རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 09:01:43     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

575557663115211229.jpg

                     རྒྱལ་སྲས་བདག་ཉིད་ཆེན་པོ་འདི་རྒྱལ་བའི་ཆོས་མ་ལུས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་སྟེ། བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་གཅིག་བསྟེན་པའི་ཚུལ་ལྟར། བྱང་ཆུབ་སེམས་དཔའ་ཆེན་པོ་འདིས་ཀྱང་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞི་དང༌། འགྲན་གྱི་དོ་ཟླ་བྲལ་བའི་ཡོངས་འཛིན་རིན་ཆེན་གཉིས་རྣམས་བསྟེན་ཏེ། དེ་ཡང་ཐོག་མར་ཤེས་བྱ་རྒྱ་ཆེན་གསན་པའི་བཤེས་གཉེན་བཅུ་ཕྲག་གཅིག་ནི་འདི་ལྟར། དགུང་ལོ་བཅུ་བཞེས་པའི་དུས་སུ། འཇམ་དབྱངས་འཁོན་སྟོན་ལ་སེམས་བསྐྱེད། ཕར་ཚད་གཉིས། མངོན་པ། གཤིན་རྗེ་གཤེད་དགྲ་ནག་གི་མངོན་རྟོགས། ཡུམ་སྒྲུབ། མི་འཁྲུགས་པའི་སྒོམ་བཟླས་རྣམས་གསན། བླ་མ་ཀུན་རྒྱལ་བ་ལ་མངོན་པ་ཀུན་ལས་བཏུས་ལ་སོགས་པ་བྱམས་པ་དང་འབྲེལ་བའི་ཆོས་སྐོར་རྣམས་གསན། འཇད་རོང་པ་འཇམ་དབྱངས་ཉི་མ་རྒྱལ་མཚན་ལ་ཚད་མ་རྣམ་ངེས་གསན། ས་སྐྱའི་མཁས་པ་ཆེན་པོ་བླ་མ་གཞོན་རྒྱལ་བ་ལ་སྡེ་བདུན་འགྲེལ་པ་འགྲེལ་བཤད་དང་བཅས་པ་གསན། བླ་མ་བཀྲ་ཤིས་མགོན་ལ་མངོན་པ་ཀུན་ལས་བཏུས་གསན། སློབ་དཔོན་ཤཱཀྱ་བྱང་ཆུབ་ལ་ཕར་ཕྱིན་གསན། ཁྲོ་ཕུར་ཚད་མའི་སྐྱེས་བུ་བསོད་ནམས་མགོན་ལ། ཡུམ་རྒྱས་པ། བརྒྱད་སྟོང་པ། བརྒྱད་སྟོང་འགྲེལ་ཆེན་སོགས་གསན། འཇམ་དབྱངས་ཉག་གཅིག་ལ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་སྣ་ཚོགས། ཤེས་རབ་ཁྲི་པ། ཉི་ཁྲི་ལེ་མང༌། ཉི་ཁྲི་སྣང་བ། ལེ་བརྒྱད་མ། ས་སྡེ་ལྔ་རྣམས་གསན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ།ས་སྡེ་ལྔ། ཐེག་བསྡུས་སྐོར་གསུམ། མངོན་པ་ཀུན་ལས་བཏུས། ཐུབ་པ་དགོངས་རྒྱན། རྣམ་བཤད་རིགས་པ། ལས་སྒྲུབ་པའི་རབ་ཏུ་བྱེད་པ། རྟེན་འབྲེལ་མདོ་འགྲེལ། དབུ་མ་སྒོམ་རིམ་སོགས་དབུ་མའི་སྐོར། དུས་འཁོར་རྒྱུད་འགྲེལ། གསང་འདུས་ཀྱི་སྒྲུབ་ཐབས། བརྒྱད་སྟོང་དོན་བསྡུ། དེའི་འགྲེལ་པ། བྱང་ཆུབ་གཞུང་ལམ། ཕུང་པོ་ལྔའི་རབ་བྱེད། བཅུ་གཅིག་ཞལ་གྱི་གཟུངས། སྡུད་པའི་འགྲེལ་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྣམས་གསན། གཽ་ཤྲཱི་རིན་ཆེན་སེང་གེ་ལ་མངོན་པ་ཀུན་ལས་བཏུས་གསན་ནོ། །

