རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:49:56     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 108081867390480039.jpg

                   ལན་ཅིག་ས་སྐྱ་ན་སྤྲང་པོ་འཆི་ལ་ཁད་ཅིག་འདུག་པ་ལ་མ་ཤི་བར་ནམ་ལ་ཁྱིས་ཟ་བར་འདུག་ཟེར་ནས་སེམས་ལས་ཆེན་པོ་འདུག་པས་བྱ་བྲལ་བ་གཅིག་ལ་རྔན་པ་བྱིན་ནས་བསྲུང་དུ་བཅུག་པས་དེའི་ནུབ་མོ་ཤི་འདུག །སྦྱིན་པ་དེ་གཉིས་ཆུང་ཡང་ཡིད་ཚིམ་པར་བྱུང་གསུངས། བཤད་ཉན་མཛད་དུས་བཤད་གསར་བས་བཤད་སློངས་ཞུས་པ་ན་ནང་དུ་འདོང་གསུངས་ནས་ནང་དུ་ཕེབས་པ་དང༌། ཁྱེད་རང་འདི་ནས་གང་དགའ་བ་ཞིག་ཁྱེར་སོང་གསུངས་ནས་གྲུམ་རྩེ་བཟང་པོ་ཞིག་ཡོད་པ་ཁྱེར་སོང་གསུངས་པ་དང༌། ཡང་བྲོ་པས་གནང་སྦྱིན་ཞུས་པས། ཁྱོད་རང་འདི་ནས་གང་དགའ་བ་ཞིག་ཁྱེར་གསུངས་པས་གསོལ་སྡེར་ཁྱེར་སོང་གསུངས་པ་དང༌། གཞན་ཡང་ན་བཟའ་སོགས་གང་ཡོད་གནང་ཞིང༌། གྲྭ་སྐོར་བ་སོགས་ལ་གཞན་གནང་རྒྱུ་མེད་ན་ཡོལ་བ་བླ་བྲེ་ནས་ཀྱང་བྲེགས་ཀྱིན་གནང་ངོ༌། །ཐེངས་ཅིག་ཉན་པའི་སེར་སློངས་པ་བྱུང་ནས་སློང་དུ་བྱུང་བ་ལ་གཞན་སྟེར་རྒྱུ་མེད་པར་ཆོས་སྟན་གྱི་གྲུམ་ཙེ་གཅིག་ཡོད་པ་བྱིན་པས། སློབ་དཔོན་གྱིས་ཚོར་ནས་ཁོང་ཚོ་ལ་ནས་ཁལ་གཅིག་བྱིན་གྲུམ་ཙེ་བླངས་ཏེ་ཁྱེར་བྱུང་ནས་སྟན་གཅིག་པོ་ལས་མེད་པ་གསུངས་ནས་འཐབ་ཏུ་བྱུང་གསུངས། ཡང་རྩེ་གདོང་དུ་ཆོས་བར་བྱོན་དུས་ཉི་མ་དཔལ་ཟེ་བའི་གྲྭ་པ་ཞིག་གི་ཕྱམ་རྩེ་རྐུན་མ་གཅིག་གིས་ཁྱེར་བ་ཁོ་ལ་སེམས་ལས་ཆེན་པོ་འདུག་པ་ལ། སེམས་དཔའ་ཆེན་པོ་རང་ལ་ཕྱམ་རྩེ་གཉིས་ཡོད་པའི་གཅིག་ཁོ་ལ་གནང་སྟེ། དེ་དུས་མཁན་ཆེན་བསོད་ནམས་གྲགས་པ་བོ་དོང་དུ་བྱོན་ནས་དགུན་གཅིག་སྲོད་ཐོ་རངས་གཉིས་ཀ་ཆོས་གསུང་བ་གསན་དུ་བྱོན་པས། ཕྱམ་རྩེ་གཅིག་ལས་མེད་པ་དེས་གྲང་མོ་བྱུང་ཡང་སློབ་དཔོན་ལ་གཡར་ན་ཡོང་སྟེ་འཐབ་ཏུ་བསམས་ནས་གཡོར་མ་ནུས་གསུངས། གྲྭ་སའི་དུས་སུ་རྩམ་པ་ཆེན་པོ་མེད་ཀྱང་སྤྲང་པོ་ལ་སྡེར་མས་བཅུས་ཀྱིན་གནང་ཙ་ན། དེ་བཞིན་མཛད་ན་ཉིད་རང་ལ་གསོལ་རྒྱུ་མི་ཡོང་ཞུས་ནམ་ཟད་ཙ་ན་བལྟ་རྒྱུ་ཞིག་ཡོང་གསུངས་ནས། རང་ཉིད་དབུལ་པོར་གནས་ཀྱངསློང་བ་པོ་སེམས་སྤོང་བ་མི་སྲིད་དོ། །དངུལ་ཆུར་ཉེ་གནས་མེད་པའི་བཤུལ་དུ་སེར་སློང་ལ་བྱང་དང་ར་ནས་ཡོང་བའི་མི་སུམ་ཅུ་ཙམ་ཞིག་སློང་དུ་བྱུང་བ་ལ་ན་བཟའ་བེར་ཐུལ་གཅིག་དང་རྩམ་པ་གང་ཡོད་གནང༌། ཡང་སྤྲང་པོ་གཅིག་སློང་དུ་བྱུང་བ་ལ་ཕྲུག་ཕྱམ་གཅིག་སྔོན་ལ་གནང་བ་ལ་བཟང་པོ་སྟེར་རྒྱུ་ཡོད་བཞིན་དུ་མི་སྟེར་བ་དགོངས་ཏེ། ཕྱམ་རྩེ་བླངས་ནས་བེར་ཐུལ་གཅིག་གནང་བས། ཕྱི་ལོ་ཡང་བསྙེགས་ནས་སློང་དུ་བྱུང་བ་ལ་ཕྲུག་གི་རིང་འགག་གཅིག་གནང་གསུངས།ཡང་ཐེངས་ཅིག་ཉེ་གནས་མེད་པའི་བཤུལ་དུ་སྤྲང་སློང་གཅིག་སློང་དུ་བྱུང་བ་ལ་གཞན་གནང་རྒྱུ་མེད་པར་ར་ལྤགས་ཀྱི་སྦུད་པ་གཅིག་ཡོད་པ་ཡང་གནང་ངོ༌། །

                   དེ་ལྟར་རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ལོ་ཉི་ཤུ་རྩ་གྲངས་སུ་ཁོར་ཡུག་ཏུ་སྐུ་མཚམས་དམ་པོ་མཛད་པ་དེ་གྲོལ་བའི་རྗེས་ཤིག་ལ། དངུལ་ཆུར་དགེ་འདུན་དང་སྐྱེ་བོའི་ཚོགས་ཆེན་པོ་ལ་སེམས་བསྐྱེད་དང༌། བློ་སྦྱོང་དང༌། སྐྱེས་རབས་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་གསུངས་པའི་དུས་སུ་ལྷའི་མེ་ཏོག་གི་ཆར་ཁ་བ་བུ་ཡུག་འཚུབས་པ་ཙམ་བབས་སོ། །ཡང་ཐེངས་ཅིག་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གསུངས་པའི་དུས་སུ་ལྷའི་མེ་ཏོག་གི་ཆར་སྔར་བཞིན་དུ་བབས་སོ། །དེ་ནས་ཏའི་སི་ཏུ་སོགས་དབུས་ཕྱོགས་ཀྱི་ཆེན་པོ་མང་པོས་སྤྱན་དྲངས་ཏེ་དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པའི་དུས་སུ་གླང་ལོ་ཟླ་བ་དང་པོའི་ཚེས་བཅུ་དྲུག་ལ་བོ་དོང་ནས་བཏེག་སྟེ། དཔལ་སྡིང་དང་ཆུ་མིག་དང་ཞ་ལུ་ལ་སོགས་པ་རྣམས་སུ་ཡང་དགེ་འདུན་དང་སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་ཀྱི་སྦྱིན་པ་མཛད་ནས། མཁན་ཆེན་བུ་སྟོན་རིན་པོ་ཆེ་དང་རིན་སྤུངས་པར་བསྡེབས་ནས་བྱོན་པའི་ལམ་ཁར་མཛོ་མོ་ཞིག་ཡོད་པ་ལ་ཕྱགས་ཕྱི་བ་རྣམས་ཀྱིས་ཟན་མང་པོ་བྱིན་པས་འགྲངས་དྲགས་ནས་ན་བ་ལ། མཁན་ཆེན་པས་ཁྲོ་བོའི་དྲག་སྔགས་ལ་སོགས་པ་བགྲངས་ཀྱིན་བྱིན་རླབས་བྱས་ཀྱང་མ་ཕན་པར་མཛོ་མོ་ཤི་བས། སེམས་དཔའ་ཆེན་པོས་མཛོ་མོའི་སྤྱི་བོ་ཐེན་ཐེན་མཛད་ཅིང༌། ངའི་མ་རྒན་རེ་སྙིང་