རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:08:50     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

230054914357945391.jpg 

                    རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ལམ་མ་ནོར་བ་སྟོན་པའི་བླ་མ་ལ་ཡིད་བཞིན་གྱི་ནོར་བུ་དང་སངས་རྒྱས་དངོས་ཀྱི་མོས་གུས་བཅོས་མ་མིན་པ་ཐོབ་སྟེ། མཁན་ཆེན་རིན་པོ་ཆེ་དང་མཇལ་ཙ་ན། གནས་བརྟན་ཆེན་པོ་ཞིག་དང་མཇལ་བའི་སྣང་བ་ཡོང་གིན་འདུག་གསུངས། ཇོ་བོ་རྗེ་བླ་མ་གསེར་གླིང་པའི་མཚན་བརྗོད་པའི་ཚེ། ཕྱག་ཐལ་མོ་སྦྱར་སྤྱན་ཆབ་འདོན་པ་བཞིན་དུ། མཁན་ཆེན་རིན་པོ་ཆེའི་མཚན་བརྗོད་པ་ན་ཕྱག་ཐལ་མོ་སྦྱར་སྤྱན་ཆབ་ཉིལ་མཛད་ནས། ངའི་བླ་མ་དེའི་ཐུགས་རྗེ་དེ་ལྟ་བུ་གཞན་ལ་རང་མེད་གསུངས་ནས་གཙུག་གི་ནོར་བུ་ལྟར་འཛིན་ཏོ། །གཞན་ཡང་བྱང་སེམས་བསོད་ནམས་གྲགས་པ་ལ། སྐྱིད་སྡུག་ལམ་ཁྱེར། དོན་ཞགས་ཀྱི་སྐོར། སྨན་བླའི་རྗེས་གནང་དང་མདོ་ཆོག །འདུལ་བ་མདོ་རྩ། རི་ཁྲོད་ལོ་མ་གྱོན་མ་དང་འོད་ཟེར་ཅན་གྱི་གཟུངས། ཇོ་བོ་རྗེས་མཛད་པའི་སེམས་བསྐྱེད་ཆོ་ག །ཛེ་ཏ་རིས་མཛད་པ་ལ་སོགས་པའི་ཆོས་ཆུང་བརྒྱ་རྩ། རིགས་གཏད་སོགས་སྐྱེར་སྒང་པའི་ཆོས་སྐོར་རྣམས་ཞོར་ཉན་མཛད་དོ། །དང་པོར་རིགས་པའི་གནས་ལྔ་ལ་མཁས་པར་སྦྱངས་ཤིང༌། བར་དུ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གཉིས་ལ་གོམས་པར་བྱས་པས་མཆོག་གི་དངོས་གྲུབ་བརྙེས་ནས་འགྲོ་བའི་དོན་རྒྱུད་ཆད་མེད་པར་མཛད་པ། རྡོ་རྗེ་འཆང་ཆེན་པོའི་ངོ་བོར་གྱུར་པ་རིན་པོ་ཆེ་ཤེས་རབ་འབུམ་པ་ལ་དུས་འཁོར་གྱི་དབང་དང་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཞིང་ལྷག་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཞུ་བར་མཛད་པས་དད་གུས་བླ་ལྷག་ཏུ་མཛད་ཅིང༌། ཐུགས་རྗེ་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས་ངེས་ཤེས་པ་ནི་རིན་པོ་ཆེ་ཤེས་རབ་འབུམ་པ་དེ་ཡིན་གསུངས་ནས་ཕྱག་ཐུགས་ཀར་ཐལ་མོ་སྦྱར་ནས་སྤྱན་ཆབ་ཉིལ་ཉིལ་མཛད་དོ། །

