རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:25:59     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 387969592465124430.jpg

                   སེམས་དཔའ་ཆེན་པོ་འདི་ཉིད་ནི་མི་རྟག་པ་ཐུགས་ལ་འཁྲུངས་པས་འདོད་ཡོན་གྱི་འཁྲི་བ་ཆོད། ཕྱི་ཚིས་ཀྱི་གྲབས་གཤོམ་བོར། ཚེ་འདིའི་མདུན་མ་མི་ཆོས་ཀྱི་བྱ་བྱེ ད་བློས་བཏང་སྟེ། ཁག་སྟེ་ལངས་པ་གཞིས་རྫོགས་པ། །བྱར་མེད་དེ་ནི་བསྟན་ཡུལ་ཡིན། །ཞེས་བཀའ་གདམས་གླེགས་བམ་ལས་གསུངས་པ་དེ་ཕྱག་ལེན་ལ་ཐེབས་པར་མཛད་དོ། །སེམས་དཔའ་ཆེན་པོ་འདིས་ཚེ་འདིའི་འཁྲི་བ་ཕྲ་མོ་ཙམ་ཡང་མེད་པར་ལམ་ཆ་ཚང་ལ་སྒྲུབ་པ་སྙིང་པོར་མཛད་ཅིང་སྐལ་བ་དང་ལྡན་པ་གཞན་དག་ལ་ཡང་ཆོས་རྣམ་དག་སྒྲུབ་པ་ལ་ཚེ་འདིའི་སྣང་ཤས་འདི་ལས་བར་ཆད་ཆེ་བ་མེད་པས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འདོད་པ་རྣམས་ཀྱིས་ཐོག་མར་དལ་འབྱོར་རྙེད་དཀའ་དང་ནམ་འཆི་ཆ་མེད་བསམས་ནས་ཚེ་འདི་ལ་མ་ཆགས་པ་ཞིག་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་སྒྲུབ་དགོས་སོ་ཞེས་འདོམས་པར་མཛད་པ་ནི། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་འོད་ཟེར་རབ་ཏུ་རྒྱས་པ་ཡིས། །སྐྱོབ་ཀྱི་རབ་རིབ་མ་ལུས་སེལ་མཛད་པའི། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ནས། །དམ་ཆོས་ཚུལ་བཞིན་སྒྲུབ་ཐབས་བཤད་པར་བྱ། །དམ་ཆོས་ཐར་པའི་ལམ་དུ་འགྲོ་བ་ལ། །ཚེ་འདིའི་ཕུན་ཚོགས་སྒྲུབ་ལ་རྩེ་གཅིག་པའི། །བློ་ངན་འདི་ལས་བར་ཆད་ཆེ་བ་མེད། །དེ་ཕྱིར་རྣམ་པ་ཀུན་ཏུ་འདི་སྤང་བྱ། །ཐོས་བསམ་སྒོམ་སོགས་དགེ་བ་གང་བྱེད་ཀྱང༌། །བློ་ངན་འདི་དང་འདྲེས་ན་རོ་བརྒྱའི་ཟས། །ངན་སྐྱུགས་དག་དང་བསྲེས་པ་ཇི་བཞིན་དུ། །བཟང་པོ་ངན་པར་བྱེད་པ་གདོན་མི་ཟ། །དཔོན་སློ བ་མཆེད་གྲོགས་གཉེན་ལ་རྩོད་བྱེ ད་ཅིང༌། །བདེ་སྡུག་གཏམ་ངན་ཀུན་ལ་མི་འཛེམ་པར། །ངལ་བ་ཆེན་པོས་ལོངས་སྤྱོད་སྒྲུབ་བྱེད་པ། །བློ་ངན་འདི་ཡིས་དབང་མེད་བསྐུལ་བར་ཟད། །གཞན་གྱི་དཔལ་འབྱོར་གཞོམ་ཕྱིར་ལུས་སེམས་ཀྱི། །འབད་པ་དྲག་པོས་འཐབ་དང་རྩོད་བྱས་ནས། །རང་གཞན་འདི་ཕྱི་གཉིས་ཀར་ཕུང་བྱེད་པ། །དེ་ཡི་སྙིང་དུ་བློ་ངན་གདོན་འདི་ཞུགས། །གསུང་རབ་སྒྲོན་མེ་ལག་ཏུ་ཐོགས་ནས་ཀྱང༌། །རྙེད་བཀུར་འཁོར་སྡེའི་དོན་དུ་འཐབ་རྩོད་བྱེད། །སྡིག་པའི་གཡང་སར་གོམ་པར་འདོར་བའི་མིག །བློ་ངན་རབ་རིབ་འདི་ཡིས་བསྒྲིབས་པར་ངེས། །ནོར་མང་སྦྱིན་ཡང་གྲོགས་དང་འཁོར་ལ་སོགས། །དོན་དུ་གཉེར་ཕྱིར་སྦྱིན་པ་ཆེན་པོ་ལས། །འབྲས་བུ་ཆུང་ཞིང་ངན་པར་བསྒྱུར་བ་ནི། །བློ་ངན་བ་མོ་འདི་ཡིས་བཅོམ་པར་ངེས། །འབད་པས་ཚུལ་ཁྲིམས་བསྲུངས་ཀྱང་རྙེད་སོགས་ཀྱི། །འཆིང་བས་བཅིངས་ནས་ཐར་ལམ་མི་བགྲོད་ཅིང༌། །འཁོར་བའི་བཙོན་རར་འཛིན་བྱེད་ལྕགས་སྒྲོག་དེ། །བློ་ངན་འདི་ཡི་ལག་ན་ངེས་པར་གནས། །ཡུན་རིང་བསམ་གཏན་བསྒོམས་ཀྱང་ཆགས་སྡང་གིས། །བདག་བསྟོད་གཞན་སྨོད་རྙེད་ཕྱིར་འཐབ་རྩོད་བྱེ ད། །ཞི་གནས་བསྒོམས་པས་མ་ཞིའི་བློ་སྐྱེས་པ། །བློ་ངན་ཡུར་མའི་རྩ་བ་ཡོད་པས་ལན། །ནད་གདོན་ཆོམ་རྐུན་དགྲ་སོགས་དམ་ཆོས་ཀྱི། །བར་གཅོད་ཡིན་ཞེས་གྲགས་ཀྱང་རང་གི་བློ། །ལས་སུ་རུང་ན་དེ་ཀུན་གྲོགས་སུ་འགྱུར། །བློ་ངན་འདི་ནི་དམ་ཆོས་གེགས་སུ་ངེས། །ད་ལྟའི་དམ་ཆོས་ཚུལ་བཞིན་སྒྲུབ་འདོད་པས། །ཚེ་འདིའི་ཕུན་ཚོགས་སྒྲུབ་འདོད་རྣམ་རྟོག་འདི། །དམ་པའི་ཆོས་ཀྱི་གེགས་སུ་ཤེས་བྱས་ནས། །རྣམ་པ་ཀུན་ཏུ་སྤོང་བ་ཤིན་ཏུ་གཅེས། །ཚེ་འདིའི་ཕུན་ཚོགས་བསྒྲུབས་པས་འགྲུབ་པ་དཀའ། །གྲུབ་ཀྱང་རང་དབང་སྤྱོད་པའི་ངེས་པ་མེད། །བདག་ལ་ངེས་པར་འོང་བ་འཆི་བ་ཡིན། །དེ་ཚེ་ནོར་དང་འཁོར་སོགས་ཀྱིས་མི་ཕན། །དེ་དང་བྲལ་བས་ལྷག་པར་སྡུག་བསྔལ་འགྱུར། །དེ་ལྟར་བསམས་ལ་ཚེ་འདིའི་ཆེ་ཐབས་སྤངས། །འཆི་བར་ངེས་སོ་ནམ་འཆི་ངེས་པ་མེད། །འཆི་ཚེ་ངེས་པར་ཕན་པ་དམ་ཆོས་ཡིན། །སྐྱེ་བར་ངེས་སོ་གར་སྐྱེ་ངེས་པ་མེད། །གང་དུ་སྐྱེས་ཀྱང་ཕན་ངེས་དམ་ཆོས་ཡིན། །སྟོན་བསགས་དཔྱིད་ཀ་སྤྱོད་པའི་ངེས་མེད་ཀྱང༌། །དཔྱིད་རྒྱགས་སྟོན་ནས་མ་སྒྲུབ་བླུ་ཟེར་ན། །འཆི་བར་ངེས་ཤིང་འཆི་ཚེ་ཕན་ངེས་ཆོས། །ད་ལྟ་ཉིད་ནས་མི་སྒྲུབ་ཤིན་ཏུ་བླུན། །དེས་ན་རྙེད་བཀུར་གྲགས་སོགས་ཚེ་འདི་ཡི། །ཕུན་ཚོགས་སྒྲུབ་པའི་བསམ་སྦྱོར་ཡོངས་སྤངས་ནས། །འཆི་ཚེ་ངེས་པར་ཕན་པའི་དམ་ཆོས་ལ། །གཡེལ་བ་མེད་པར་རྟག་ཏུ་འབད་པར་བྱ། །ཞེས་གསུངས་སོ། །