རྗེ་གསུང་ཞིང་ཡུན་རིང་བཤུམ་པ་ལ་མཁན་ཆེན་པས། བླ་མ་པ་ད་གཤེགས་པར་ཞུ་གསུངས་པས། དྲུང་པ་སྔོན་ལ་གཤེགས་པར་ཞུ། འོ་སྐོལ་དུམ་པས་མི་འགྲོ་གསུངས་ནས་ཡུན་རིང་པོའི་བར་བཤུམ་ཞིང་བཞུགས། རྗེས་ལ་མཁན་ཆེན་པའི་གསུང་གིས། མཛོ་མོའི་དོན་གྲུབ། དུད་འགྲོ་གཅིག་ལ་དེ་ལས་ཚོགས་བསགས་པ་མི་ཡོང་གསུངས། དེ་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཞུ་འབྲོག་ལྷ་ཁང་ནས་བསུ་བ་བྱས་ཏེ་རིན་སྤུངས་སུ་ཕེབས་པའི་དུས། དེ་ནས་མི་མཐོང་བའི་སར་སུས་ཀྱང་ཞུས་པ་མེད་པར། ངུར་སྨྲིག་གི་སྒྲོལ་མ་རང་བྱོན་བཞུགས་ས་དེ་རི་ཕ་གིའི་མདུན་ན་བདོག་གམ་གསུངས།

                    དེ་ནས་སི་ཏུ་བྱང་རྒྱལ་བས་རྫོང་རྣམས་སུ་རིམ་པ་བཞིན་དུ་ཞབས་ཏོག་བྱས་ནས། དབུས་ཀྱི་ས་ཆ་བསམ་ཡས་ལ་ཉིན་ལམ་གཉིས་ཙམ་ཡོད་པའི་ལམ་ཁ་གཅིག་ཏུ་ཕེབས་པ་དང༌། སྤྲིན་དཀར་པོ་གཅིག་ལ་ཚད་བཙུགས་ནས་ཕ་གིའི་ཐད་ན་གང་ཡོད་གསུངས་པ་ལ། ས་སྣ་བ་ཞིག་ན་རེ། ཕ་གིའི་ཐད་ན་བསམ་ཡས་ཡོད་ཟེར་བས། དེ་ཚོད་ཅིག་འདུག་ངོ་མཚར་ཆེ་གསུངས་པ་ལ། སློབ་དཔོན་ཡོན་ཏན་འོད་ཀྱིས་གདའ་ཞུས་པས། རྒྱུ་མཚནའདྲ་གདའ་ཡ་གསུངས། དེ་ནས་སི་ཏུ་བྱང་རྒྱལ་གྱིས་ཡར་ཀླུངས་སྣེ་གདོང་དུ་སྤྱན་དྲངས་ཏེ། གུས་པ་ཆེན་པོས་བསྙེན་བཀུར་ཞིང་མཆོད་པའི་ཁྱད་པར་མང་པོས་ཞབས་ཏོག་བྱས་ཏེ་གཙུག་གི་ནོར་བུ་ལྟར་བཟུང་ནས་ཆོས་སྟོན་པར་གསོལ་བ་བཏབ་པ་ན་བདག་ཉིད་ཆེན་པོ་འདིས་སྣེ་གདོང་དང༌། ཁྲ་འབྲུག་དང༌། རྩེ་ཐང་ལ་སོགས་པ་རྣམས་སུ་དགེ་འདུན་དང་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ལ་ཆོས་གསུངས་པའི་དུས་སུ། ལྷའི་མེ་ཏོག་ཆར་བཞིན་དུ་བབས་པས་ཐམས་ཅད་རང་དབང་མེད་པར་དད་པར་བྱས་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ཅིང༌། འཆི་ངེས་པའི་མི་མང་པོའི་སྲོག་ཡང་ཐར་བར་བྱས་ནས་ཟླ་བ་ལྔ་པ་ལ་ལྷ་སར་བྱོན་ཏེ་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསེར་ཆབ་གསོལ། དཀར་མེ་ཕུལ། བསྟན་པ་དང་སེམས་ཅན་གྱི་དོན་དུ་གསོལ་བ་རྒྱ་ཆེན་པོ་བཏབ་སྟེ། ལྷ་སར་ཕྱོགས་ཐམས་ཅད་ནས་དགེ་བའི་བཤེས་གཉེན་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