རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:18:20     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 296984669509180833.jpg

                    དེ་དུས་ཨེ་ནས་དགེ་བཤེས་རྣམས་ཀྱིས་གདན་འདྲེན་པར་ཕྱིན་ཏེ་ད་དུང་ཆོས་གསུང་བར་ཞུ་འཕྲིན་ཕུལ་བས་མཇལ་ཁ་ཡང་མ་གནང་བར། ཉིད་ཀྱི་ཞལ་ནས། ན་མོ་ལོ་ཀེ་ཤྭ་རྭ་ཡ། །དཔག་ཡས་མཁྱེན་བརྩེ་འཕྲིན་ལས་འོད་ཟེར་གྱིས། །གནས་སྐབས་བདེ་དང་གཏན་དུ་ཕན་པའི་ལམ། །འགྲོ་བ་ཀུན་ལ་གསལ་བར་སྟོན་མཛད་པའི། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ནས། །བརྩེ་ཡང་གཞན་ཕན་ནུས་མེད་མ་ཎི་བ། །མཆི་མའི་རྒྱུན་དང་སྙིང་རྗེས་གདོང་དང་ཡིད། །རྣམ་པར་བརླན་པར་རྒྱུར་ནས་རང་ཉིད་ཀྱི། །སློབ་མ་རྣམས་ལ་སྙིང་གཏམ་འདི་སྐད་སྨྲ། །དལ་འབྱོར་རིན་ཆེན་གླིང་དུ་ཆུད་དུས་འདིར། །དམ་ཆོས་ཡིད་བཞིན་ནོར་བུ་མི་ལེན་པར། །དོན་མེད་ཚེ་འདིའི་བྱ་བ་ལྷུར་བླངས་ན། །འགྱོད་ཀྱང་འཕྱིས་པའི་དུས་ཤིག་བྱུང་དོགས་བདོག དེ་བས་རང་གིས་རང་ཉིད་མ་བསླུ་བར། །ཚུལ་གནས་ཐོས་བསམ་སྒོམ་པའི་སྦྱོར་བ་ཡིས། །དམ་ཆོས་ཚུལ་བཞིན་སྒྲུབས་ལ་དལ་འབྱོར་འདི། །ཐོབ་པ་དོན་ཡོད་མཛོད་ཅིག་ཤེས་ལྡན་རྣམས། །རྒན་གཞོན་བར་མ་གོ་རིམ་མ་ངེས་པར། །འཆི་སྙམ་མེད་པར་གློ་བུར་འཆི་བའི་ཚུལ། །མཐོང་ཡང་རང་ཉིད་འཆི་སྙམ་མི་སེམས་པ། །ནང་ན་བློ་གདེང་ཅི་ཡོད་ལེགས་པར་སོམས། །དེས་ན་རྙེད་བཀུར་གྲགས་པ་ལ་སོགས་པ། །ཚེ་འདིའི་ཚེ་ཐབས་མ་སྒྲུབས་ཕ་རོལ་ཏུ། །ཕན་པའི་དམ་ཆོས་བསྒྲུབས་ཏེ་ཕྱི་མ་རུ། །འགྲོ་བའི་ཚེ་ན་གདེང་དང་ལྡན་པར་མཛོད། །སྡུག་བསྔལ་མི་འདོད་བདེ་ལ་རབ་སྲེད་ཅིང༌། །ལས་འབྲས་བསླུ་བ་མེད་པར་ཤེས་བཞིན་དུ། །སྡིག་སྤྱོད་དགེ་བ་མི་སྒྲུབ་སྐྱེས་བུ་དེ། །མཁས་པ་ཡིན་ན་དེ་བས་བླུན་པ་སུ། །དེས་ན་ཚེ་འདིར་ཀུན་གྱིས་བརྙས་གྱུར་ཅིང༌། །ཟས་སྐོམ་ལ་སོགས་མེད་པར་ཤི་ཡང་བླ། །མི་དགེ་