                   ཡང་རིན་པོ་ཆེ་ཤེས་རབ་འབུམ་པས་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ལ་དུས་ལན་ཅིག་ཆེད་ཀྱིས་ཤོག་གསུངས་ཏེ། སྙན་ནས་སྙན་དུ་བརྒྱུད། ཐུགས་ནས་ཐུགས་སུ་བརྒྱུད། གྲུབ་ཐོབ་ཀྱི་ཟམ་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ་བ། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བར་ནུས་ཤིང༌། རབ་ཚེ་འདི། འབྲིང་བར་དོ། །ཐ་མ་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ན་འཚང་རྒྱ་བའི་གདམས་ངག་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བའི་ཆོས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་ཁྲིད། དབང་མདོར་བསྟན། སྨྱུང་གནས་ཀྱི་སྐོར་རྣམས་གནང་སྟེ། འགྲོ་དོན་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་བསྒྲིགས་པར་མཛད་དོ། །དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིས། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་གྱི་གནད་ཀུན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད་ནས་སྔོན་བྱོན་དམ་པའི་རྣམ་ཐར་ལྟར་དབེན་པའི་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་བཞེད་ནས་བོ་དོང་ཨེའི་རྟ་རའི་གདན་ས་སེམས་དཔའ་ཆེན་པོ་རང་གི་བུ་ཆེན་སློབ་དཔོན་རྒྱལ་མཚན་སེང་གེ་ལ་གཏད་ནས་བཤད་ཉན་མཛད་ཀྱིན་ཡོད་པའི་སྐབས་སུ། འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ཡུམ་དང་བཅས་པ་རྣམས་ཀྱི། ཨེའི་ཆོས་དཔོན་མཛད་པར་ཞུ་བ་གསོལ་བས། ངོས་ཆོས་དཔོན་བཙལ་ཡོང་གི་གསུངས་ནས་ས་སྐྱར་བྱོན་ཏེ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་ཨེའི་ཆོས་དཔོན་ལ་འབྱོན་པར་ཞུ་ཕུལ་བས་དཔང་ལོའི་ཞལ་ནས། གུ་རུ་ཐོགས་མེད། ཐོས་པའི་གཏམ་ལ་སྙན། ངའི་བླ་མ་གཡག་སྡེ་བ་སེང་གེ་རྒྱལ་མཚན་གྱིས་ཀྱང་མ་ཐོབ་པའི་གདན་ས་ཡིན་སང་རང་འགྲོ་གསུངས་ནས་མཉེས། དེ་ནས་དཔང་ལོ་ཨེར་གདན་དྲངས་ནས་རྒྱལ་སྲས་འདིས་ས་སྡེ་ལ་སོགས་པའི་ཕྱག་དཔེ་རྣམས་དཔང་ལོ་ལ་ཕུལ་ནས། དབེན་པ་བསྟེན་པ་ལ་ཐུགས་ཕྱོགས་ཏེ། ཉིད་ཀྱི་ཞལ་ནས། འདུ་འཛི་མི་གཙང་བ་ལྟར་བརྒྱང་བསྲིངས་ནས། །རང་གཞན་དོན་དུ་རྟག་ཏུ་བསམ་གཏན་ལ། རབ་ཏུ་བརྩོན་པར་འདོད་པའི་སྐྱེ་བོ་ཡིས། །ཕྱི་དང་ནང་གི་དབེན་པ་ཐོབ་པར་ཤོག །ཅེས་དང༌།

                   ཀྱེ་ཀྱེ་ཉོན་ཅིག་གྲོགས་པོ་དམ་པ་ཀུན། །ཀུན་ཀྱང་གཏན་གྱི་བདེ་བ་ཐོབ་འདོད་ན། །ན་རྒ་འཆི་དང་སྐྱེ་བའི་སྡུག་བསྔལ་བསམ། །བསམ་པ་ཐེག་པས་སྒོ་གསུམ་དགེ་ལ་འབད། །འབད་ཀྱང་དོན་ཆུང་འཇིག་རྟེན་བྱ་བ་སྤངས། །སྐྱེས་བུའི་ཚེ་ནི་རི་གཟར་འབབ་ཆུ་འདྲ། །སྐད་ཅིག་མི་སྡོད་འཆི་བའི་གནས་སུ་སྙོག །ལང་ཚོའི་དཔལ་ནི་མེ་ཏོག་མགུལ་རྒྱན་བཞིན། །ཡུད་ཙམ་ཞིག་གིས་རྙིང་པར་འགྱུར་བ་ཡིན། །ཚེ་འདི་སྐད་ཅིག་ཅིག་གིས་འཛད་འགྱུར་ཞིང༌། །བསགས་པའི་ལོངས་སྤྱོད་སྤྱོད་པའི་དབང་མེད་པར། །གློ་བུར་ཉིད་དུ་དུ་མའི་ནང་ནས་བདག །གཅིག་པུར་འགྲོ་ཚེ་ཚེ་འདིའི་མདུན་མས་བསླུ། །བ་སྤུ་གྱེན་ལང་བཤང་གཅི་འཐུར་དུ་རྒྱུག །བྱད་ཤ་ཕྱིར་སྦོས་མིག་འབྲས་ནང་དུ་བྲོས། །ཟས་ཀྱི་ཞེན་ལོག་སྐོམ་གྱི་སྲེད་པ་འཕེལ། །ལུས་སྐྱོད་མི་ནུས་སེམས་ཀྱི་གྱ་གྱུར་ལངས། །དེ་འདྲའི་སྡུག་བསྔལ་དྲག་པོས་ཐེབས་པའི་ཚེ། །སྨན་པ་མཁས་ཀྱང་བཅོས་པའི་ཐབས་མེད་ཅིང༌། །ཟང་ཟིང་རིམ་གྲོས་བཟློག་པར་མི་ནུས་ན། །གཉེན་བཤེས་བརྩེ་གདུང་ཆེ་ཡང་ཅི་བྱར་ཡོད། །རིག་རིག་མིག་གིས་ཉེ་དུའི་གདོང་ལ་བལྟ། །ནོམ་ནོམ་ལག་པས་རང་གི་གོས་ལ་འཇུ། །ངར་ངར་དབུགས་ཀྱི་ཕྲེང་བ་ཆད་ལ་ཉེ། །འཇིགས་འཇིགས་འདྲ་བའི་གཤིན་རྗེ་ཟིན་པ་ན། ཁང་བཟང་རིན་ཆེན་ནང་དུ་གནས་བཅས་ཤིང༌། །དཔའ་བའི་སྐྱེས་བུ་རྣོ་བའི་མཚོན་ཐོགས་པ། །འབུམ་ཕྲག་དག་གིས་བསྲུངས་ཀྱང་གཤིན་རྗེ་ཡི། །སྐྱེས་བུ་གཅིག་ཀྱང་ཐུབ་པར་མི་འགྱུར་ཞིང༌། །འཁོར་ལོས་བསྒྱུར་རྒྱལ་གྱིས་ཀྱང་སྐྱོབ་མི་ནུས། །སྟོང་གསུམ་ནོར་གྱིས་བཀང་ཡང་བླུར་མི་རུང༌། །དེ་བས་ད་ལྟ་ཉིད་ནས་དཀོན་མཆོག་ལ། །སྐྱབས་སུ་སོང་ལ་འཕགས་པའི་ནོར་བདུན་བཟུང༌། །ཉོན་མོངས་སྟོབས་ཀྱིས་བསྒྲུབས་པའི་ནོར་རྫས་འདི། །འདི་དང་ཕྱི་མའི་སྡུག་བསྔལ་ཀུན་གྱི་གནས། །གནས་ངན་ལེན་དང་ཟག་པ་འཕེལ་བའི་གྲོགས། །གྲོགས་དང་ཉེ་དུ་འབྱེད་པའི་ཕུང་འདྲེ་ཡིན། །ནོར་ནི་སྦྲང་མའི་སྦྲང་རྩི་ཇི་བཞིན་དུ། །རང་གིས་ཏིལ་ཙམ་སྤྱད་པར་མི་ནུས་ཤིང༌། །གཞན་དག་བསྲུང་བའི་དོན་དུ་ནོར་ཉིད་དང༌། །བདག་གིས་སྲོ ག་ཀྱང་འཆོར་བར་འགྱུར་བ་ཡིན། །སྟོང་གསུམ་ནོར་ལ་དབང་བསྒྱུར་རྒྱལ་པོ་ཡང༌། །འཇིག་རྟེན་འདི་ནས་ཕྱི་མར་འགྲོ་བའི་ཚེ། །སྒྲེན་མོ་ལག་པ་སྟོང་པ་འགྲོ་འགྱུར་ན། །ཟང་ཟིང་ནོར་རྫས་སྒྲུབ་པ་མ་འཁྲུལ་ལམ། །ནམ་ཡང་མི་མཛད་གཏན་གྱི་བདེ་བའི་རྒྱུ། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །བདེ་བར་འདོད་ན་ནོར་བདུན་འདི་དག་ཟུངས། །ཤེས་ལྡན་རྣམས་ཀྱིས་སྐྱེས་བུ་དམ་པ་སྟེན། །བསྟེན་ཅིང་འགྲོགས་ན་ཉོན་མོངས་ནད་སྐྱེ་བ། །སྐྱེ་བོ་དམན་པ་འདི་དག་སྦྲུལ་གདུག་དང༌། །དུག་དང་འདྲེས་པའི་ཁ་ཟས་བཞིན་དུ་སྤོངས། །གཡོ་སྒྱུ་དྲུག་ཅུ་རྩ་བཞིའི་ཞགས་པ་ཡིས། །ཆགས་ལྡན་སྐྱེས་བུ་ཤིན་ཏུ་དམ་བཅིངས་ནས། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །བུད་མེད་དག་ལ་སུ་ཞིག་ཆགས་པར་བྱེ ད། །འབྱོར་པའི་ཚེ་ན་བྲོས་ཀྱང་རྗེས་སུ་སྙེག །རྒུད་པའི་ཚེ་ན་དྲུང་དུ་བསྙེགས་ཀྱང་འབྲོས། །བུ་ཡིས་རང་གི་ཕ་ཡང་གསོད་བྱེད་ན། །ཉེ་དུ་རྣམས་ལ་སུ་ཞིག་ཡིད་རྟོན་བྱེད། །མངོན་དུ་གྱུར་ན་དགའ་བའི་ཚུལ་སྟོན་ཅིང༌། །ལྐོག་ཏུ་གྱུར་ན་མི་སྙན་སྣ་ཚོགས་སྒྲོག །ཕན་བཏགས་ལན་དུ་གནོད་པ་སྐྱེལ་བ་ཡི། །བྱི