོ་གྲངས་ལ་བལྟས་ན། སྐུ་ཚེ་རིལ་པོ་དབེན་པ་བསྟེན་པ་འདྲ་བ་ཡོད།

                   ཕྱག་དང་བསྐོར་བ་མཛད་པའི་གྲངས་ལ་བལྟས་ན། སྐུ་ཚེ་རིལ་པོ་ཕྱག་དང་བསྐོར་བ་མཛད་པ་འདྲ་བ་ཡོད། མ་ཎི་དང་རྗེ་བཙུན་མའི་གཟུངས་ལ་སོགས་པ་གཟུངས་སྔགས་བཟླས་པའི་གྲངས་བཅད་ལ་བལྟས་ན། སྐུ་ཚེ་རིལ་པོ་བཟླས་བརྗོད་ཁོ་ན་མཛད་པ་འདྲ་བ་ཡོད། སོ་སོ་ཐར་པའི་སྡོམ་པ་ཕོག་པའི་སློབ་མ་དགེ་ཚུལ་དང་དགེ་སློང་ལབལྟས་ན། སྐུ་ཚེ་རིལ་པོ་མཁན་སློབ་མཛད་པ་འདྲ་བ་ཡོད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སློ བ་མ་ལ་བལྟས་ན། སྐུ་ཚེ་རིལ་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་ཕོག་པ་འདྲ་བ་ཡོད། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་འཁྲུངས་ནས་གནོད་ལན་དུ་ཕན་འདོགས་པའི་དམ་བཅའ་བྱེད་པའི་སློབ་མ་ལ་བལྟས་ན། སྐུ་ཚེ་རིལ་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁྲིད་བསྐྱངས་པ་འདྲ་བ་ཡོད། ཞི་ལྷག་ཟུང་འཇུག་གི་རྟོགས་པ་དང་ལྡན་པའི་སློབ་མ་ལ་བལྟས་ན། སྐུ་ཚེ་རིལ་པོ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ཁྲིད་བསྐྱངས་པ་འདྲ་བ་ཡོད། ཡང་ཞལ་ནས། དགེ་བ་བསགས་པ་བྱང་ཆུབ་ཏུ་མ་བསྔོས་ན། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་སྐྱེས་པ་ལ་སོགས་པ་དགེ་བ་འཛད་པའི་རྒྱུ་འགའ་ཞིག་བྱུང་ན་འཛད་ཅིང༌། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ནམ་ཡང་མི་འཛད་ཅིང༌། རང་ཉིད་གཅིག་པུའི་དོན་དུ་ཁམས་གསུམ་གྱི་བདེ་འབྲས་དང་ཐེག་པ་དམན་པར་མི་བསྔོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གལ་ཆེ། བསྔོ་བའི་དབང་པོར་རྒྱལ་བ་སྲས་དང་བཅས་པ་བཞུགས་པར་བསམས་ལ། བསྔོ་བྱ་བསྔོ་བྱེ ད་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་བཞིན་དུ་བསྔོ། བསྔོ་བཞིན་དུ་མི་དམིགས་པར་ཤེས་དགོས། དེ་ལྟར་མི་ཤེས་ན་ཡང་འོ་སྐོ ལ་སོ་སོ་སྐྱེ་བོ་མོས་པས་སྤྱོད་པ་ཡིན་པས། འཇམ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པས་ཇི་ལྟར་བསྔོས་པ་བཞིན་དུ་བདག་གིས་ཀྱང་བསྔོ་སྙམ་པ་བྱས་པས་ཆོག་གསུངས། ལན་ཅིག་ཆོས་སྡེའི་ཉེ་གནས་དགེ་བཤེས་རྒྱལ་བཟང་བྱ་བས། ཉེ་གནས་སྟོན་པ་ལ་ཞུ་བ་བརྒྱུད་ནས། སང་རེད་སྐུ་མཚམས་གསེངས་ནས་ཟླ་བ་གསུམ་ཆོས་གསུངས་པ་དེ། བདག་གི་ས་ཆར་བྱོན་ནས་གསུངས་པར་ཞུ། དཔོན་སློབ་ཏུ་བྱོན་པའི་ཞབས་ཏོག་དང་མགྲོན་པོ་ཇི་ཙམ་བྱུང་བ་ལ་འདི་ལ་འདི་བྱིན་ཟེར་བ་གང་དགོས་པ་ངེད་རང་གིས་སྒྲུབ། དྲུང་དུ་ཞུས་ཟེར་ནས་ཞུས་པས། ཁོང་གི་དེ་སེམས་ནན་ཏར་བཟང་བློ་སྟོབས་ཆེ་སྟེ། རང་རེ་སང་ཕོད་ད་ཙམ་ན་ཁོང་གི་གདན་འདྲེན་པ་དེ་ལས་ཐག་རིང་བ་ཞིག་ཏུ་འགྲོ་ཉེན་འདུག །ལར་གྱིས་ཀྱང་ད་ན་སོ་རྒས་པས་ཟླ་བ་གསུམ་གསུམ་པོའི་མཚམས་གསེང་བ་འདི་ཡང་གཡེང་བ་ཆེས་འདུག་སྙམ་པ་ལ། དེ་ན་ཡར་འགྲོ་བ་ག་ལ་ཡོང༌། ཁྱེད་ལ་ནོར་ཡོད་པར་འདུག་པས་ང་གདན་མ་འདྲོངས་ཀྱང་ཆོས་ཕྱོ གས་གཞན་དང་གཞན་དུ་གཏོང་བ་ཞུ། རང་རེ་གཞན་དུ་འགྲོ་བའི་གླེང་མོ་དེ་ཁོང་དང་གཞན་ལ་མ་ལབ། གྲ གས་པ་བརྡེག་པ་ལས་མི་ཡོང་གསུངས་ཟེར། ཡོང་དེ་ལོ་གོང་དུ་གདན་འདྲེན་པའི་གསེར་ཡིག་པ་ཡོང་གི་ཡོད་པ་འདུག་ཟེར་བ་ཞིག་ཐོས་ནས་སློབ་དཔོན་ཡོན་ཏན་འོད་ཀྱིས་དྲུང་དུ་ཞུས་པས། ཡོང་དོན་མེད་མཆི། ཕོ་ཚོད་མེད་པར་བྱུང་སྲིད་ནའང༌། དེ་གོང་དུ་གདན་འདྲེན་གཞན་ཞིག་ཡོང་བར་གདའ་ཡི་གསུངས། དེའི་ལོ་སྐུ་མཚམས་ལ་འཇུག་ཁར་ཕྱག་རྫས་གང་ཡོད་ཐམས་ཅད་དེར་འདུས་པའི་དགེ་འདུན་དང༌། སྐྱེ་བོའི་ཚོགས་ཆེན་པོ་རྣམས་ལ་འགྱེད་ཆེན་པོ་མཛད།

                   ཐུབ་པའི་བསྟན་པ་རིན་པོ་ཆེ་ལ་བྱ་བ་རྒྱ་ཆེན་པོ་བསྒྲུབས། བསྟན་པ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་གཞན་དོན་ཁོ་ན་མཛད་པའི་ཞར་ལ་རང་དོན་ཐོབ་བྱ་ཐམས་ཅད་ཐོབ། སྤང་བྱ་ཐམས་ཅད་སྤངས་ནས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཉིད་ཀྱང༌། སྐུ་རྒྱབ་བསྙུན་པ་དང་། སྨ ན་པ་འཚོ་བྱེ ད་ལས་སྨན་བཞེས་པའི་ཚུལ་བསྟན་པ་ལྟར། ས་མོ་བྱའི་ལོ་ཟླ་བ་གཉིས་པ་ནས་སྙུན་པའི་ཚུལ་བསྟན་ཏེ། ལྷ་རྗེ་ལ་སྟོན་པ་དང༌། གསོལ་སྨན་བསྟེན་པར་ཞུ་ཞུས་པས།ངའི་བསམ་པ་ལ་སུས་ཀྱང་མ་ཚོར་བར་ཤི་བ་ཞིག་བྱ་བསམ་པ་ཡིན་གསུངས་པས། ཉེ་གནས་ཀྱིས་ཕྱིས་མི་ཐམས་ཅད་ཀྱིས་གསོལ་སྨན་བསྟེན་པ་ལ་སོགས་པའི་ཞུ་བ་གང་ཡང་མ་བྱས་ཟེར་བའི་ཁག་ཡོང་ལགས་ཞུས་ནས་དེ་རང་མད་གསུངས་ནས། ལྷ་རྗེས་ཕྱག་རྩ་བལྟས་པས། གདན་འདྲེན་པའི་གསེར་ཡིག་པ་ཕེབས་པ་ལ་བལྟ་རྒྱུ་མི་བདོག་གམ་མཆི་གསུངས། དེའི་དུས་སུ་ཉིན་གཅིག་སློབ་དཔོན་ནམ་མཁའ་སེངྒེ་ལ་བརྒྱད་སྟོང་པའི་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་རྟག་ཏུ་ངུ་གཉིས་ཀྱི་ལེའུ་སྒྲོགས་གསུངས་པ་ལ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐོབ་ཚུལ་གྱི་སྐབས་སུ། ངེད་ཀྱི་ཏིང་ངེ་འཛིན་འདི་དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན། གང་མཉམ་པར་བཞག་པར་བྱ་བའམ། ལྡང་བར་བྱ་བའམ། བྱང་ཆུབ་ཏུ་སྤྱད་པའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི ན་པ་ཡིན་ཏེ། ཞེས་པའི་སྐབས་སུ་དེ་འདྲ་ཞིག་རང་ཡིན་གསུངས་ནས་ཡུན་རིང་པོའི་བར་དུ་ཏིང་ངེ་འཛིན་ལ་འབྱམས་སོ། །དེའི་དུས་དྲུང་རང་དུ་ཉིན་གཅིག་མི་ལྔ་སྨན་བླའི་ཆོ་ག་རྒྱས་པ་ཞིག་སྐད་གསང་མཐོན་པོའི་སྒོ་ནས་བྱས་པ་ཚར་རྟིང་ཡུན་རིང་པོ་ཞིག་ནས་ཁྱེད་རྣམས་ཀྱིས་སྨན་བླ་བྱས་སམ་མ་བྱས་གསུངས་བ་ལ་ཚར་ཞུས་པས། ཁྱེད་རྣམས་གྲབ་བྱེ ད་ཀྱི་འདུག་པ་དེ་དྲན་པ་ཡིན་ཏེ། རྗེས་ལ་མཉམ་བཞག་གཅིག་ལ་ཡེངས་ནས་ཁྱེད་རྣམས་ཀྱིས་ཆོ་ག་བྱས་པ་མ་ཚོར་འདུག་གསུངས། དེའི་དུས་སུ་ས་གཡོ་བ་དང༌། ནམ་ཐོ་རངས་ཁ་གཟིམ་ཁང་གི་ཉེ་སྐོར་འཇའ་འོད་ཀྱིས་ཁེངས་པ་ལ་སོགས་པའི་ལྟས་ཆེན་པོ་རྣམས་བྱུང་བས། ཐམས་ཅད་སེམས་མ་བདེ་བར་སྐུ་རིམ་ལ་འཇད་སྟོད་སྐོར་བསགས་ནས་འགྱེད་བྱེད་པ་དང༌། སྐུ་རིམ་དང་གསོལ་འདེབས་ནར་མར་བསྒྲུབས་པ་དང༌། གཞན་ཡང་ཕྱོགས་ཐམས་ཅད་དུ་གསོལ་བ་འདེབས་པ་དང༌། ཁྱད་པར་དུ་བདག་ཉིད་ཆེན་པོ་ཉིད་ཀྱི་སྲས་ཀྱི་ཐུ་བོ་མཁན་ཆེན་བྱངཆུབ་རྩེ་མོ་དང༌། ཆོས་རྗེ་ཉི་མ་སེང་གེ་གཉིས་ཀྱིས་བཞུགས་སྟན་ཕུལ། མེ་ཏོག་གཏོར་ནས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བཞུགས་པར་གསོལ་བ་བཏབ་པའི་མཐུ་ཆེན་པོ་ལ་བརྟེན་ནས་ཟླ་བ་གསུམ་བཞིའི་བར་དུ་སྙུན་པ་དྭངས་པར་གྱུར་ཏོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།