སྤངས་ཏེ་རྒྱུན་དུ་དགེ་བའི་ལས། །སྤྱོད་ན་མཁས་པ་ཡིན་ནོ་ཤེས་ལྡན་རྣམས། །བླུན་པོ་ཡི་དྭགས་ལ་ཡང་སྐྱབས་འགྲོ་ཞིང༌། །བརྩེ་མེད་སྡིག་ཅན་མི་ལ་སྐྱབས་འགྲོ་མེད། །དེ་དག་མཁས་པ་སྙིང་རྗེ་ཅན་རྣམས་ཀྱི། །སྐྱབས་གནས་མ་ཡིན་སྙིང་རྗེའི་ཡུལ་ཉིད་ཡིན། །དེ་བས་མཁྱེན་བརྩེ་ནུས་ལྡན་དཀོན་མཆོག་ལ། །བློ་ལྟོས་གཏོད་ལ་འཕྲལ་གྱི་བདེ་སྡུག་རྐྱེན། །གང་བྱུང་བྱིན་རླབས་ཡིན་པར་ཤེས་པར་གྱིས། །ཡུན་དུ་ཕན་པར་འགྱུར་བ་གདོན་མི་ཟ། །ཉོན་མོངས་ཀྱིས་བསྐྱེད་ལས་ཀྱི་བུད་ཤིང་ལ། །སྡུག་བསྔལ་གསུམ་གྱི་མེ་ལྕེ་རབ་འབར་བའི། །འཁོར་བ་བདེ་བར་སེམས་པ་ཕྱེ་མ་ལེབ། །མར་མེའི་གཟུགས་ལ་དགའ་བས་རྒྱུགས་དང་མཚུངས། །དེས་ན་འཁོར་བ་སྡུག་བསྔལ་རང་བཞིན་དུ། །ཤེས་ནས་དེ་རྒྱུ་ལས་དང་ཉོན་མོངས་རྣམས། །སྤངས་ཏེ་མྱང་འདས་ཐོབ་པར་བྱ་བའི་ཕྱིར། །ཐར་པའི་ལམ་ལ་རབ་ཏུ་འབད་པར་མཛོད། །བདེ་བ་འདོད་དང་སྡུག་བསྔལ་མི་འདོད་པར། །བདག་དང་སེམས་ཅན་མཚུངས་པར་རྟོ གས་བཞིན་དུ། །བདག་གི་དོན་དུ་གཞན་ལ་གནོད་བྱེད་པའི། །མི་དེ་མི་ཡི་གཟུགས་ཅན་དུད་འགྲོ་ཡིན། །གང་གིས་སྔོན་ཆད་འཁོར་བར་ལན་མང་དུ། །བྱམས་པའི་ཤུགས་ཀྱིས་སྡུག་བསྔལ་ཁུར་བླངས་ཏེ། །ཕན་བདེ་སྒྲུབ་པའི་མར་གྱུར་འགྲོ་རྣམས་ལ། །གནོད་བྱེད་ཆོས་པ་ཡིན་ན་ཆོས་མེད་སུ། །གང་གིས་རང་གི་བདེ་བ་ཡལ་བོར་ནས། །ཡུ་བུའི་དོན་དུ་སྡུག་བསྔལ་ཁུར་བླངས་པའི། །སེམས་ཅན་ཚོགས་འདི་བློ་ཡིས་ཡལ་བོར་ན། །ཐེག་ཆེན་དམ་ཆོས་ཐོས་པའི་དགོས་པ་ཅི། །དེས་ན་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རང་དོན་སྤངས་ཏེ་དངོས་སམ་བརྒྱུད་ནས་ཀྱང༌། །གཞན་དོན་སྒྲུབ་དེ་སྐྱེས་བུ་མཆོག་ཡིན་ནོ། །གཞན་ལ་མི་ཕན་སྲེ ད་ཟད་བདེ་བ་ཡང༌། །དམྱལ་བའི་མེ་ལྟར་མཐོང་ནས་རང་སྤོང་ཞིང༌། །གཞན་ལ་ཕན་ན་མནར་མེད་མེ་ནང་དུའང༌། །རབ་དགས་འཇུག་པ་རྣམས་ཀྱི་རྗེས་སུ་སློ བས། །སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་བཞིན། །སྣང་ཙམ་ཉིད་ནས་རང་རང་ངོ་བོས་སྟོང༌། །སྟོང་དང་སྣང་བ་གཅིག་མིན་ཐ་དད་མིན། །རྣམ་པར་བརྟགས་ན་བརྟག་དཔྱད་ཡུལ་ལས་འདས། །ཤེས་བྱའི་གནས་ལུགས་ཅིར་ཡང་མ་གྲུབ་པས། །གང་དུ་བཟུང་ཡང་འཛིན་བྱེད་འཁྲུལ་པ་ཡིན། །དེས་ན་མཐའ་བཞིར་འཛིན་པ་རྣམ་སྤངས་ཏེ། །དབུ་མའི་ལམ་ལ་མཉམ་པར་འཇོག་པར་མཛོད། །རང་གི་སྟོབས་ཀྱིས་སྡུག་བསྔལ་ཀུན་བསྐྱེད་པའི། །དངོས་འཛིན་ནད་ཆེན་ཞི་བར་མ་ནུས་ན། །བཤེས་གཉེན་སྨན་པ་མཁས་པ་ཉེར་བསྟེན་ཅིང༌། །དམ་ཆོས་སྨན་བཟང་རྙེད་པའི་དགོས་པ་ཅི། །དེ་བས་ཡོངས་འཛིན་མཁས་པའི་གསུང་བཞིན་དུ། །རིགས་པས་ལེགས་པར་བརྟགས་ནས་དམ་ཆོས་སྨན། །ཚུལ་བཞིན་འཐུངས་ནས་དངོས་འཛིན་ནད་སྤངས་ཏེ། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པར་མཛོད། །བསླབ་གསུམ་བླངས་པས་ཉེས་ལྟུང་དྲི་མས་གོས། །ཐོས་བསམ་བྱས་པས་ཚིག་བཞིའི་གཏིང་མ་རྙེད། །གཞན་དོན་བྱས་པས་རང་དོན་མེ་ལྟར་འབར། །དབེན་པར་བསྡད་པས་སྙོམས་ལས་དབང་སོང་བ། །བདག་འདྲས་གཞན་ལ་བསྐུལ་བ་མི་རིགས་མོད། །འོན་ཀྱང་སྙིང་གཏམ་ཡི་གེར་བཀོད་པ་འདི། ཁྱེད་ལ་ཕན་པར་འདོད་པ་མ་གཏོགས་པ། །བདག་ལ་ཞེ་འདོད་འགའ་ཡང་ཡོད་མིན་པས། །ལེགས་པར་བརྟགས་ཏེ་ཉམས་སུ་བླང་བར་མཛོད། །ཕྲད་ཀྱང་འདི་ལས་གཞན་པ་སྨྲ་རྒྱུ་མེད། །ཤི་ཡང་ཁ་ཆེམས་གཞན་འགའ་མ་མཆིས་སོ། །ཞེས་སོགས་གདམས་ངག་གནང་ནས་བཏང་ངོ༌། །

                   དེ་ནས་ལོ་འགའི་བར་དུ་གསོལ་འདྲེན་པའི་བུ་ག་མ་གཏོགས་སྒོ་བཀག་སྟེ་སུ་ཡང་ནང་དུ་གཏོང་བར་མ་མཛད། ཕྱི་ནས་འབུལ་བའི་དད་རྫས་རྣམས་ཀྱང་མ་བླངས། ཐང་ཅིག་སློབ་དཔོན་ཡོན་ཏན་དར་ཉེ་གནས་ལ་ཡོད་དུས། ཤ་གསར་ཟུག་གཅིག་དང༌། ཞོ་རྫ་གང༌། ཕུད་དམ་གང་འབུལ་བ་བྱུང་བ་ཉེ་གནས་ཀྱིས་བླངས་པས། ཉིད་རང་གསོལ་གསུངས་ནས་གསོལ་དུ་མ་གནང༌། ཉེ་གནས་ཀྱིས་ཀྱང་མ་ནུས་པར་ཆང་དང་ཞོ་གཉིས་ཕོ། ཤ་དེ་ཆུ་སྐྱེལ་མི་ལ་བྱིན་ཞེས་གྲག་གོ །ཉིད་ཀྱི་ཞལ་ནས། རི་ཁྲོད་དབེན་པའི་གནས་སུ་རྙེད་བཀུར་ལ། །རེ་བ་མེད་ཅིང་ཁ་ཟས་ཞིམ་པ་ཡི། །རོ་ལ་ཆགས་པ་སྤངས་ཏེ་འཁོར་བ་ཡི། །ར་བ་ལས་ནི་ཐར་བར་བྱ་ཕྱིར་འབད། །ཅེས་སོགས་གསུངས་ཏེ། ལོ་ཉི་ཤུ་རྩ་གྲངས་ཀྱི་བར་དུ་སྐུ་མཚམས་ཁོར་ཡུག་ལ་བཞུགས་ཏེ། དེ་དུས་ཆོས་རྗེ་ཀུན་མཁྱེན་པས་དངུལ་ཆུར་བྱོན་ནས་རང་རེ་ཞལ་ཞིག་མཇལ་བར་ཞུ། ཆོས་ཀྱི་གསུང་གླེང་མཛད་པ་ཡིན་གསུངས་པ་ལ། ད་ལྟ་མཚམས་དམ་པོའི་དམ་བཅའ་ཞིག་བདོག་པས། མི་མཇལ་བར་ཞུ། ད་གཟོད་ངེད་མཇལ་དུ་འོང་ཞེས་པ་ཞལ་དང་ཁོང་གི་དྲི་བའི་ལན་ཞུ་ཡིག་འབུལ་ཏེ་སྐུ་མཚམས་མ་ཕྱེའོ། །དེ་དུས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་བོ་དོང་དུ་བྱོན་ནས་མཇལ་དུ་འབྱོན་གསུང་ལ་ཡང་ད་རེས་མི་འབྱོན་པར་ཞུ་ཞེས་ཞུ་བ་བསྐུར་ཏེ། དེའི་དུས་སུ། མི་ཆེ་ལ་ཁ་དྲག་པ་སུས་ཞུས་ཀྱང་སྐུ་མཚམས་མ་ཕྱེ་བར་སྐུ་ནི་འདུ་འཛིའི་གཡེང་བས་དབེན། གསུང་ནི་བྲེ་མོའི་གཏམ་གྱིས་དབེན། ཐུགས་ནི་བཟུང་འཛིན་རྟོག་པས་དབེན་པར་གྱུར་ཏོ། །དེ་ལྟར་དབེན་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་རྣམས་རིམ་གྱིས་འཁྲུངས་ཏེ། ཉིད་ཀྱི་ཞལ་ནས། གནས་དབེན་པར་རིག་པ་དྭངས་པའི་དུས་སུ། མི་འདི་དང་འདི་ཞེས་བྱ་བ་ཤི་ཟེར་བ་ཐོས་ཙ་ན། འོ་སྐོ ལ་གྱི་ལུས་འདི་ལ་ཡང་ཆུའི་སྦུ་བའམ། རླང་ནང་གི་མར་མེ་བཞིན་དུ་སྐད་ཅིག་ཀྱང་སྡོད་པའི་མཐུ་མེད་པར་རིག་ནས་བཟོད་གླགས་མེད་པ་ཞིག་ཡོང་གིན་འདུག་གསུངས། ཉེ་གནས་ཀྱིས་གཟིམ་ཁང་ལ་མཁར་ལྷན་ཞིག་བྱེད་པ་ཡིན་ཞུས་པས། འོ་སྐོལ་གྱིས་ཡུན་རིང་སྡོད་པའི་ངེས་པ་མེད། དེའི་རྐྱེན་གྱིས་སེམས་ཅན་མང་པོ་འཆི་གསུངས་ནས་མ་གནང༌། རྒྱལ་སྲས་རིན་པོ་ཆེ་བླ་མ་རིན་ཡེ་པའི་སར་བྱོན་པའི་བཤུལ་དུ་ཉེ་གནས་ཀྱིས་གསང་ནས་གཟིམ་ཁང་བྱས་པས། རྒྱལ་སྲས་རིན་པོ་ཆེས་སེམས་ཅན་མང་པོ་ཤི་ཡོད། གཟུང་སྔགས་འདྲེན་དགོས་སྡུག་གེ་ཀུན་དེ་ལ་ཅི་བདེར་འདུག །སྙིང་རེ་རྗེ་གསུངས་ཞིང༌། དེའི་དུས་སུ་གསུངས་པ།