ས་པའི་གྲོགས་པོ་མཛའ་ཡང་ངེས་པར་བསླུ། །དེས་ན་འཇིག་རྟེན་ཆགས་པ་རྣམ་པར་སྤང༌། །སྤང་བྱ་བག་ཆགས་བཅས་པ་མ་ལུས་པ། །ལུས་པ་མེད་པར་སྤངས་པ་འགྲོ་བའི་སྐྱབས། །སྐྱབས་མཆོག་གསུམ་པོ་གུས་པའི་ཡིད་ཀྱིས་སྟེན། །འདུས་བྱས་མི་རྟག་རྟག་པའི་སྐབས་མེད་ཅིང༌། །ཟག་བཅས་མི་བདེ་བདེ་བར་འཛིན་པར་འཁྲུལ། །མྱང་འདས་རབ་ཞི་ཞི་བའི་ལམ་འདོད་ན། །ཆོས་རྣམས་བདག་མེད་མེད་ཡོད་མཐའ་བྲལ་སྒོམས། །ལས་ངན་རྒྱ་མཚོ་རྐྱེན་ངན་རྦ་རླབས་ཅན། །སྡུག་བསྔལ་སྣ་ཚོགས་ཆུ་བོའི་རྒྱུན་འབབ་ཅིང༌། །སྐྱེ་བོ་ངན་པའི་ཆུ་སྲིན་རྟག་རྒྱུ་བའི། །གྲོང་གི་མཚོ་ལ་ཆགས་པར་མ་བྱེད་པར། །རང་བཞིན་ཉམས་དགའ་གཞན་གྱིས་འཚེ་བ་མེད། །ཆུ་དང་ལོ་མ་འབྲས་བུའི་འབྱོ ར་པ་མོད། །ཆགས་དང་སྡང་བའི་གཏམ་ཡང་མི་ཐོས་པའི། །དབེན་པའི་ནགས་ཚལ་དག་ཏུ་གནས་པར་གྱིས། །བུང་བ་དག་ནི་ཡིད་འོང་གླུ་ལེན་ཅིང༌། །རྨ་བྱའི་ཚོགས་རྣམས་མཛེས་པའི་གར་སྟབས་བསྒྱུར། །ལྗོན་ཤིང་འགའ་ཞིག་ཡལ་གའི་བསིལ་ཡབ་གཡོབ། །འགའ་ཞིག་འབྲས་བུ་སྨིན་པའི་མེ་ཏོག་འཐོར། །ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོའི་རྒྱུན། །ལྷུང་ལྷུང་སྙན་པའི་སྒྲ་སྐད་སྒྲོགས་བྱེད་ཅིང༌། །ལྦུ་བའི་ཕྲེང་བས་ཀུན་ནསམཛེས་པར་སྤྲས། །ཆུ་ཐིགས་ཟེགས་མའི་མེ་ཏོག་ཕྱོགས་བཅུར་འཐོར། །དེ་ལྟར་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ། །མཆོག་ཏུ་ཟབ་མོའི་མན་ངག་རབ་སྟོན་པ། །སྟོན་པ་གཉིས་པ་ལྟ་བུའི་བླ་མ་ལ། །མ་ལ་བུ་བཞིན་གུས་པས་རིམ་གྲོ་བྱ། །དེ་ཡིས་གསུངས་པའི་དམ་ཆོས་འོ་མའི་རྒྱུན། །རྟོགས་པའི་ལུས་སྟོབས་འཕེལ་བར་བྱེ ད་པ་དེ། །ཉིན་དང་མཚན་དུ་སྐད་ཅིག་མ་ཡེངས་པར། །ཉམས་སུ་བླང་ཞིང་འདི་ལྟར་སྤྱད་པར་བྱ། །ཐབས་ཀྱི་གྲུ་ཆེན་ཤེས་རབ་ཟག་ལྷན་ཅན། །བདག་གིས་བཟུང་སྟེ་འཁོར་བའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་སྙམ་པའི། །བྱང་ཆུབ་སེམས་མཆོག་ཆོས་ཀྱི་རྩ་བ་ཡིན། །ཚེ་འདིར་ལན་དང་ཕྱི་མར་རྣམ་སྨིན་ལ། །རེ་བ་མེད་པའི་སྦྱིན་པ་ཐུབ་པས་བསྔགས། །ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞི་ཡིན་པས། །གཞན་ལ་གནོད་པ་དུག་བཞིན་སྤང་བར་གྱིས། །ཁོང་ཁྲོའི་དགྲ་ཡིས་འདི་ཕྱིའི་དཔལ་འཕྲོག་པས། །བཟོད་པའི་དམག་དཔུང་ཆེན་པོ་ཤིན་ཏུ་གཅེས། །ལེ་ལོས་རང་གཞན་དོན་གཉིས་མི་འགྲུབ་པས། །ལས་གཞན་སྤངས་ཏེ་དགེ་ལ་འབད་པར་བྱ། །བསམ་གཏན་མེད་པར་ཆོས་ཉིད་མི་མཐོང་བས། །རྣམ་རྟོག་མཚན་མ་མེད་པའི་ཏིང་འཛིན་སྒོམས། །ཤེས་རབ་མེད་པར་ཐར་ལམ་མི་བགྲོད་པས། །བདེན་གཉིས་ཟབ་མོའི་དོན་ལ་མཁས་པར་གྱིས། །བདག་དང་གཞན་གྱི་དུས་གསུམ་དགེ་བ་རྣམས། །སྲིད་གསུམ་འགྲོ་བས་བྱང་ཆུབ་ཐོབ་བྱའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །སྐུ་གསུམ་མངོན་རྒྱུར་བྱང་ཆུབ་ཆེན་པོར་བསྔོ ། །ཞེས་གསུངས་ནས་དབེན་པའི་གནས་མདོ་སྡེ་རྒྱན་ལས་ཇི་ལྟར་གསུངས་པ་དང་མཐུན་པ་རང་བཞིན་གྱིས་དབེན་པ་ལ་འདུག་ན་ཉམས་དགའ་ཞིང་ཏིང་ངེ་འཛིན་ངང་གིས་འཕེལ་བ། མེ་ཏོག་རྣམ་པ་སྣ་ཚོགས་སྐྱེ་བ་བྱ་རྣམ་པ་སྣ་ཚོགས་སྒྲ་སྙན་པ་འབྱིན་པ། རྩྭ་དང་ལོ་མ་དང་འབྲས་བུས་བརྒྱན་པའི་ཤིང་ལྗོན་པས་མཛེས་པ། མདུན་ན་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་གཙང་ཆབ་སྒྲ་སྙན་པོ་ལྷུང་ལྷུང་ལྟར་འབབ་པ། དེའི་ཉེ་འཁོར་ན་བཻ་ཌཱུརྱ་ལྟ་བུའི་ནེའུ་གསིང་སྔོན་པོ་ལ་མེ་ཏོག་ཁ་དོག་སྣ་ཚོགས་པ་དག་གིས་ཚོམ་བུ་བཀོད་པ་བཞིན་དུ་བརྒྱན་པ། མདུན་ན་ཐང་ཆེན་པོ་རྒྱལ་ཐང་ཞེས་བྱ་བ་གསེར་གྱི་མཎྜལ་ལ་གཡུའི་ཚོམ་བུ་བཀོད་པ་ལྟ་བུས་མཛེས་པ། འཚོ་བ་རྙེད་སླ་ཞིང་ཆོམ་རྐུན་དང་གཅན་གཟན་གྱི་འཇིགས་པ་མེད་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་དབུས། གྲུབ་ཆེན་བརྒྱུད་མར་བྱོན་པའི་གནས་མཆོག་རི་བོ་པོ་ཏ་ལ་དང་ཚུལ་མཚུངས་པར་གྱུར་པ། དངུལ་ཆུའི་ཆོས་རྫོང་དུ་དགུང་ལོ་ཞེ་གསུམ་པ་ལ་བྱོན་ནས་སྐུ་མཚམས་བཅད་དེ། མཐུན་རྐྱེན་གྱི་ཞབས་ཏོག་སློབ་དཔོན་བསོད་ནམས་བརྟན་གྱི་ཕ་མ་གཉིས་དང༌། ཕྱུག་མོ་རྣལ་འབྱོར་གྱིས་བསྒྲུབས་ཏེ། ཉེ་གནས་མ་གཏོགས་པ་སུ་ལ་ཡང་མཇལ་ཁ་མེད་ཅིང༌། དྲག་ཞན་སུ་བྱུང་ཡང་ཕྲད་པར་མི་མཛད་ཅེས་སྒོ་ཡིག་འདི་ལྟར་སྦྱོར་བར་མཛད་དེ།

                   བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ལ་ཕྲད་པར་འདོད་པའི་སྐྱེ་བོ་གང༌། །མི་ཚེ་སྟོན་ཀའི་ཉི་ཐུང་བཞིན་དུ་ཡོང༌། །འཆི་བདག་ནུབ་རིའི་གྲིབ་སོ་བཞིན་དུ་གཏུགས། །ཡོང་ངེས་གཅིག་པུ་ངེས་པར་འཆི་བ་ཡིན། །ཕན་ངེས་གཅིག་པུ་དམ་པའི་ཆོས་ལས་མེད། །དོན་མེད་གླེང་མོས་དགེ་སྦྱོར་གཡེང་མ་བྱེད། །སྐྱོ་ཤས་སྐྱེས་ན་ལོང་མེད་བློ་སྣ་བཏུངས། །ལེ་ལོ་མ་བྱེད་མྱུར་དུ་བརྩོན་འགྲུས་རྩོམས། །དམ་པའི་ཆོས་དང་ཚེ་འདིའི་མདུན་མ་གཉིས། །མཉམ་དུ་འགྲུབ་པ་སུ་ཡང་ཡོད་མ་ཡིན། །བསྒྲུབ་པར་འདོད་པ་དེ་དག་རང་ཉིད་ཀྱིས། །རང་ཉིད་བསླུ་བ་ཉིད་དུ་ཐེ་ཚོམ་མེད། །ཕྲད་ཀྱང་སྨྲ་རྒྱུ་དེ་ལས་མ་མཆིས་པས། །སོ་སོའི་གནས་སུ་ལུས་ངག་དགེ་ལ་སྦྱོར། ཞེས་དང༌། བདག་ནི་སྔོན་གྱི་ལས་འཕྲོ་མི་བཟང་བས། །སྙིགས་མའི་དུས་སུ་མཐའ་འཁོབ་ཡུལ་དུ་སྐྱེས། །སྔོན་ཆད་ལུས་ངག་སེམས་ཀྱི་བྱ་བྱེད་རྣམས། །སྡུག་བསྔལ་འབའ་ཞིག་སྒྲུབ་པའི་ཐབས་སུ་སོང༌། །ད་ནི་དབེན་པའི་ཁང་བུར་རབ་ཞུགས་ཏེ། །ཐག་པ་ཆད་པའི་སོག་ཕོན་ཇི་བཞིན་དུ། །ལུས་ཀྱི་བྱ་བྱེད་ཐམས་ཅད་ཞོག་ལས་ཐོང༌། །རྒྱུད་གསུམ་ཆད་པའི་པི་ཝཾ་ཇི་བཞིན་དུ། །ངག་གི་བྱ་བྱེད་ཐམས་ཅད་ཞོག་ལས་ཐོང༌། །ལྟག་ཆུ་ཆད་པའི་རང་ཐག་ཇི་བཞིན་དུ། །སེམས་ཀྱི་བྱ་བྱེད་ཐམས་ཅད་ཞོག་ལས་ཐོང༌། །གལ་ཏེ་འདི་ལས་འདས་པ་བྱེད་གྱུར་ན། །མ་ཧཱ་ཀཱ་ལས་ཆད་པ་གཅོད་པ་གྱུར། །ཅེས་མཁའ་འགྲོ་ཆོས་སྐྱོང་དཔང་དུ་བཙུགས་ཏེ་མི་དང་མི་ཕྲད་ཅིང་ཚེ་འདིའི་སྣང་ཤས་ཕྲ་མོའང་མེད་པར་སྒྲུབ་པ་སྙིང་པོར་མཛད་པའི་དམ་བཅའ་བརྟན་པོས་སྐུ་མཚམས་བཅད་དེ་ཉིན་མཚན་ཐམས་ཅད་དུ་སྟོང་ཉིད་རྟོགས་པའི་ལྟ་བ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་གྱིས་དུས་འདའ་བར་མཛད་དོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།