རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:30:35     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

232836632265942602.jpg 

                    དྲུང་ན་འཁོད་པའི་སློབ་མ་རྣམས་ཀྱང་ང་ཁོ་ན་ལ་མཉེས་ཤིང་བྱམས་སྙམ་དུ་ཐམས་ཅད་དེ་ལྟར་དུ་སེམས་ཤིང༌། དེ་རྣམས་ཀྱང་གཅིག་ལ་གཅིག་མཐོང་ཆེ་ཞིང་བྱམས་པས། ཕན་ཚུན་ཆེ་མི་རྩོད་པར་གྲལ་འོག་ཏུ་སྡོད་པ་ལ་ཧབ་ཐོབ་བྱེད་ཅིང་གཅིག་ལ་གཅིག་སྙན་པར་སྨྲའོ། །སེམས་དཔའ་ཆེན་པོ་འདི་ནི། དཔེར་ན་མ་བུ་གཅིག་བུ་ཡིད་དུ་འོང་བ་ལ་བརྩེ་བ་ལྟར་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངའ་ཞིང༌། ཁྱད་པར་དུ་དངོས་སུ་སྡུག་བསྔལ་བ་དང༌། སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་བརྩེ་སྟེ། དགུང་ལོ་བཅུ་དྲུག་ཙམ་ལོན་པའི་དུས་ཟང་ཟིང་གིས་ཕན་འདོགས་བག་ཙམ་བྱས་པའི་དགེ་བཤེས་གཅིག་གིས་སང་ཉིན་སླེབ་པ་དགོས་པའི་དོན་གལ་ཅན་ཞིག་གི་བང་ཆེན་བཅོལ་ཏེ། བོ་དོང་ནས་ས་སྐྱར་འབྱོན་པའི་ཕྱེད་ལམ་ཙམ་ན་སླེབ་པའི་ཐང་དཀྱིལ་ཞིག་ན། ཁྱི་གུ་བཞི་ལྔ་ཞིག་སྐྱེས་པ་མས་བོར་ནས་སོང་འདུག་པ་གཟིགས་པ་དང༌། སྙིང་རྗེ་ནས་བཤུམས་ཤིང༌། དེ་རིང་འདི་པ་སྐྱེལ་དུ་ཕྱིན་ན་ནི་ཁོང་གི་དོན་མི་འགྲུབ། དེ་རིང་བཞག་ནས་ཕྱིན་ན་ནི་དགུན་ཡིན་པས་འཁྱགས་ནས་ཀྱང་འཆི། བྱ་རོག་དང་གཅན་གཟན་དག་གིས་ཀྱང་གསོད་སྙམ་དུ་བསམ་ནས་དེ་རིང་འདི་པ་བསྐྱལ་ལ། དེ་རིང་མཚན་ལ་འགྲོ་དགོས་པ་ཡིན་དགོངས་ཏེ། ཁྱི་གུ་སྐྱེལ་བ་ལ་ལོག་ནས་བྱོན་པས། དགེ་བཤེས་དེ་དང་ད་རེས་མ་འཕྲད་པ་བྱ་དགོས་དགོངས་པ། སྲང་བར་གཅིག་ཏུ་འཕྲད་པས། ཉིད་ཀྱིས་དོན་གལ་ཅན་གྱི་སྟབས་བཅོག་པར་འདུག་ཟེར་ནས་འཐབ་ཏུ་བྱུང་བས་སྐྱེངས་པོ་བྱུང་གསུངས། དེ་ནས་དེ་མ་ཁད་ལོག་ནས་བྱོན་པས་ཐོ་རངས་ཁ་ས་སྐྱར་ཕེབས་ལན་བསྒྱུར། ཚ་བ་གཅིག་གསོལ་ནས་བྱོན་པས་དགོང་མོ་བོ་དོང་དུ་ཕེབས། དགེ་བཤེས་དེ་ན་རེ་ངོ་མཚར་ཆེ་ངས་སྙིང་འཐབས་པ་དེ་ཡང་བཟོད་པར་གསོལ་ཟེར་བྱུང་གསུངས། ཡང་དགུང་ལོ་ཉི་ཤུ་ཙམ་ལོན་པའི་དུས་སུ་ཨེའི་དགེ་འདུན་རྣམས་ཆོས་གཞི་བཏེག་པས། རྒྱལ་སྒོའི་འགག་ན་སྤྲང་མོ་ཞ་མ་གཅིག་ཡོད་པ་དེ་ངུ་ཡིན་འདུག་པས་ཐུགས་ཀྱིས་མ་བཟོད་དེ་ཅིས་ཉེས་དྲིས་པས། བཙུན་པ་ཐམས་ཅད་འབྱོན་པར་འདུག་དེས་ན་ང་ལ་ལྟོ་སྟེར་མི་མི་ཡོང་ཟེར། ངས་ཁྱོད་ལེན་དུ་འོང་གི་སྡུག་བསྔལ་མ་བྱེད་གསུངས་ཏེ། ཐག་པ་ཁྱེར་ནས་ལོག་བྱོན་ཏེ། ང་ལ་ཁུར་གསུངས་པ་ལ་མོས་ཁུར་མི་ནུས་པ་འདུག་ཟེར། སྔ་ལ་མོའི་གོས་སྟན་རྣམས་བསྐྱལ། དེ་ནས་མོ་རང་ཁུར་ནས་ཆོས་བར་སར་བསྐྱལ་གསུངས། དེས་ན་སེམས་ཅན་དངོས་སུ་སྡུག་བསྔལ་བ་གཟིགས་ན་ལྟ་སྨོད་ཀྱང་ཅི་འཚལ། གཞན་གྱིས་སེམས་ཅན་སྡུག་བསྔལ་བ་འདི་འདྲ་འདུག་ཟེར་བ་གསན་ན། ངའི་མ་རྒན་རེ་སྙིང་རྗེ་གསུངས་ཏེ་བཤུམས་ན་གསུང་གླེང་ཀྱང་འཕྲོ་ཆད་ནས་འགྲོ་ཞིང༌། གླང་རི་ཐང་པ་ལ་གཞན་གྱིས་ངོ་ནག་པོ་བྱས་པ་གསན་པས། ངའི་མ་རྒན་སེམས་ཅན་གྱི་སྡུག་བསྔལ་འདི་ལ་བསམས་ན་ངོ་གདོང་དཀར་པོ་ཡོང་ས་མི་འདུག་གསུངས་ཟེར། དེ་ཁོང་པ་མེད་པར་གདའ་གསུང་ནས་སྤྱན་ཆབ་ཉིལ་ཉིལ་མཛད་ཅིང་འདི་ལྟར་ཡང་གསུང་ངོ༌། །

                   སྡུག་བསྔལ་མང་གཟིར་འགྲོ་འདི་ཡལ་བོར་ནས། །རང་ཉིད་ཞི་བདེ་འབའ་ཞིག་དོན་གཉེར་བ། །ཕ་མ་མེ་ཡིས་འཚིག་པ་ཡལ་བོར་ནས། །རང་ཉིད་བསིལ་བའི་རྫིང་པུར་ཁྲུས་བྱེ ད་འདྲ། །འགྲོ་འདིས་རང་གི་བདེ་བ་ཡལ་བོར་ནས། །བདག་གི་དོན་དུ་སྡུག་བསྔལ་ཁུར་བླངས་པ། །ས་དང་རྒྱ་མཚོའི་རྡུལ་བས་ཆེས་མང་ན། །དེ་དག་བདག་གིས་ཇི་ལྟར་ཡལ་བར་འདོར། །ཐོག་མེད་དུས་ནས་ལན་མང་ཕན་བཏགས་པའི། །འགྲོ་མང་བཟོད་དཀའི་སྡུག་བསྔལ་གྱིས་གཟིར་བ། །མཐོང་ཐོས་དྲན་ཀྱང་གས་པར་མ་གྱུར་པ། །བདག་གི་སྙིང་འདི་ལྕགས་ལས་བྱས་སམ་ཅི། །སྔོན་ཆད་ཡང་ཡང་སྡུག་བསྔལ་སེལ་བྱེད་མ། །མནར་མེད་མེ་ཡི་ནང་དུ་ཚིག་གྱུར་ན། །དེ་ལ་སྙིང་རྗེའི་བསམ་པ་མི་སྐྱེ་བ། །བདག་འདྲ་མི་ཡི་ལུས་ཅན་དུད་འགྲོ་ཟད། །ཅེས་གསུངས། དབུས་པའི་དམག་རྟིང་མ་འཛད་དུ་བྱུང་དུས་དངུལ་ཆུའི་མདུན་གྱི་ཐང་ཆེན་པོ་དེ་དམག་གིས་གང་བ་གཟིགས་པས་སྡུག་གེ་ཚོ་སྡུག་གེ་ཚོ་ངའི་མ་རྒན་འདི་ཙམ་ཞིག་འཁྲུལ་ནས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