རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཅུ་གཅིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:54:43     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

494168074882839447.jpg

                     དེ་ནས་ཡང་ཚལ་པས་གདན་དྲངས་ཏེ། སི་ཏུ་དགེ་ལེགས་བཟང་པོ་ཡབ་སྲས་ཀྱིས་སྦྱིན་བདག་མཛད་ནས་དགེ་བའི་བཤེས་གཉེན་དང་སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས། དེ་དུས་རིམས་ནད་ཆེན་པོ་བྱུང་བ་ཡང་རྒྱུན་ཆད་ཅིང༌། བཙོན་མང་པོ་ཡང་ཐར་བར་མཛད་ཅེས་གྲག་གོ །མདོར་ན་དབུས་ཀྱི་ཆོས་དོན་དུ་གཉེར་བའི་དགེ་བའི་བཤེས་གཉེན་དང༌། སྐྱེ་བོའི་ཚོགས་ཐམས་ཅད་སྦྱིན་པས་ཚིམ་པར་མཛད་ནས་ལྷ་སར་ཇོ་བོ་རིན་པོ་ཆེའི་དྲུང་དུ་དཀར་མེ་ཕུལ། གསེར་ཆབ་གསོལ། བསྟན་པ་དང་སེམས་ཅན་གྱི་དོན་དུ་གསོལ་བ་རྒྱ་ཆེན་པོ་བཏབ་ནས། སི་ཏུ་བྱང་རྒྱལ་བ་ལ་སོགས་པ་ཐམས་ཅད་ཀྱིས་དབུས་ཕྱོགས་སུ་བཞུགས་པར་ཞུ་བ་ནན་ཆེན་པོ་བྱས་ཀྱང་མ་བཞུགས་པར་གཙང་ཕྱོགས་ལ་བྱོན་ཏེ། ཡར་ལམ་སྟག་ཚང་དུ་སྤྱན་དྲངས་ཏེ་བླ་མ་ཁྱུང་པོ་བ་དང༌། བླ་མ་དབང་གིས་ཐོག་དྲངས་པའི་དགེ་འདུན་དང་སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང༌། ལར་ནི་ལམ་ན་ཡོད་པའི་སྒོམ་གྲྭ་བཤད་གྲྭ་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བཏང་སྟེ། མདོར་ན་དེ་རེས་དབུས་གཙང་གཉིས་ཀར་ཆོས་དང་ཟང་ཟིང་དང༌། མི་འཇིགས་པའི་སྦྱིན་པས་ཚིམ་པར་མཛད་ནས། ཡོས་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་གྲུ་འཛིན་དངུལ་ཆུ་ཆོས་རྫོང་དུ་ཕེབས་སོ། །བདག་ཉིད་ཆེན་པོ་འདིས་སོ་སོ་ཐར་པའི་སྒོར་ཞུགས་ནས་བསླབ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་གོས། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་བདེ་འདོད་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས་སྒོ་གསུམ་གཞན་དོན་འབའ་ཞིག་བསྒྲུབས། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་མ་དག་པའི་རྣམ་རྟོག་སྤངས་ཏེ། སྣོད་བཅུད་དག་པའི་འཁོར་ལོར་གཟིགས་པས་སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ལྡང་སྟེ། གཟིམ་ཁང་གི་ནང་ཐམས་ཅད་ཀྱང་དྲི་ཞིམ་པོས་ཁྱབ་པ་ཡོད་ཅིང༌། གསོལ་འཕྲོ་ན་བཟའ་དང་དབུ་ཞྭ་ལ་སོགས་གཞན་ལ་གནང་བ་རྣམས་ཀྱི་དྲི་ཞིམ་པོ་ཡང་ཟླ་རེ་ཙམ་གྱི་བར་དུ་མི་ཡལ་བར་ཡོད། དགུང་ལོ་ལྔ་བཅུ་རྩ་བདུན་པའི་བར་དུ་ཤ་ཡང་གཏན་ནས་མི་གསོལ་བ་ལ། དེ་ལོ་བླ་མ་དབང་གྲགས་པ་རྒྱལ་མཚན་དང༌། བླ་མ་དཀོན་རྒྱལ་བ་གཉིས་ལ་ལུང་མང་པོ་མཛད་པའི་དུས་སུ་སྐུ་ཁམས་ཟི་བ་བྱུང་བས། ཁོང་རྣམ་གཉིས་ཀྱིས་ཤ་གསོལ་བར་ནན་ཆེན་པོ་ཞུས་པས། དེ་ཕྱིན་ཆད་སེམས་ཅན་ལ་ཕན་པར་དགོངས་ཏེ་བག་རེ་གསོལ། བདག་ཉིད་ཆེན་པོ་འདི་ཉིན་ཞག་ཕྲུགས་གཅིག་ལ་ཆོས་སྤྱོད་ཀྱི་རིམ་པ་འདི་ལྟར་མཛད་དོ། །

                   ནང་ཕྱོ གས་བཞེངས་ནས་སྐུ་ཁྲུས་མཛད་དེ། ཕྱག་བརྒྱ་རྩ་རེ་དང་སྦྲགས་ཡན་ལག་བདུན་པ་རྒྱས་པ་མཛད་ནས་སྨོན་འཇུག་གི་སེམས་བསྐྱེད་བསྡུས་པ་རེ་ལེན་ཞིང༌། གཏོར་མའི་རིམ་པ་ཚ་གོང་དུ་དཀར་གཏོར་ཆ་བཞི། ཚ་བ་གསོལ་ནས་བརྒྱ་རྩ། མི་གཡོ་བ། དབྱུ་གུ། བྲུལ་གཏོར། བར་དོའི་གཏོར་མ་ལ་སོགས་པ་རྣམས་མཛད་ནས། ཡང་སྨོན་འཇུག་གི་སེམས་བསྐྱེད་བསྡུས་པ་རེ་བླངས་ནས་བསྐོར་བ་བརྒྱ་རྩ་རེ་མཛད། མ་ཎི་ཁྲི་ཚོ་གཉིས་གཉིས། ཡུམ་སྒྲུབ། སྒྲོལ་མ་ཚར་སུམ་ཅུ་རེ། བྷཾ་ཥ་ཛྷེ་ཉེར་གཅིག །རྣམ་རྒྱལ་གྱི་གཟུངས་ཚར་གཅིག །དགོང་མོ་བདེ་མཆོག་གི་མངོན་རྟོགས་གཞུང་ནས་བཤད་པ་བཞིན་བསྒོམས་ནས། སྙིང་པོ་སྟོང་ཕྲག་རེའི་བཟླས་པ་དང༌། གཟིམ་ཁར་ཡན་ལག་བདུན་པ་ཕུལ་ནས་སྨོན་འཇུག་གི་སེམས་བསྐྱེད་བསྡུས་པ་རེ་ལེན་པ་རྣམས་མཚམས་ཀྱི་དུས་སུ་འཆག་མེད་དུ་མཛད། གཞན་ངེས་པ་མེད་གསུངས། བདག་ཉིད་ཆེན་པོ་འདི་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་ཉམས་ལེན་མཐར་ཕྱིན་པས་བཤད་ཉན་མཛད་པའི་དུས་ནའང༌། རྨི་ལམ་དུ་དག་པའི་ཞིང་ཁམས་གང་འདོད་པ་བལྟ་བ་དང༌། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ་ཆོས་ཉན་པར་ནུས་པ་ཞིག་ཡོད། ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་བོ་དོང་ཨེའི་ཀུན་དགའ་ར་བ་བཞེངས་ནས་རབ་གནས་མཛད་པའི་དུས་སུ། སེམས་དཔའ་ཆེན་པོ་དང་བུ་སྟོན་རིན་པོ་ཆེ་གཉིས་རྨི་ལམ་གྱི་གསུང་གླེང་བྱུང་བའི་ཚེ། སེམས་དཔའ་ཆེན་པོས་རྨི་ལམ་བཟུང་སྟེ་དགའ་ལྡན་དུ་ཕྱིན་ནས་བྱམས་པ་མགོན་པོ་ལ་བྱམས་པའི་ཆོས་ལྔ་རྫོགས་པར་ཉན་གསུངས།

                   ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཆོས་འཆད་པའི་ཚེ་ཉིན་པར་ལྟ་རྟོག་མ་གྲུབ་ན་མཚན་མོ་རྨི་ལམ་བཟུང་ནས་ལྟ་རྟོག་བྱས་གསུངས།རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཆོས་གསུང་བའི་ཚེ་ན་ཡང་ལུང་འདྲེན་ལ་སོགས་པའི་ཚིག་ནམ་ཐོགས་དུས་སྤྱན་ནམ་མཁའ་ལ་ཆེར་མཛད་པས་ཤར་དེ་གསུང་བ་ཞིག་ཡོད་པར་འདུག་སྟེ་དེ་ནི་ཡི་དམ་གྱི་ལྷས་སྟོན་པ་ཡིན་ཞེས་སེམས་དཔའ་ཆེན་པོ་ཉིད་ཀྱི་ཐུགས་སྲས་རྣམས་གསུང་ངོ༌། །རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཇི་ཙམ་གྱི་རྟོགས་པ་མཐོན་པོར་བྱོན་ཡང་དུས་ཀུན་ཏུ་རང་གི་འཁྲུལ་པ་ལ་རྟོག་པ་ལྷུར་མཛད་དེ་ཞལ་ནས། རང་ལ་རང་གིས་གྲོས་འདི་འདེབས་སོ་ཀྭ །མཁས་པ་དང༌། བཙུན་པ་དང༌།བཟང་བའི་ཡོན་ཏན་གང་ཡང་མེད་བཞིན་དུ་རང་བཟང་པོར་རེ་བའི་རློམ་སྟངས་ཅན་རང་སྐྱོན་རི་ཙམ་ཡང་མི་མཐོང་ཞིང༌། གཞན་སྐྱོན་རྡུལ་ཕྲན་ཙམ་ལ་ཡང་རྟོག །རང་དོན་ཞེ་ལ་བཞག་ནས་གཞན་དོན་བྱེད་པར་སྨྲ། ཆོས་པར་བརྫུས་ནས་ཚེ་འདིའི་ཆེ་ཐབས་འབའ་ཞིག་སྒྲུབ་པ་ཁྱོད་ཀྱིས། སྔར་རང་གི་སྤྱོད་པ་ལ་མ་བརྟགས་པར་རང་གིས་རང་བསླུས་པས་སྔར་ཡང་སྡུག་བསྔལ་མང་པོ་མྱོང་ཞིང༌། ད་དུང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་གདེང་མེད་པ་འདི་ཁྱོད་རང་གིས་ཉེས་པ་ཡིན་ཞིང༌། ད་ཡང་གཏན་གྱི་བདེ་བ་ཐོབ་པར་འདོད་ན་དབེན་པའི་གནས་སུ་སྡོད་ལ། བློ་བླ་མ་དཀོན་མཆོག་ཁོ་ན་ལ་གཏོད། འཇིག་རྟེན་གྱི་ཆོས་བརྒྱད་སྤོང་ལ་ཆོས་བརྒྱད་ཅན་གྱི་མི་དང་མ་འགྲོགས། རང་འདོད་ཀྱི་འཁྲི་བ་ཆོད་ལ་གཞན་དོན་གྱི་གོ་ཆ་བསྐྱེད། ང་རྒྱལ་དང་ཁོང་ཡུས་སྤོངས་ལ་དམན་ཆ་ཟུངས། སྐྱེས་བུ་དམ་པ་རྣམས་ཀྱི་མཛད་སྤྱོད་ལ་སོམས་ལ། དཀའ་ཐུབ་ཀྱི་སྲན་བསྐྱེད་ཅེས་སོགས་གསུངས། ཡང༌། ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ལྟར་ཕྱག་ལེན་ལ་བཏབ་སྟེ། དེ་ཡང་སེམས་དཔའ་ཆེན་པོ་འདི་ནི་ཆོས་ཀྱི་གསུང་གླེང་དང་གཞན་ལ་ཕན་པའི་གསུང་ཙམ་མ་གཏོགས་པ། དོན་མེད་ཀྱི་སྨྲ་བརྗོད་མི་གསུངས་ཞིང༌། ཁྱད་པར་དུ་གཞན་གྱི་ཉེས་པ་གླེང་བ་གཏན་ནས་མི་སྲིད་ཅིང༌། འགའ་ཞིག་གིས་ངེད་ཀྱི་བླ་མ་བཟང་ཁྱེད་ཀྱི་བླ་མ་མི་བཟང་ཟེར་བ་དང༌། ཆོས་ཟབ་མི་ཟབ་དང༌། ལྟ་བ་ལོག་མ་ལོག་སོགས་གཞན་གྱི་ཉེས་པ་གླེང་བ་གསན་ན། དམིགས་སུ་བཀར་ནས་མི་གསུང་ཡང༌། ཆོས་གསུང་བའི་དུས་སུ། སྤྱིར་ལོང་གཏམ་ལ་སྙི ང་པོ་མེད། མི་དགེ་བ་འཕེལ། དགོས་སུ་གཞན་ལ་སྨད་པས་རང་མི་མཐོའི་སྟེང་དུ་ཉེས་པ་འཕོག །ཆགས་སྡང་འཕེལ། ཁྱད་པར་དུ་ཆོས་དང་གང་ཟག་ལ་སྡེ་རིས་སུ་ཕྱེ ་ནས་སྨོད་པ་འདི་རང་འཇིགས་གསུངས། སྨྲ་བ་མང་པོས་མི་དགེ་བསྐྱེད་སྲིད་ཅིང༌། །དེ་མ་བསྐྱེད་ཀྱང་དོན་མེད་དུས་འདའ་བས། །རང་དང་གཞན་ལ་ཕན་ངེས་མ་གཏོགས་པ། །སྨྲ་བརྗོད་སྤོ ང་བ་བརྩོན་འགྲུས་གྲོགས་སུ་གཅེས། །གསུངས་སོ། །

                   རྒྱལ་སྲས་འདིས་སྐུ་ཚེའི་མཇུག་ལ་ཟླ་བ་དགུ་དགུ་མཚམས་དམ་པོ་ལ་བཞུགས་ནས། ཟླ་བ་གསུམ་གསུམ་སྐུ་མཚམས་གསེངས་ཏེ། ཕྱོགས་ཐམས་ཅད་ནས་འདུས་པའི་དགེ་བའི་བཤེས་གཉེན་དུ་མ་དང༌། ཚེ་བློས་བཏང་བའི་བྱ་བྲལ་བ་གནམ་གྱི་སྐར་མ་ཙམ་དང༌། གཞན་ཡང་མི་ཆེན་གྱི་རིགས་ལ་སོགས་པ་སྐྱེ་བོའི་ཚོགས་ཆེན་པོ་དང༌། མདོར་ན་ཚོགས་པ་རྒྱ་མཚོ་ལྟ་བུ་ལ་ཆོས་ཀྱི་སྦྱིན་པ་མཛད་ཅིང༌། དེའི་དུས་སུ་གཞན་གྱིས་ཕུལ་བའི་གནའ་མོ་དང་ཤ་ཁྱི་དང༌། ཚེ་ཐར་གྱི་ལུག་ཡོད་པ་ཀུན་ཀྱང་དུས་དེར་རུག་གེ་འདུས་ནས་ཆོས་ཉན་གྱི་ཡོད་པ་ལ། ལན་ཅིག་སྣར་ཐང་ནས་ཁྲིད་ཞུ་བ་ལ་བྱུང་བའི་བཙུན་པ་གཅིག་གིས།ཁོས་བླ་མས་གསུངས་པ་བཞིན་མ་བྱས་པར། ཤེས་པ་ཕར་འཕྲོ་བ་དང༌། ཚུར་བསྡུ་བ་དང༌། དེ་མ་ཁད་རླུང་བསྒོམས་འདུག་པས། ཁོ་སྨྱོ་ནས་ཚོགས་ཆོས་གསུང་བའི་དུས་སུ་སྒྲེན་མོར་ཤོར་བྱུང་བ་ལ། ཁོ་འཛིན་དུ་ཕྱིན་པ་རྣམས་ལ་རྡོ་བརྒྱབ་ནས་འགྲོ་ས་མ་བྱུང་བའི་སྐབས་སུ། གནའ་མོ་དེ་དྲུང་ན་ཆོས་ཉན་གྱིན་ཡོད་པ་ལ་ཧར་ཏེ་ལངས་ནས་ཁོའི་ཕྱི ར་རྒྱུགས་སོང་སྟེ། ཧར་ཧར་ལངས་ཀྱིན་བརྡུངས་ཙ་ན་ཁོས་རྭ་ཅོ་ནས་བཟུང་གིན་ཕྱིར་ཕུལ་བྱེད་ཀྱིན་ཚོགས་ཆོས་མ་གྲོལ་གྱི་བར་དུ་ཁོང་གཉིས་འཛིང་གིན་བསྡད་པས་གཞུག་ཁོས་དྲན་པ་རྙེད་ནས་འདུག་པ་ལ། སེམས་དཔའ་ཆེན་པོས། ད་ཁོས་རྡོ་མི་བརྡེག་མཆི། གོས་ཤིག་གཡོགས་ནས་ཁྲིད་ཤོག་གསུངས། དྲུང་ན་འཁོད་པ་ཞིག་གིས་ཕྱིན་པས་དྲན་པ་རྙེད་ནས་ངོ་ཚ་ཞིང་འདུག དྲུང་དུ་ཁྲིད་ཕྱིན་པ་དང༌། རྗེ་བཙུན་མ་ཚར་གཅིག་གསུངས་ནས་བྱི ན་རླབས་མཛད་དེ། དེ་རིང་ཉིད་ཀྱི་གེགས་སེལ་དེ་གནའ་མོས་བྱས། མོས་ཀྱང་གོ་བཅད་གསུངས་པ་ལ། ཁོས་ངུས་པས། སྒྲོལ་མ་གྱིས་ལ་སྐད་ཆེན་པོ་ཐོང་ལ་ངུས་གསུངས་པས། གནའ་མོ་དེས་རྗེ་བཙུན་མའི་འཕྲིན་ལས་བྱས་པ་ཡིན་པར་འདུག དེ་ལྟ་བུའི་ཡ་མཚན་ཆེ་བ་གཅིག་བྱུང་བ་དེ་དུས་ཀྱི་ཚོགས་པ་ཐམས་ཅད་ལ་མངོན་སུམ་དུ་གྲུབ་ཅིང༌། བླ་མ་ལ་བྱིན་རླབས་དང་ཐུགས་རྗེ་ཡོད་ཙ་ན་དུད་འགྲོས་ཀྱང་མིའི་གེགས་སེལ་ནུས་པ་འབྱུང་ངོ༌། །བླ་མ་ཁྱུང་པོ་བའི་སློབ་མ་གསུམ་གྱིས་བོགས་འདོན་གྱི་གདམས་པ་ཞིག་ཞུས་པས། ཚེ་འདི་བློས་ཐོངས། སེམས་ཅན་ལ་བྱམས་སྙིང་རྗེ་སྒོམས། བླ་མ་ལ་གསོལ་བ་དུང་པ་ཐོབ་ལ་སྤྲོས་པ་མེད་པའི་ངང་ལ་མ་ཡེངས་པར་ཞོག་གསུངས།

 

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།