                   བདག་ཉིད་ཆེན་པོ་འདིས་སྐྱེས་བུ་གསུམ་གྱི་ལམ་ལ་སྦྱངས་པས་མྱོང་བ་ཕུལ་ཕྱིན་ཐོན་ཏེ་བཤེས་གཉེན་བསྟེན་ཚུལ་དང༌། དལ་འབྱོར་དང་མི་རྟག་པའི་སྐོར་ལ་མྱོང་བ་ཕུལ་ཕྱིན་ཐོན་པ་བཤད་ཟིན་པ་ལྟར་དང༌། སྐྱབས་འགྲོ་ལས་འབྲས་ལ་མྱོང་བ་ཕུལ་ཕྱིན་ཐོན་པ་ནི་རྒྱལ་སྲས་འདི་དབུས་སུ་བྱོན་པའི་དུས་གུང་ཐང་ནས་ལྷ་སར་འབྱོན་པའི་ཆུ་ཁར་ཕེབས་དུས། རྟ་བདུན་བརྒྱད་ཅིག་ལ་མི་རེ་རེ་ཞོན་ནས་ཆུ་ལ་རྐྱལ་བཏང་ནས་བྱུང་བས། ཆུ་དཀྱིལ་དུ་ཐམས་ཅད་ནུབ་ནས་སོང་བ་གཟིགས་པ་དང༌། ཨ་ཀ་ཁ་སྐྱོན་ཆེ་གསུངས་ནས་ཕྱག་ཐལ་མོ་སྦྱར་ཏེ། སྒྲོལ་མ་སྒྲོལ་མ། འཕགས་མ་འཕགས་མ། གསུངས་ནས་སྤྱན་ཆབ་ཉིལ་ཉིལ་འདུག་པ་དང༌། མི་རྟ་ཟུང་གཅིག་མ་གཏོགས་པ་རྟ་དང་མ་བྲལ་བས་ཡུད་ཅིག་ན་ཆུ་འགྲམ་དུ་ཐོན་བྱུང༌། མི་རྟ་ཟུང་གཅིག་ཆུས་ཁྱེར་སོང་བ་དང༌། སེམས་དཔའ་ཆེན་པོའི་སྐུ་རྒྱབ་ནས་ད་ཅི་མེད་པའི་མི་དཀར་པོ་གཟུགས་རིང༌། ཕྲུག་གོས་དཀར་པོ་རྙིང་ངེ་སོང་བ་ཞིག་ལ། སྐ་རགས་དྲེས་མ་ཆིག་རྐྱང་བཅིངས་པ་ཞིག་བྱུང་ནས་ང་འགྲོ་ང་འགྲོ་ཟེར་ཞིང་ཆུ་ལ་ཚམ་ཚོམ་མེད་པར་རྒལ་སོང་བ་ནས། མི་དེས་ལག་པ་ནས་དྲུད་བྱུང་སྟེ་ཅི་ཡང་མ་ཉེས་པར་གསོལ་རྟིང་མི་དཀར་པོ་དེ་གང་སོང་ཆ་མེད་ལ་སོང་བས་ཀུན་ཡ་མཚན་པར་གྱུར་ཏེ། སེམས་དཔའ་ཆེན་པོའི་ཞལ་ནས། ཅི་ཐོ་དོད་གསུངས་པ་ལ། དྲུང་ནས་འཕགས་མ་ལ་གསོལ་བ་བཏབ་པས། འཕགས་མའི་སྤྲུལ་པ་ཡིན་ལས་ཆེ་ཞུས་པ་ལ། ཡིན་པ་དག་ཀྱང་སྲིད། རེ་མཚར་ཞིག་བྱུང༌། ལར་རང་གིས་བློ་གཏོད་ནུས་ན་དཀོན་མཆོག་འདིས་རང་མི་བསླུ་བ་ཞིག་ཡིན་གསུངས། ཡང་ཉེ་གནས་ཀྱི་ལོ་གཅིག་ལོ་ཞིང་དུམ་པ་གཅིག་བཏབ་པ་གཟིགས་པས། སེམས་ཅན་མང་པོ་འཆི། འོ་སྐོལ་ལོ་མས་ཅི་བྱེད་གསུངས་ནས་བྱེད་དུ་མ་གནང༌། དབྱར་ཡོག་མོའི་མེ་ཤིང་མ་འདོན། དེ་ལ་སེམས་ཅན་མང་པོ་ཡོད། མ་ཤི་ན་འཁོས་གཅིག་འཆར་ནས་འོང་གསུངས། དབྱར་འོད་ཁང་མེད་དུས་ནུབ་མོ་དཀར་མེ་ཕུལ་ན་ཕྱེ་མ་ལེབ་འཆི་གསུངས་ནས། དཀར་མེ་ཉིན་པར་འབུལ། དབྱར་ཁ་མཆོད་པ་སྔ་སེ་གྱིས། འཕྱིས་ན་སེམས་ཅན་རྐང་འོག་ཏུ་སོང་བ་མི་མཐོང་གསུངས་ཞིང༌། མདོར་ན་ལས་རྒྱུ་འབྲས་ལ་ཐུགས་ཡིད་གཏིང་ནས་ཆེས་པའི་རྟགས་སྲོག་གི་ཕྱིར་ཡང་སྲོག་ཆགས་ཕྲ་མོ་རེ་ལའང་གནོད་པ་མི་མཛད་ཅིང་དུས་རྒྱུན་དུ་ལས་རྒྱུ་འབྲས་སེམས་པ་ལ་བསྔགས་པ་ཆེན་པོ་མཛད་དོ། །

                   སྐྱེས་བུ་ཆེན་པོའི་ལམ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་བདག་གཞན་དངོས་སུ་བརྗེ་ནུས་པ་བྱུང་བ་དང་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཕན་སེམས་ཁོ་ན་མཛད་པ་ནི། འདི་ལྟར་ཡོན་བདག་གི་རིགས་འགའ་ཞིག་གིས། དམག་ལ་འགྲོ་བའི་དུས་རིམ་གྲོ་ལ་གཏོར་མའི་ཆས་མང་པོ་བསྐྱལ་ཙ་ན། གཏོར་མ་ཕུལ་ནས་འཕྲིན་ལས་འཆོལ་པའི་སྐབས་སུ། འོ་སྐོལ་རང་དཀོན་མཆོག་དང་ཆོས་སྐྱོང་ལ་ཞུ་བ་བྱེད་ཙ་ན། ཕྱོགས་གཉིས་ཀར་འཁྲུག་པ་ཞི་བར་བྱིན་གྱིས་རློབས།  བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བར་མཛོད་ཅིག་ཟེར་བ་མ་གཏོགས། གཅིག་རྒྱལ་གཅིག་ཕམ་པར་མཛོད་མི་ཟེར། ཉིད་ཅག་རྣམ་པའང་དེ་བཞིན་མཛོད། ཁོ་པ་སྟེ་རྒྱལ་བ་ཞིག་འདོད་དེ། རྒྱལ་བ་མ་བྱུང་ཡང་འཁྲུག་པ་ཞི་ན་ཕར་ཚུར་གཉིས་ཀ་ལ་དེས་ཆོག །དེ་བཞིན་བྱས་པས་ཡོན་བདག་བསླུས་པར་མི་འགྲོ་གསུངས། སེམས་ཅན་འདི་དང་འདི་ཞེས་བྱ་བ་བདེ་ཞིང་སྐྱིད་པ་འདུག་ཟེར་བ་གསན་ཙ་ན། དེ་ལེགས་སོ་གསུངས་ནས་ཤིན་ཏུ་མཉེས་ཤིང་འདི་ལྟར་ཡང་གསུངས་སོ། །བདག་གིས་སྡུག་བསྔལ་རླུང་ཤུགས་ཀྱིས་བསྐྱོད་ནས། །གང་གིས་བཞིན་རས་ནག་པོའི་སྤྲིན་བསྡུས་ཏེ། །མཆི་མའི་ཆར་ཕབ་ངུད་མོའི་འབྲུག་སྒྲ་བསྒྲགས། །དེ་འདྲ་ཡལ་བར་འདོར་བ་རིགས་སམ་ཅི། །བདག་ཉིད་བདེ་བའི་ཉི་ཟེར་ཕོག་པ་ཡིས། །གང་གི་བཞིན་རས་པདྨོའི་ཚལ་རྒྱས་ཏེ། །སོ་ཡི་ཟེའུ་འབྲུ་དཀར་པོ་སྟོན་གྱུར་པ། །དེ་འདྲ་ཡལ་བར་འདོར་བ་ག་ལ་རིགས། །ཞེས་སོགས་གསུངས་སོ། །