དེ་སྙིང་རེ་རྗེ་གསུངས་སྙིང་རེ་རྗེ་ཞེས་གསུངས་ཞིང་བཞུགས་གདན་གྱི་སྟེང་དུ་འདྲེ་ལྡོག་མཛད་ཅིང་བཤུམས་པའི་མཐར་བརྒྱལ་བརྒྱལ་གྱི་བར་དུ་བཤུམས་པ་ཞིག་བྱུང༌། གཞན་ཡང་འདི་ལྟར་གསུངས་ཏེ། ངན་སོང་གསུམ་སྟེ་ཨ་ཅང་ཆེ། མིའི་ནང་ནས་ཀྱང་སྡུག་བསྔལ་དངོས་སུ་སྤྱོད་པ་འདི་རྣམས་སྙིང་ཤིན་ཏུ་ཡང་རྗེར་མོད། བསམ་བློ་ལེགས་པར་བཏང་ན་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་འདི་རྣམས་སྙིང་རྗེ་གསུངས་ཞིང༌། ད་ལྟ་འཇིག་རྟེན་གྱི་མི་ཆེ་རུ་རེ། གྲུང་དུ་རེ།འཁོར་མང༌། ཁ་དྲག ནོར་ཆེ། ལས་སུ་སྡིག་པ་འབའ་ཞིག་བྱེད་པ་དེ་འདྲ་རྣམས་གཟིགས་པའམ། དྲན་པའམ། དེ་དག་གི་གླེང་མོ་བྱུང་ཙ་ན་ཡང་སྤྱན་ཆབ་འབྱིན་ཅིང༌། ཕ་རོལ་པོ་རྣམ་རྟོག་སྐྱེར་ཡོང་བསམ་པ་བྱུང་ནས་ཉམས་སྣ་དཀྱིལ་གྱིན་ཚོད་བཟུང་བ་མིན་ན། དེ་འདྲ་རྣམས་དང་ཕྲད་པ་ན་མཆི་མ་རང་དབང་མེད་པར་ཡོང་གི་འདུག་གསུངས། འོ་སྐོལ་ཆོས་པ་འདི་རྣམས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་འདི་རྣམས་ལ་སྙིང་རྗེ་སྐྱེ་ཐང་བ་ཞིག་འདུག་པ་ལ། སྐྱེ་བ་ཉུང་བ་དེ་རང་རེ་རྣམས་ཀྱང་ཚེ་འདིའི་དཔལ་འབྱོར་ཁ་དྲག་དེ་རྣམས་ལ་སྐྱོན་དུ་མི་ལྟ་བའི་བློ་ངན་དེ་ཕུགས་སུ་ཞུགས་པས་ལན་འདུག་ད་ལྟ་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེ་བ་དེ། སྡུག་བསྔལ་དེ་ལ་རང་རེ་སྐྱོན་དུ་ལྟ་བས་ཡིན་པར་འདུག་སྟེ། དེ་གཉིས་རང་སྐྱོན་གང་ཆེ་མི་ཤེས་གསུངས། ཚོགས་ཆོས་གསུངས་པའི་དུས་སེམས་ཅན་གྱི་སྡུག་བསྔལ་ལ་གཟིགས་ནས་སེམས་དཔའ་ཆེན་པོ་ཉིད་ཀྱིས་བཤུམས་ཙ་ན་ཚོགས་པ་བྱིངས་པོ་ངུ་ཅོ་ཐེག་ཐེག་ཡོང་བ་དེ་ལ་མཚན་ཉིད་པ་ཞིག་ན་རེ། མཁན་ཆེན་བུ་སྟོན་པ་དང༌། བླ་མ་པཎ་ཆེན་པ་ཆོས་གསུང་ཙ་ན། བཞད་གད་ཐེག་ཐེག་ཉམས་དགའ་ཞད་ཆེ་བར་འདུག

                   འདི་པས་ཆོས་གསུངས་པ་དེ་སྡུག་ཞད་ཆེ། མི་གཅེས་ཤི་བ་བཞིན་དུ་ངུ་ཅོ་ཐེག་ཐེག་ཡོང་ཟེར། རྒྱལ་སྲས་འདི་སྐུ་མཚམས་དམ་པོ་ལ་བཞུགས་པའི་དུས། མཁན་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པ་ཞིང་གཞན་དུ་གཤེགས་པ་མངོན་པར་ཤེས་པས་མཁྱེན་ཏེ། མཚམས་ཧུར་ཐོན་མཛད་ནས་བྱོན་པའི་ལམ་ཁར་མི་གཉིས་ཀྱིས་ར་གཅིག་མི་འགྲོ་བཞིན་ཁྲིད་འགྲོ་བ་དང་ཕྲད་པ་ན་ཅི་བྱེད་དྲིས་པས། ཧོར་འདྲ་ལ་སྤྲོད་པ་ཡིན་ཟེར། སྙིང་རྗེ་ནས་བཤུམས་ཏེ་གསེར་ཞོ་ཕྱེད་བྱིན་ནས་འདི་ཧོར་འདྲ་ལ་སྤྲོད་ལ་ར་འདི་མ་གསོད་ང་ལ་བླངས་བྱས་གསུངས། དེ་ནས་ཤངས་ཀྱི་མདའི་གད་སྐྱིབས་ཤིག་ཏུ་ཕེབས་པ་དང༌། འདིར་ཇ་སྐོལ་ངལ་གསོ་ཡིན་གསུངས་པ་ལ། འདི་ན་ཆུ་མི་གདའ་ཞུས་པས། ཆུའི་ཁག་ངས་ཁུར་མེ་ཤིང་ཐུས་ལ་ཤོག་གསུངས། ཤིང་བཏུས་ནས་སླེ བ་པ་དང༌། ཆུ་འདི་ན་གདའ་ཡིས་གསུང་ནས་ཕྱག་གིས་བྱེ་མ་ལ་རུད་རུད་མཛད་པ་ལ་སྔར་མེད་པའི་ཆུ་བྱུང་བས་ཞབས་ཏོག་པ་རྣམས་ཀྱི་བསམ་པ་ལ་མིག་འཕྲུལ་ཡིན་ནམ་བསམ་པ་བྱུང་ཟེར། ཇ་གསོལ་ཟིན་པའི་རྗེས་ལའང་ཆུ་འདུག །ཡར་ལམ་ཆེད་ཀྱིས་བལྟས་པས་ཆུའི་རྗེས་ཡང་མི་འདུག་ཟེར་རོ། །དེ་ནས་མཁན་ཆེན་རིན་པོ་ཆེ་དང་མཇལ་བས་ཉིད་བྱོན་པ་དེ་དགའ་གསུང་ནས་མཉེས་ཚོར་ཆེན་པོ་མཛད། འཇུག་པ་སེམས་བསྐྱེད་འདི་སྔར་བླ་མ་རིན་ཡེ་བ་ལ་ཐོབ་ལགས་ཏེ་ཡིན་ཀྱང་དྲུང་དུ་གཅིག་ཐོབ་ན་བསམ་པས་སྐུ་ཁམས་ཀྱིས་ལྕོགས་ཙམ་གདའ་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེ་དུས་བསྙུང་རབ་འདུག་སྟེ་ཤིན་ཏུ་ཡང་སྤྲོ་ཡོ། ད་ལྟ་རང་མཆོད་པ་ཤོམས་ཤིག་གསུངས། སེམས་བསྐྱེད་ཀྱི་ཆོ་ག་དངོས་གཞི་གྲུབ་ནས་མཁྱེན་པར་གསོལ་བ་གདབ་པའི་སྐབས་སུ། ས་ཆེན་པོ་ནི་རབ་ཏུ་གཡོས་ལྷའི་མེ་ཏོག་ནི་ཆར་བཞིན་དུ་བབས། སྤོས་ཀྱི་དྲི་ཞིམ་པོའི་ངད་པ་ནི་རྣམ་པར་ལྡང༌། རོལ་མོའི་སྒྲ་སྙན་པ་ནི་དབྱར་གྱི་འབྲུག་བཞིན་དུ་གྲག སྤྲིན་རྣམས་ཀྱིས་ཀྱང་འཇའ་ཚོན་སྣ་ལྔའི་བླ་རེ་བྲེས་པར་གྱུར་ཅེས་གྲག་གོ །

                  ཆོ་ག་ཚར་བའི་རྗེས་ལ་མཁན་ཆེན་རིན་པོ་ཆེའི་ཞལ་ནས། ཆོས་བདག་པོའི་ལག་ཏུ་འཕྲོད། ད་སྟེ་བཙུན་རྒན་དེ་རིང་ཤི་ཡང་འགྱོད་པ་མེད་དོ་གསུངས་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། དེ་ནས་རིང་པོ་མ་ཐོགས་པར་སྐུ་གཤེགས་ཤིང༌། གཤེགས་ཁར་སྒྱུ་མའི་དཔེ་བརྒྱད་པོ་དེ་ནར་བ་གཅིག་གསུངས་ནས་གཤེགས་ཞེས་གྲག་གོ །མཁན་ཆེན་རིན་པོ་ཆེའི་སློབ་མ་རྣམས་ཀྱིས། བླ་མ་རྒྱལ་སྲས་པ་དེ་ལ་མངོན་པར་མཁྱེན་པ་ཡོད་མེད་ཐེ་ཚོམ་མི་འདུག །མཁན་ཆེན་རིན་པོ་ཆེ་གཤེགས་ལ་ཁད་དེར་ཁོང་གིས་ཕེབས་ཟེར། དེ་ནས་སེམས་དཔའ་ཆེན་པོ་ཉིད་ཀྱང་ཉིན་ཞག་རེ་ལ་དུས་གསུམ་དུ་སྨོན་འཇུག་གི་སེམས་བསྐྱེད་བསྡུས་པ་རེ་ལེན་ཅིང༌། འདི་ལྟར་གསུངས་ཏེ། གང་གིས་རང་གི་བདེ་བ་ཡལ་བོར་ནས། །ཡུ་བུའི་དོན་དུ་སྡུག་བསྔལ་ཁུར་བླངས་པའི། །སེམས་ཅན་ཚོགས་འདི་བློ་ཡིས་ཡལ་བོར་ན། །ཐེག་ཆེན་དམ་ཆོས་ཐོས་པའི་དགོས་པ་ཅི། །དེས་ན་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱི ར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རང་དོན་སྤངས་ཏེ་དངོས་སམ་བརྒྱུད་ནས་ཀྱང༌། །གཞན་དོན་སྒྲུབ་དེ་སྐྱེས་བུ་མཆོག་ཡིན་ནོ། །ཞེས་སོགས་གསུངས་ཤིང༌། དབུས་གཙང་ཁམས་གསུམ་གྱི་དགེ་བའི་བཤེས་གཉེན་དང༌། སྐྱེ ་བོའི་ཚོགས་ཁྲི་ཕྲག་དུ་མ་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་གནང་ནས། བྱང་ཆུབ་སེམས་དཔར་གྱུར་པར་མཛད་ཅིང༌། དུས་ཕྱིས་མཁན་ཆེན་བྱང་ཆུབ་རྩེ་མོས་དབུ་མཛད་པའི་དགེ་བའི་བཤེས་གཉེན་འབའ་ཞིག་ཚོགས་པ་ལ། འཇུག་པ་སེམས་བསྐྱེད་གསུངས་སྐབས་སུ་འོ་སྐོལ་གྱིས་མཁན་ཆེན་རིན་ཆེན་པ་ལ་འདི་ཞུས་པའི་དུས་སུ། ཆོས་བདག་པོའི་ལག་ཏུ་འཕྲོད་པ་ཡིན་གསུངས་ནས་མཉེས་ཚོར་ཆེན་པོ་མཛད་ཅིང་གདའ། འོ་སྐོ ལ་ལ་བདག་པའི་བདག་རྒྱུ་ཙམ་མེད་དེ། ཁོང་པ་དེ་སྐད་གསུང་གིན་གདའ། འོན་ཀྱང་བྱས་པས། ཇོ་བོ་རྗེ་ཡབ་སྲས་སྐུ་མཆེད་གསུམ་ལ་སོགས་པའི་དུས་སུའང༌། ཆོས་འདི་ལ་བཀའ་དོག་པ་ཡིན་པར་འདུག །དུས་ཕྱིས་ཀྱང་འདི་འབོགས་པ་ཉུང་བར་གདའ། གང་ལྟར་ལགས་ཀྱང༌། འོ་སྐོལ་ལས་དབུས་གཙང་གཉིས་ན་ཆོས་འདི་འབོགས་པ་མང་བ་མེད། སྔར་ཡང་རྒྱུད་ལ་སྐྱེས་པ་མང་པོ་བྱུང་ཞིང༌། ད་འོ་སྐོལ་ནས་ཆོས་འདིའི་བཀའ་ཡངས་སུ་གཏོང་བ་ཡིན་པས། ཉིད་ཅག་དགེ་བའི་བཤེས་གཉེན་འབོགས་པར་ནུས་པ་ཐམས་ཅད་ཀྱིས་ཕོག་ཅིག་གསུངས་སོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།