་གནམ་གྱི་སྐར་མ་ཙམ་འདུས་པ་དང༌། སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་རྣམས་ལ་ཐུགས་བསྐྱེད་ལ་སོགས་པ་གསུངས་པའི་ཚེ། ལྷའི་མེ་ཏོག་ཆར་བཞིན་དུ་བབས་པས་ཐམས་ཅད་དད་པར་བྱས་ཤིང་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས་གུང་ཐང་དང༌། གསང་བདེ་དང༌། ཟུལ་སྐོར་དང༌། སྙེ་ཐང་ལ་སོགས་པས་ཆོས་གར་གསུངས་ཐམས་ཅད་དུ་མེ་ཏོག་གི་ཆར་བབས་པས། ཐམས་ཅད་དད་པར་བྱས་ནས་ཕན་བདེ་ལ་དཀོད་པ་ཀུན་ལ་ཐུན་མོང་དུ་གྲུབ་བོ། །

                   སེམས་དཔའ་ཆེན་པོའི་དྲུང་དུ། མཚུར་སྟོན་རིན་ཡེས་གསང་ཕུ་དང་གཞན་དུ་ཆོས་གསུངས་དུས་མེ་ཏོག་གི་ཆར་བབས་པ་ལས་ཀྱང༌། ལྷ་ས་རུ་ཆོས་གསུངས་དུས་མེ་ཏོག་གི་ཆར་འབབ་ཕུལ་ཆེ་བ་འདུག་ཞུས་པས། གནས་ཀྱི་ཁྱད་པར་ཡིན་མཆི་གསུངས། དེ་ནས་ཡང་སི་ཏུ་བྱང་རྒྱལ་བས་ཡར་ཀླུངས་སུ་གདན་དྲངས་ཏེ། དང་ཤི་དབང་ཕྱུག་གིས་བང་ཁང་ནོར་དང་བཅས་པ་ཕུལ་ནས། བསམ་གཏན་གླིང་དུ་སི་ཏུ་བ་འཁོར་བཅས་པས། ཞབས་ཏོག་རྒྱ་ཆེན་པོ་བསྒྲུབས་ཏེ། རྩེ་ཐང་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་དུ་མ་དང་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། དེའི་དུས་སི་ཏུ་བ་ལ་སེམས་དཔའ་ཆེན་པོས། ངེད་ལ་དངོས་པོའི་འབུལ་བ་ཅི་ཡང་མི་དགོས་བཙུན་པ་རྣམས་ལ་ཁྲལ་དམག་འུ་ལག་འགེལ་བ་འདི་བསྟན་པ་ལ་གནོད་པས་མི་མཛད་པར་ཞུ་གསུངས་ཞེས་གྲག་གོ །དེ་ནས་གདན་ས་མཐིལ་དང་བསམ་ཡས་ལ་སོགས་པ་རྣམས་སུ་ཡང་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ་མེ་ཏོག་གི་ཆར་སྔར་བཞིན་བབས་པས་ཐམས་ཅད་དད་པར་བྱས་ནས་ཕན་བདེ་ལ་བཀོད་ཅིང༌། སི་ཏུ་བས་འབུལ་བ་རྒྱ་ཆེན་པོ་བསྒྲུབས་པ་རྣམས་དང༌། གཞན་ཡང་དབུས་ཕྱོགས་ནས་བྱུང་བའི་ཕྱག་རྫས་རྣམས་ས་སྐྱས་ཐོག་དྲངས་པའི་དགོན་སྡེ་རྣམས་སུ་ཇ་སྐོལ་བཏང་ཞིང༌། བཤད་ཉན་དང་སྒོམ་སྒྲུབ་ལ་བརྩོན་པ་རྣམས་དང༌། ཁྱད་པར་དུ་འཚོ་བས་ཕོངས་པ་རྣམས་ལ་གནང་ཞིང་ཐམས་ཅད་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད་དོ། །

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།