                   ཡང་དྲུང་ན་འཁོད་པའི་རི་དྭགས་དང་གཅན་གཟན་ཀུན་ཀྱང་གཅིག་ལ་གཅིག་ཕན་ཚུན་གནོད་པ་མེད་པར་བྱས་ཏེ་གཞན་གྱིས་ཕུལ་བའི་ཤ་ཁྱི་ཆེན་པོ་གཅིག་ཡོད་པ་ཡང༌། རྣ་མོས་རྩེད་མོའི་ཕྱིར་རྡུང་བ་ལྟར་བྱས་ཙ་ན། མི་རྨུག་པར་བྲོས་འགྲོ་ཞིང༌། སྤྲང་པོ་ལ་རྨུག་པའི་ཚེ་མ་ཎི་བགྲངས་པ་དང་རྨུག་འཕྲོ་གཅོད་པ་ཞིག་ཡོད་དོ། །བྱི་ལ་ཞིག་ཡོད་པ་དེ་ཡང་བྱེའུ་མཐོང་ཁར་བབ་པའི་དུས་གནོད་པའི་སེམས་སྤངས་ནས། དེ་བྱུང་བ་ལ་དགའ་ཞིང་འགྲོགས་དོགས་པའི་ཕྱི ར་དེས་མི་མཐོང་བའི་སར་ཕྱིན་ནས་ཉལ་ཞིང༌། བྱི་ཆུང་ལ་ཡང་གནོད་པ་མི་བྱེད་དོ། །སྤྱང་ཀི་གཅིག་ཡོད་པ་ཡང་སེམས་ཅན་ལ་འཚེ་བའི་སེམས་སྤངས་ཏེ། རྟིང་ལ་ཤ་བྱིན་ཀྱང་མི་ཟ་བ་ཞིག་བྱུང་ཞིང༌། ངང་པ་གཅིག་ཡོད་པ་ཡང་སེམས་དཔའ་ཆེན་པོ་བསྐོར་བ་མཛད་པའི་དུས་སུ་ཁོ་ཡང་བསྐོར་བ་བྱེད་དེ། བཞུགས་པའི་དུས་སུ་ཁོ་ཡང་སྡོད། སེམས་དཔའ་ཆེན་པོའི་སྤྱོད་ལམ་གྱི་ལད་མོ་བྱེད་པ་ཞིག་བྱུང་འདུག །དེ་ལ་མཉེས་ཤིང༌། དམག་བྱུང་ནས་བོ་དོང་དུ་འབྱོན་དགོས་པ་བྱུང་དུས། ཉེ་གནས་ལ་གཞན་དངོས་པོ་མི་ཐུབ་ངང་པ་དེ་མ་ལུས་པ་གྱིས་གསུངས་ཟེར། མཁན་ཆེན་བྱང་ཆུབ་རྩེ་མོའི་གསུང་གིས། དུད་འགྲོ་དེ་ཀུན་གྱི་བྱེ ད་ལུགས་དེ་རང་ངོ་མཚར་ཆེ། བྱང་ཆུབ་ཀྱི་སེམས་འདི་འབྱོངས་ཙ་ན་གང་ཡང་དབང་དུ་འདུ་བ་ཞིག་ཡིན་པར་འདུ་གསུངས། དབུས་པའི་དམག་མཛད་དུ་བྱུང་དུས་དངུལ་ཆུ་བ་རྣམས་ལ། དངོས་པོ་ལ་མ་ཆགས་པར་ཐམས་ཅད་བྲོས། འགྲོ་བ་མི་འོང་བའི་རྒས་པ་རྣམས་ཀྱི་གཡོག་ངས་བྱེད་པ་ཡིན་གསུངས་ཏེ། བཤུལ་ན་ཡོད་པ་རྣམས་ཀྱིས་བྲེད་ནས་དྲུང་དུ་འཚོགས་ནས་བསྡད་པའི་དུས་དམག་མི་རྣམས་ཁྲོ་ཞིང་རྔམ་པའི་ཚུལ་གྱིས་དྲུང་དུ་བྱུང་སྟེ། ཞལ་མཐོང་བ་དང༌། འཕྲལ་དུ་གཏུམ་པ་དང་ཁྲོ་ཞིང་རྔམ་པ་རྣམས་ཀྱང་ཞི་ནས་དྲུང་ན་འཁོད་པ་རྣམས་ལ་གནོད་པ་མི་བྱེད་པར་བྱིན་རླབས་ཞུས་ཀྱིན་འགྲོ། འགའ་ཞིག་དད་པ་སྐྱེས་ཏེ་མཆི་མ་འབྱིན་ཅིང༌། མི་བསད་པའི་སྡིག་བཤགས་བྱེད་ཅེས་གྲག་གོ །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།