རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:46:32     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 264271234036707125.jpg

                   རྒྱལ་སྲས་བདག་ཉིད་ཆེན་པོ་འདི་སྤྱིར་སེམས་ཅན་སུ་ལའང་སྐྱོན་བརྗོད་མི་གསུངས་ཞིང༌། ལྷག་པར་ཆོས་སྒོར་ཞུགས་པ་རྣམས་ལ་དག་སྣང་ཁོ་ན་མཛད་པ་ལས་སྐྱོན་བརྗོད་ཡེ་མི་མཛད། གཞན་ལ་སྐྱོན་བརྗོད་བྱེ ད་པ་གསན་ན་འོ་སྐོལ་རང་བློ་མ་དག་པ་ཡིན། ཁོང་ཀུན་ཅི་འདྲ་ཡིན་མི་ཤེས། སླར་ཡང་འོ་སྐོལ་གྱིས་ཕར་མི་ལ་སྐྱོན་བརྗོད་མང་པོ་བྱས་ཙ་ན་འོ་སྐོལ་ལ་ཡང་ཐམས་ཅད་ཀྱིས་ཚུར་འཐབ་པ་ཞིག་རྟེན་འབྲེལ་ལ་ཅིས་ཀྱང་ཡོང་གསུངས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་འདི་དག་ལ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མར་འདྲེས་པའི་དོན་ལ་བརྩོན་པས་བསྒོམ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་ས་སྐྱ་པཎྜི་ཏས་གསུངས་པ་དེ། གུ་རུ་ཐོགས་མེད་ཁོང་གིས་བྱས་པ་ཡིན་ནོ། །འོ་སྐོལ་ཆོས་པ་རྣམས་ཀྱི་ནང་ན་ཆོས་བྱེད་པ་མང་རབ་འདུག་སྟེ་བརྟན་པ་ཐོབ་པ་རང་དུ་ཙམ་བདོག་གམ། གཞན་གྱི་རྒྱུས་ནི་ང་ལ་མེད། བརྟན་པ་ཐོབ་ངོ་ཤེས་པ་གུ་རུ་ཐོགས་མེད་ཁོང་ཡིན། ཕོ་སྐྱེས་པ་ཟེར་ན་དེ་ཀུན་ལ་ཟེར་བ་ལགས། མི་གཞན་གྱིས་ངའི་རྒྱུད་ཚོད་ལ་སླེབ་པ་ལ་ད་རུང་དཀའ་ལས་ཆེན་པོ་ཡོད། ངས་གུ་རུ་ཐོགས་མེད་ཀྱི་རྒྱུད་ཚོད་སླེབ་པ་ལ་བསྐལ་པ་མང་པོ་ཚོགས་གསོག་དགོས། ང་ཁོང་གི་བླ་མ་ཡིན། ཁོང་ངའི་སློབ་མ་ཡིན་ཏེ་ང་ནི་བླ་མ་ཞིག་ལས་ཀྱང་དེ་ལ་མོས། མི་རྒན་ནམ་འཆི་བའི་སྔས་ཁ་དེར་གུ་རུ་ཐོགས་མེད་ཡོད་པ་ཞིག་བྱུང་ན་དགའ་སྟེ་ང་ཕྱོགས་ཐམས་ཅད་དུ་རྒྱུགཁོང་པ་གཅིག་ཏུ་བཞུགས་པ་འདིས་ཡིད་སྨོན་ཐོག་ཏུ་ཨེ་འབབ་ཡིན་གསུངས་ཟེར་ཞིང༌། གསུང་ཡིག་སྙན་དངགས་དང་བཅས་པ་བསྐུར་བའི་ནང་ན་ཡང༌། ཁྱོད་ལ་ང་འདྲའི་སློབ་དཔོན་བརྒྱ་ཡོད་ཀྱང༌། །ང་ལ་ཁྱོད་འདྲའི་སློབ་མ་ཁྱོད་ལས་མེད། །ཅེས་སོགས་ཀྱི་བསྟོད་པ་མང་པོ་ཡང་མཛད་དོ། །