                   ཤིན་ཏུ་བཀའ་དྲིན་ཆེ་བའི་བཤེས་གཉེན་བཅུ་ཕྲག་གཅིག་བསྟེན་ཚུལ་ནི། དགུང་ལོ་ལྔ་པའི་དུས་སུ་བསམ་གླིང་པའི་གདུང་བརྒྱུད་སངས་རྒྱས་དབོན་ལ་བདེ་མཆོག་དྲིལ་བུ་པའི་དབང་བཞིའི་དོན་ངོ་འཕྲོད་པ་བྱུང་ཞེས་གྲག་གོ །བསམ་གླིང་པའི་རིན་ཆེན་དཔལ་འབར་བ་དང་མཁན་པོ་རིན་ཆེན་དཔལ་བཟང་གཉིས་ལ། སོ་སོ་ཐར་པའི་སྡོམ་པ་དེའི་བསླབ་བྱ་དང་བཅས་པ་གསན། བླ་མ་མདོ་སྡེ་དཔལ་བ་ལ་རྣམ་རྒྱལ་སྒྲུབ་ཐབས། དེའི་གཟུངས། སྒྲོལ་མ་མཎྜལ་བཞི་པ། སྒྲོལ་མ་ཉེར་གཅིག་གི་ལས་ཚོགས་སྒྲུབ་ཐབས་དང་བཅས་པ། གཤིན་རྗེ་གཤེད་དྲག་པོའི་རྗེས་གནང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་མཛད་པའི་གཏོར་མ་བརྒྱ་རྩ། གཟེར་ལྔའི་གདམས་པ། བློ་སྦྱོང་རྣམ་དག་གཙུག་ནོར་སོགས་གསན། བླ་མ་གནུར་པ་ཆོས་འཕགས་རྒྱལ་མཚན་ལ། ཡོ་གའི་སྐོར་གྱི་དབང་བཀའ་བཤད་མན་ངག་གི་བཀའ་ཐམས་ཅད་རྫོགས་པ་དང༌། ཟབ་ཆོས་སྣ་ཚོགས་གསན། བྱང་སེམས་རིན་ཆེན་མགོན་ལ། བདེ་མཆོག སྒྲོལ་མ། འཁོར་ཆེན། དགྱེས་རྡོར། དགྲ་ནག ཚེ་དཔག་མེད། ཀུན་རིག་རྣམས་ཀྱི་དབང༌། ཐུབ་པ་དགོངས་རྒྱན།ཐེག་བསྡུས་སྐོར་གསུམ། བྱམས་ཆོས་ལྔ་རྩ་འགྲེལ། ཉི་ཤུ་པ། སུམ་ཅུ་པ། སེམས་བསྐྱེད་ལན་དྲུག །རྣམ་རྒྱལ་གྱི་རྗེས་གནང༌། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་ལས་ཚོགས་དང་བཅས་པ། ཨ་ཕྱི་མའི་གཏོར་དབང༌། གཏོར་ཆོག་སོགས་གསན། བླ་མ་ར་ས་པ་རིན་ཆེན་གླིང་པ་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཞུས་ནས་ཉམས་ལེན་བྱས་པས་དོན་དཔྱོད་ཀྱི་ཤེས་རབ་ཆེན་པོར་སོང༌། ཁོང་རང་གི་ཐུགས་ལ་ཉི་ཁྲི་ཟིན་པ་བྱུང་ཡོད་པར་འདུག་གསུངས། མཁན་ཆེན་ཆོས་རྒྱལ་བ་དཔལ་བཟང་པོ་ལ་སྙིང་པོ་དོན་གསུམ། སེམས་ཉིད་ངལ་གསོ་སོགས་ཁྲོ་ཕུ་བའི་མན་ངག་བརྒྱ་རྩའི་ཁྲིད་རྣམས་གསན།

                   བླ་མ་རི་པ་དཔལ་ཤེས་ལ། ཞ་མ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་བསྟོད་སྐོར། ནཱ་རོ་ཆོས་དྲུག ལྷན་ཅིག་སྐྱེས་སྦྱོར་སོགས་གསན། ཀུན་སྤངས་ནམ་མཁའ་གྲགས་ལ། བདེ་མཆོག་གི་དབང་ལན་གཉིས། དཔའ་བོས་མཛད་པའི་སྐྱེས་རབས། བསླབ་བཏུས། མདོ་བཏུས། ཕྱག་རྒྱ་ཆེན་པོ་གངྒྰམ་སོགས་གསན། བླ་མ་འདི་ལ་མ་འོངས་པའི་མངོན་པར་མཁྱེན་པ་མངའ་སྟེ། གཟིམ་ཁང་ཆོས་རྫོང་རྩིག་པའི་བཀོད་པའི་ཞལ་ཏ་ཨར་པ་རྣམས་ལ་མཛད་པའི་རྩ་ན་སེམས་དཔའ་ཆེན་པོ་ཡང་བཞུགས་པས། ཉིད་ཀྱི་ཐུགས་དགོངས་ལ་བཙུན་རྒན་བློ་མ་ཁུགས་དགོངས་ཡོད་མཆི་སྟེ། ཁང་པ་འདི་བདེ་སུས་སྤྱོད་མི་ཤེས་སོ་ཨང་གསུང་ཞིང༌། མཁར་ལས་གྲུབ་ནས་དགུན་གཅིག་བཞུགས་པ་དང་བསྙུང་སྟེ། སེམས་དཔའ་ཆེན་པོ་གདན་དྲངས་ནས། ངའི་ཚིག་བཞི་པོ་འདི་ཉིད་ཀྱིས་སྒྲུབས་ཤིག་གསུངས་ཏེ། ང་མ་ཤི་བར་རྩར་བཞུགས་པ་དང༌། ང་ཤི་ནས་ཞེ་དགུའི་བར་ལ་ཆོ་ག་རེ་གསུངས་པ་དང༌།གཟིམ་ཁང་འདི་དང་གཞིས་ནས་བརྒྱ་ཐོན་གཅིག་འབུལ་བས་བཞེས་གསུངས་པ་ལ། གཞིས་ལམ་གཅིག་བཞེས་ནས་ཁོང་རང་གི་དུས་མཆོད་ལ་ཕུལ། གཞན་རྣམས་གསུང་བཞིན་དུ་བསྒྲུབས་ཏེ་སེམས་དཔའ་ཆེན་པོའི་ཞལ་ནས། ཁང་པ་འདི་གྲུབ་ནས་ཁོང་པས་དགུན་གཅིག་ལས་མ་བཞུགས། འོ་སྐོལ་གྱིས་ལོ་སུམ་ཅུ་རྩ་གྲངས་ཤིག་བེད་སྤྱད་འདུག །ད་དུས་མ་འོངས་པའི་མངོན་པར་མཁྱེན་པ་གསུངས་པར་གདའ་གསུངས་སོ། །ཟབ་ཆོས་སྣ་ཚོགས་ཞུས་ནས་བཤེས་གཉེན་བཅུ་ཕྲག་གཅིག་ནི་འདི་ལྟར། བླ་ཆེན་ཀུན་བློ་ལ་སེམས་བསྐྱེད། རྒྱལ་སྲས་ལམ་བཟང༌། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་སོགས་གསན། འཛིམས་པའི་བླ་མ་ཡོན་ཏན་རྒྱ་མཚོ་ལ་འཁོར་ཆེན་དང་སྒྲོལ་མའི་རྒྱ་གཞུང༌། དོན་ཞགས་ཀྱི་སྐོར་རྣམས་གསན། དེའི་སྐུ་མཆེད་བླ་མ་རྡོ་རྗེ་དཔལ་ལ། གཟེར་ལྔའི་བྱི ན་རླབས། བཤེས་སྤྲིངས་སོགས་གསན། བླ་མ་རིན་ཡེ་བ་ལ། འཇུག་པ་སེམས་བསྐྱེད། བྱམས་ཆོས་ལྔ་རྩ་འགྲེལ། ཡང་དགོན་པའི་རི་ཆོས་སྐོར་གསུམ། དཔེ་ཆོས་རིན་སྤུངས། མན་ངག་རི་སྤུངས་སོགས་གསན། འཇམ་པའི་དབྱངས་དོན་ཡོད་པ་ལ་སྒྲོལ་མ་དང༌། བདེ་ཆེན་རལ་གཅིག་གི་དབང༌། སེམས་བསྐྱེད། ས་སྐྱ་པའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ། དབུ་མ་ཆེན་པོའི་ཁྲིད་རྣམས་གསན། མཁན་ཆེན་བུ་སྟོན་པ་ལ། བདེ་མཆོག །གསང་འདུས། དཔལ་མཆོག་རྡོར་སེམས་ཀྱི་དབང༌། ནག་པོ་པའི་སྒྲུབ་ཐབས་ཀྱི་ཊཱིཀྐ། ལས་ཆོག་གི་ཊཱིཀྐ་རྣམས་གསན། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལ། སེམས་བསྐྱེད།  སྒྲོལ་མའི་དབང༌། དྲིལ་བུ་པ་སྐོར་གསུམ་གྱི་དབང༌། བདེ་མཆོག་མཆོད་འཕྲེང༌། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ། སུམ་པ་ལོ་ཙཱའི་སྙན་བརྒྱུད། རྣམ་རྒྱལ་གྱི་བསྟོད་པ་ཙཎྜ་གོ་མིས་མཛད་པ་རྣམས་གསན། ར་ས་བླ་མ་བསོད་ནམས་ལྷུན་གྲུབ་ལ། གཤིན་རྗེ་གཤེད་དགྲ་ནག་གི་དབང་རྒྱུད་མན་ངག་དང་བཅས་པ་གསན། བླ་མ་བློ་བཟང་བ་ལ་གླང་རི་ཐང་པའི་བློ་སྦྱོང་ཚིག་རྐང་བརྒྱད་མ་གསན། སྤྱི་བོ་ལྷས་པའི་མཁན་པོ་ཤེས་རྒྱལ་གྲུབ་བཟང་ལ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གསན་ནོ། །

                  དག་སྣང་རྒྱ་ཆེན་སྦྱངས་པའི་བཤེས་གཉེན་བཅུ་ཕྲག་གཅིག་ནི་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན། བླ་མ་མཁས་བཙུན་ཆེན་པོ། བླ་ཆེན་བསོད་བློ། བླ་མ་ཤར་ཀུན་བསོད། བླ་མ་ཤེས་རབ་རྒྱལ་མཚན། དྲང་པོ་ལུང་གི་མཁན་པོ་ཐུགས་རྗེ་ཤེས་རབ། སློབ་དཔོན་དཔལ་གྱི། མཁན་པོ་བསོད་ནམས་སེང་གེ །བླ་མ་རྒྱལ་པོ་དཔལ། བླ་མ་ནམ་མཁའ་སངས་རྒྱས་རྣམས་ལ་ཡང་ཆོས་འབྲེལ་རེ་ཡོད་གསུངས། འགྲན་གྱི་དོ་ཟླ་མེད་པའི་ཡོངས་འཛིན་རིན་ཆེན་གཉིས་ནི་འདི་ལྟར། བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས། གནས་བརྟན་ཆེན་པོའི་སྤྲུལ་པ། དག་པའི་ས་ལ་གནས་པའི་སེམས་དཔའ་ཆེན་པོ། མཁན་ཆེན་བསོད་ནམས་གྲགས་ལ། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་ལམ་ཐེག་པ་ཆེན་པོའི་བློ་སྦྱོང་ཞུས་པའི་དུས་སུ། སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་དཔོན་སློ བ་ཀྱི་འབྲེལ་པ་ཡོད་པའི་རྟེ ན་འབྲེ ལ་གྱིས། བྱང་ཆུབ་ཀྱི་སེམས་གཉིས་ནི་དབྱར་གྱི་ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ་འཕེལ་ཞིང་རྒྱས། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་རྦ་ཀློང་ཆེན་པོ་འཁྲུགས་ནས་དོན་གཉིས་ལྷུན་གྲུབ་ཀྱི་རྒྱ་མཚོ་ཆེན་པོར་ཕྱིན་ཏོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།