                    ན་མོ་ལོ་ཀེ་ཤྭ་རཱ་ཡ། མཁྱེན་བརྩེ་ནུས་པ་ཕུལ་ཕྱིན་འགྲོ་བའི་མགོན། །སྤྱན་རས་གཟིགས་ལ་གུས་པར་ཕྱག་འཚལ་ནས། །སྙོམ་ལས་ཅན་གྱི་སྤྲང་པོ་མ་ཎི་བ། །རང་ལ་རང་གིས་བསྐུལ་ཕྱིར་འདི་སྐད་སྨྲ། །མི་བཟད་སྐྱེ་བའི་བཙོན་རར་ཆུད་གྱུར་ཅིང༌། །ན་དང་རྒས་པའི་ལྕགས་སྒྲོག་གིས་བཅིངས་ཏེ། །འཆི་བདག་མཚོན་ཆ་ཕྱར་བའི་དྲུང་གནས་ན། །ཚེ་འདི་གཏན་དུ་སྡོད་སྙམ་ཁྱོད་སེམས་སམ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་ཡངས་པ་འདིར། །ལས་དང་ཉོན་མོངས་རླུང་ཤུགས་དྲག་པོས་བསྐྱོད། །འཇིགས་རུང་ངན་འགྲོའི་ཀློང་འཁྱིལ་ཁར་གནས་ན། །རྙེད་བཀུར་གྲགས་པ་བསྒྲུབ་པ་ཁྱོད་དྲན་ནམ། །ལང་ཚོའི་ཉིན་བྱེད་ལོ་ཟླའི་ནུབ་རིས་བསྒྲིབས། །ལུས་ཀྱི་རི་ཀླུངས་རྒས་པའི་གྲིབ་མས་ནོན། །འཆི་ཁའི་མུན་ནག་མྱུར་དུ་འབྱུང་ངེས་ན། །སོས་དལ་སྐྱིད་ཆོས་བྱེ ད་པར་ཁྱོད་ཁོམ་མམ། །མགོ་ལ་སྐྲ་དཀར་ལྕགས་ཀྱུ་རྣོན་པོས་བཏབ། །ལུས་ནི་གཉེར་མའི་ཞགས་པ་དམ་པོས་བཅིངས། །བརྩེ་མེད་འཆི་བདག་སྦར་མོར་ཆུད་གྱུར་ན། །བག་མེད་གཉིད་ཀྱིས་ལོག་པར་ཁྱོད་ཁོམ་མམ། །རྒྱབ་ནས་ལོ་ཟླ་མང་པོའི་དམག་གིས་བདས། །མདུན་དུ་ཐར་མེད་འཆི་བའི་གཡང་སར་ཐུག །གང་དུ་བལྟས་ཀྱང་འགྲོ་ས་མི་འདུག་ན། །དོན་མེད་ལོང་གཏམ་སྨྲ་བར་ཁྱོད་ཁོམ་མམ། །ཤིན་ཏུ་ཉམ་ཆུང་ཆུ་བུར་ལྟ་བུའི་ལུས། །སྣ་ཚོགས་རྐྱེན་ངན་རླུང་གིས་རབ་བསྐྱོད་ནས། །སྐད་ཅིག་གནས་པའི་གདེང་ཡང་མི་འདུག་ན། །ཆོས་མིན་ཡིད་ལ་སེམས་པའི་ལོང་འདུག་གམ། །དེ་རིང་ཙམ་ཡང་མི་འཆིའི་གདེང་མེད་ཅིང༌། །ཤི་ནས་གར་སྐྱེ་རང་དབང་མེད་བཞིན་དུ། །དོན་མེད་ཚེ་འདིའི་བྱ་བ་ལྷུར་བླངས་ན། །རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། །ནོར་ལྡན་ལག་སྟོང་སྒྲེན་མོར་འགྲོ་འགྱུར་ཞིང༌། ཁ་དྲག་ཅན་ལ་ཡུད་ཙམ་སྡོད་དབང་མེད། །འཁོར་མང་ནང་ནས་གྲོགས་མེད་གཅིག་པུར་འགྲོ། དེ་དུས་ཆོས་མིན་ཕན་པ་ཅི་འདུག་སོམས། ཁྱོད་ཀྱིས་སྔོན་ཆད་ཚེ་འདིའི་མདུན་མ་བསྒྲུབས། །ཡེངས་པའི་ལམ་ལ་མི་ཚེ་སྟོང་ཟད་བྱས། །ད་དུང་རྣམ་གཡེང་ལེ་ལོ་མ་སྤངས་ན། །འཆི་ཁར་འགྱོད་ཀྱང་འཕྱིས་པར་མི་འགྱུར་རམ། །གཞན་གྱིས་འཚེ་མེད་རང་སེམས་སོ་ན་གནས། །གསུང་རབ་བསྟན་བཅོས་མན་ངག་དྲན་དུས་འདིར། །ཆགས་སྡང་འཁྲུལ་རྟོག་གཞོམ་ཕྱིར་མ་འབད་ན། །བར་དོར་འཁྲུལ་སྣང་ཤར་ཚེ་ཅི་འགྱུར་སོམས། །འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་ཅིང༌། །ཕར་ལྟོ ས་དཔོན་མེད་ཚུར་ལྟོས་གཡོག་མེད་པས། །དབེན་པའི་གནས་འདིར་རང་སེམས་མི་འདུལ་ན། ཁྱོད་ལ་བྱ་རྒྱུ་ཅི་འདུག་མ་ཎི་བ། །དེ་བས་རྙེད་སོགས་སྲེད་དང་རྣམ་གཡེང་དང༌། །ལེ་ལོ་སྤོ ངས་ལ་རྒྱུན་དུ་དྲན་ཤེས་སྟེན། །ཐབས་ཤེས་ཟུང་དུ་འབྲེ ལ་བའི་ལམ་མཆོག་གིས། །གཉིས་འཛིན་འཁྲུལ་པའི་བག་ཆགས་སྦྱང་བར་གྱིས། །ཞེས་དང༌།

                   རྒན་གཞོན་དར་མ་གོ་རིམ་མ་ངེས་པར། །འཆི་སྙམ་མེད་པར་གློ་བུར་འཆི་འགྱུར་ཞིང༌། །སྨན་དཔྱད་རིམ་གྲོ་སོགས་ཀྱིས་བཟློག་མི་ནུས། །འདི་འདྲ་བསམ་ལ་ཚེ་འདིའི་ཞེན་པ་སྤངས། །ནོར་ལྡན་ལག་སྟོང་སྒྲེན་མོར་འགྲོ་འགྱུར་ཞིང༌། ཁ་དྲག་ཅན་ལ་ཡུད་ཙམ་སྡད་དབང་མེད། །འཁོར་མང་ནང་ནས་གྲོགས་མེད་གཅིག་པུར་འགྲོ། །འདི་འདྲ་བསམ་ལ་ཚེ་འདིའི་ཞེན་པ་སྤངས། །ཞེས་སོགས་གསུངས་ཤིང༌། མི་རྟག་པ་སྒོམ་པ་འདི་ཟབ། འདི་རྒྱུད་ལ་སྐྱེས་ན་དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་སྒྲུབ་པ་ཉམས་སུ་ལེན་པའི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པའི་རྒྱུ་བྱེད་པས་འདི་སྒོམ་པ་གལ་ཆེ་གསུངས།

                                                                                                                         རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།