                   ཀུན་མཁྱེན་རོང་པོའི་ཞལ་ནས་ཀྱང༌། ང་ལ་ཕ་བས་ལྷག་པའི་བུ་གཅིག་ཡོད་པ་ཡིན་ངའི་སློབ་མ་འདི་འདྲ་གཞན་ལ་ཡོད་ན་སྨོན་ནེ་འཆོར། སྐྱེས་བུ་དམ་པ་འདི་འདྲ་འཇིག་རྟེན་ན་དཀོན་གསུངས། ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཀྱང༌། སྡེ་སྣོད་གསུམ་གྱི་དོན་ལ་མཁས་གྱུར་ཅིང༌། །རྒྱུད་སྡེ་ཟབ་མོའི་རྟོགས་པས་ཀུན་ཆུབ་པ། །བྱང་ཆུབ་སེམས་གཉིས་འབྱོངས་པ་རྒྱལ་བའི་སྲས། །ཞེས་སོགས་ཀྱི་བསྟོད་པ་ཡང་མཛད་ཅིང༌། སེམས་དཔའ་ཆེན་པོས་ཞ་ལུར་བྱོན་པའི་ཚེ་བུ་སྟོན་རིན་པོ་ཆེས་ཞ་ལུའི་གྲྭ་པ་རྣམས་ལ། ད་ལྟ་བོད་གངས་ཅན་གྱི་ཁྲོད་ན་ཆོས་ཤེས་ནས་ཉམས་སུ་བླང་ཤེས་པ་རྒྱལ་སྲས་ཐོགས་མེད་པ་ཙམ་གཅིག་ཡིན། ངས་ཀྱང་ཆོས་ཤེས་པ་ཤེས་ཏེ། ཀུན་མཁྱེན་འཕགས་པ་འོད་ཀྱིས་བསྟན་པའི་དོན་དུ་བཤད་ཉན་དང་མདོ་རྒྱུད་ཀྱི་འགྲེལ་པ་མང་དུ་རྩོམས་ཞེས་གསུངས་པ་ལ་བརྟེན་ནས་བཤད་ཉན་བྱེད་དགོས་པ་བྱུང་བས། ཁོང་འདྲ་བའི་ཉམས་ལེན་བྱུང་བ་མེད། འདི་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་ཆོས་འབྲེལ་ཐོགས་པ་ཙམ་གྱིས་ཀྱང་འཁོར་ན་མཐའ་ཅན་དུ་འགྱུར་ངོ་ཤེས་པ་ཡིན་པས། མཚམས་ལ་ཡོད་པ་རྣམས་ཀྱང་གསེང་ལ་ཆོས་ཞུས། དེ་བར་གྱི་ཞབས་ཏོག་ཐམས་ཅད་བླ་བྲང་ནས་བྱེ ད་པ་ཡིན་གསུངས། དེའི་རེས་སེམས་དཔའ་ཆེན་པོས་ཀྱང་ཟླ་བ་གཅིག་ཞ་ལུར་བཞུགས་ནས་གང་ལ་གང་འདོད་ཀྱི་ཆོས་གསུངས་ཏེ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་དོ། །

                   རྒྱལ་སྲས་འདིའི་རྩར་གཞན་དག་གིས་རང་རེའི་ཆོས་བརྒྱུད་དང་བླ་མ་དང༌། རང་ལ་སྨོད་པ་བྱུང་བའི་དུས་སུ་མད་ལགས་བྱས་པས། དེ་ཀས་ཚིག་སྐེ་ཡང་ཆད་ནས་ཕན་ཚུན་རྒྱུད་སྲེག་རེས་ཀྱང་མི་ཡོང༌། རང་རེ་བཟོད་ལྡན་དུ་ཡང་འགྲོ་བ་ཡིན་གསུངས་ནས་དམ་བཅའ་ཡང་འདི་ལྟར་མཛད་དེ། འགྲོ་མང་དབུས་སུ་སྡང་མིག་ལྡན་པའི་མས། །ཚིག་ངན་བཟོད་པར་དཀའ་བས་སྨྲ་ཕབ་ནས། །གདོང་པ་ལེགས་པའི་སྐབས་ཀྱང་མེད་བྱས་ན། །དེ་ཚེ་དམ་བཅའ་འདི་དག་དྲན་པར་གྱིས། །ཞེས་གསུངས། ཡང་བསྟན་པ་དང་སེམས་ཅན་སྤྱི་མཐུན་ལ་གནོད་པ་ཆེན་པོ་བྱེད་པ་དེ་འདྲ་རྣམས་ལ། འགའ་ཞིག་གིས་འདི་ལྟ་བུ་ཀུན་ཧ་ཅང་མི་རིགས་དྲགས་འདུག་ཟེར་ནས་ཞེ་སྡང་བསྒོམ་པ་གཟིགས་ཙ་ན། ཧ་ཅང་མི་རིགས་དྲགས་པ་ད་ཀ་སྙིང་རྗེ་བ་ཡིན་གསུངས་ནས། དེ་ལྟ་བུ་རྣམས་ལ་ལྷག་པར་ཡང་བརྩེ་བར་མཛད་ཅིང༌། འདི་ལྟར་གསུངས་ཏེ། བདག་གམ་བདག་གི་ཕྱོགས་ལ་གནོད་བྱེ ད་དམ། །བསྟན་དང་འགྲོ་བ་ཡོངས་ལ་གནོད་བྱེ ད་པའི། །མ་རུང་སྐྱེ་བོ་མཐོང་ཐོས་དྲན་གྱུར་ན། །ལྷག་པར་སྙིང་རྗེའི་གནས་སུ་ཤེས་བྱས་ནས། །རྙེད་བཀུར་སྙན་སྨྲས་སོགས་ཀྱིས་དངོས་སུ་ཕན། །གདགས་པར་ནུས་ན་གདགས་ཤིང་མ་ནུས་ནའང༌། །བྱམས་དང་སྙིང་རྗེ་དྲག་པོས་བདག་ཉིད་ཀྱི། །བདེ་དགེ་ཅི་ཡོད་དེ་དོན་བསྔོ་བ་གཅེས། །ཞེས་གསུངས་སོ། །

                   རང་ལ་གཞན་གྱིས་དངོས་སུ་ཚིག་ངན་སྨྲ་བ་དང་བརྙས་པ་བྱེད་པའི་ཚེ་དེའི་ལན་མ་བྱས་ན་ཕ་རོལ་པོ་ཡང་ཞེ་སྡང་མི་བསྐྱེད་ཅིང༌། རང་རེ་ཡང་སྐྱོན་མེད་ཀྱི་སྐྱེས་བུ་བཟོད་ལྡན་དུ་འགྲོ་བ་ཡིན། གཞན་གྱིས་མི་རིགས་པ་བྱས། རང་རེས་ཀྱང་དེའི་ལན་བྱས་ཙ་ན། གཉིས་ཀ་སྐྱོན་ཅན་དུ་འགྲོ་བ་ཡིན་གསུངས། དེ་ལྟར་མཛད་པ་རྣམ་ཐར་གང་གི་ཐད་ནས་ཀྱང་སའི་སྟེང་ན་འགྲན་གྱི་དོ་ཟླ་ཐམས་ཅད་དང་བྲལ་བའི་སེམས་དཔའ་ཆེན་པོ་འདིའི་སྙན་པའི་དྲི་བསུང་གྲགས་པའི་དྲི་བཞོན་གྱིས་སའི་སྟེང་ཐམས་ཅད་ཁྱབ་པར་བྱས་པས། རྒྱ་ནག་པོའི་ཡུལ་ནས་ཀྱང་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོ་དང༌། རྒྱལ་པོ་ཆེན་པོ་ཧོང་ཐའི་ཙྪེ ་དང༌། རྒྱ་གར་དང༌། བལ་ཡུལ་དང༌། ཡ་རྩ་དང༌། མངའ་རིས་ལ་སོགས་པའི་རྒྱལ་ཕྲན་ཐམས་ཅད་ཀྱིས་ཀྱང་མོས་གུས་ཆེན་པོས། ཤཱཀྱ་ཐུབ་པའི་རྒྱལ་ཚབ་བསྟན་པའི་བདག་པོ་བོ་དོང་ཐོགས་མེད་ཅེས་སོགས་ཀྱིས་བསྟོད་པ་དང༌། གདམས་པ་བསྐུར་བར་ཞུ་ཞེས་པའི་འཕྲིན་ཡིག་འབུལ་བ་དང་བཅས་པ་རིམ་པར་བསྐུར་ཞིང་དད་པཆེན་པོས་སྤྱི་བོའི་གཙུག་ཏུ་སྒོམ་པར་བྱེད་པ་དང༌། དངོས་སུ་མི་ཆེན་གྱི་སློབ་བུའི་རིགས་འདུས་པ་ལ་ཡང༌། འཇམ་དབྱངས་ཆེན་པོ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ཏི་ཤྲཱི་ཆེན་པོ་བསོད་ནམས་བློ་གྲོས་སྐུ་མཆེད། ཏ་དབེན་གུ་ཤྲཱི་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་དང༌། ཏ་དབེན་གུ་ཤྲཱི་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་རྣམས་དང༌། མཁན་ཆེན་ཐམས་ཅད་མཁྱེན་པ་བྱང་ཆུབ་རྩེ་མོ། མཁས་བཙུན་དཀོན་མཆོག་རྒྱལ་མཚན་དང༌། མཁས་གྲུབ་ཆེན་པོ་ཁྱུང་པོ་བ་དང༌། དབུས་ཕྱོགས་ཀྱི་ཡང་ཕག་མོ་གྲུ། སྟག་ལུང༌། ཚལ་པ། རྒྱ་མ་ལ་སོགས་པའི་རིན་པོ་ཆེ་རྣམས་དང༌། མདོར་ན་དབུས་གཙང་གཉིས་ཀྱི་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་གསུམ་མཛོམ་པ་ཕལ་ཆེར་སློབ་མར་འདུས་ཤིང༌། གཞན་ཡང་དབུས་གཙང་གི་ཏ་དབེན། གུ་ཤྲཱི །སི་ཏུ། དཔོན་ཆེན། དུ་དབེན་ཤ་ལ་སོགས་ཀྱི་ལས་ཀ་འཛིན་པའི་མི་ཆེན་ཐམས་ཅད་ཀྱིས་ཀྱང༌། སྤྱི་བོའི་གཙུག་ཏུ་བཀུར་ཞིང་མཆོད་དོ། །

                  རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་འདོད་ཐམས་ཅད་རྩོལ་མེད་དུ་འབྱུང༌། འདས་མ་འོངས་ཐམས་ཅད་མཁྱེན་པའི་མངོན་པར་ཤེས་པ་ཐོགས་མེད་དུ་མངའ། ཡི་དམ་གྱི་ལྷ་སྟོན་གནམ་དྭངས་པའི་སྐར་ཚོགས་ཙམ་གཟིགས། ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་དབང་འབྱོར་ཀྱང་ཐུགས་ལ་རློམ་པ་དང༌། ཁེངས་པ་རྡུལ་ཙམ་ཡང་མི་མངའ་ཞིང༌། འདི་ལྟར་གསུངས་ཏེ། རང་གི་ཉེ་དུའི་བཀུར་སྟི་རབ་སྤངས་ནས། །གཞན་གྱི་བཀུར་སྟི་འདོད་ན་བློས་བཏང་ཉམས། །དེ་ཕྱིར་གང་དུ་སུ་དང་འགྲོགས་ཀྱང་རུང༌། །མཐོ་དམན་འབྲིང་གསུམ་སྤྱི་བོར་འཁུར་བ་གཅེས། །ཞེས་པ་དང༌། འོ་སྐོལ་ཆོས་པ་རྣམས་ལ་ཡང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡོད་ཀྱང༌། དེས་རང་མཆོག་ཏུ་འཛིན་ཅིང་ང་རྒྱལ་གྱིས་རང་ལས་དམའ་བ་ལ་བརྙས་པ། མཉམ་པ་ལ་འགྲན་སེམས། མཐོ་བ་ལ་ཕྲག་དོག་བྱེད་ན་ཆོས་གནད་དུ་མ་སོང་བ་ཡིན། དཔེར་ན་སྨན་གྱིས་ནད་བསྐྱེད་པའང་འདྲེ་ཤར་ནས་གནོད་པ་ལ་གླུད་ནུབ་སྒོར་སྐྱེལ་བ་དང་འདྲ་གསུངས། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི་སྐྱེ་བོ་ཀུན་གྱིས་མཆོད་པའི་གནས་སུ་བཟུང་ཡང་འདོད་ཡོན་ལ་སྲེད་པ་ཆུང་བས་གསོལ་གང་དྲངས་ཀྱང་ཞིམ་པ་དང་མི་ཞིམ་པའི་ཞལ་སྙད་མི་མཛད་པར་གང་དྲངས་པ་གསོལ་བས་གཞན་གྱིས་བཀུར་བ་དང༌། བསྒྲུབས་པ་དང༌། ཞབས་ཏོག་སླ་ཞིང་འདི་ལྟར་ཡང་གསུངས་སོ། །ཆུ་རྒྱ་མཚོ་ཆེ་ལ་འཕྱོ་བའི་ཉ། །རྐན་ལྕགས་ཀྱུ་རྣོན་པོས་ཕུག་པ་དེ། །རང་ཟས་ལ་སྲེད་པ་ཆེས་པས་ལན། །སྲེད་ཞེན་གྱིས་ཟས་ལ་མ་རྒྱུགས་ན། །ལྕགས་ཀྱུ་ཡིས་ཡ་རྐན་འབུག་དོན་མེད། །ཡུལ་མཐུན་རྐྱེན་གྱིས་འཁོར་བར་འཛིན་པ་འདི། །རང་འདོད་ཡོན་ལ་སྲེད་པ་ཆེས་པས་ལན། །འདོད་ཡོན་གྱི་སྲེད་པ་སྤངས་ཙ་ན། །ཡུལ་མཐུན་རྐྱེན་ལམ་གྱི་གྲོགས་སུ་འཆར། །འདོད་ཡོན་སྤྱད་ཀྱང་ཞེན་མེད་ཤིན་ཏུ་གཅེས། །གསུངས་པ་དང༌། འོ་སྐོལ་དང་པོ་གྲྭ་སའི་དུས་ནས་དངོས་པོ་གསོལ་བའི་བློ་མ་སྐྱེས་པས་འཕྲལ་ལྟོ་སྐྱིད་པ་ཞིག་བྱུང་གསུངས། རྒྱལ་སྲས་འདི་སྦྱིན་པའི་ཕར་ཕྱིན་ལ་སློབ་པར་མཛད་པའི་ཚེ་ལུས་དང་ལོངས་སྤྱོད་ཐམས་ཅད་སེམས་ཅན་ལ་དངོས་སུ་གཏོང་བར་མཛད་དེ། ལྷོ་སྒོ་རུ་ནད་པ་སྙོམས་ཆུང་ཡུན་རིང་ན་བ་ཟ་རྒྱུ་མེད་པ་གཅིག་ལ། བསོད་སྙོམས་མཛད་པའི་རྩམ་པ་བོང་རྒྱབ་གཅིག་ཡོད་པ་དེ་བྱིན་པས། ད་དེ་འཆི་བའི་འདྲེ་མེད་པར་བྱས་ཟེར་ནས་ངུ་ཡིན་འདུག དེ་ལ་སྙིང་རྗེ་དྲག་པོ་སྐྱེས་གསུངས།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།