རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 08:56:28     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 508122952808835736.jpg

                    དེ་དུས་འཇམ་དབྱངས་རོང་པ་ཉི་མ་རྒྱལ་མཚན་གྱིས། མང་ཇའི་ཚོགས་གྲལ་དུ། ཉིད་བཙུན་ཆུང་བཟང་པོ་དཔལ་དང་བཅས་པའི་བློ་གསལ་བ་རྣམས་ལ་ང་དྲི་བ་བྱ་རྒྱུ་ཡོད་དོ། །མངོན་པ་ནས། ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་བྱ་བ་ཞིག་བཤད་འདུག་སྟེ། ཟང་ཟིང་མེད་པའི་ཚོར་བ་ཡིན་ན། སྡུག་བསྔལ་ཡིན་པའི་དམ་བཅའ་བུད་ཟེར་ནས། འདི་ལ་ལན་ཐོབ་ཟེར་བ་ལ། གཞན་གྱིས་ནི་ལན་གང་ཡང་མ་བྱུང༌། དེ་ལྟ་བུ་འབྱུང་བ་གཞུང་རང་ནས་ཉན་ཐོས་དགྲ་བཅོམ་འགའ་ཞིག་ལ་ཟང་ཟིང་ཉོན་མོངས་མེད་ཀྱང་ལས་ཀྱི་ནུས་པ་མཐོང་བ་ཡིན། ཞེས་སྡུག་བསྔལ་འབྱུང་བར་བཤད་ཡོད་དགོངས་ནས། དེ་ལུགས་ཀྱི་འགལ་སྤོང་གསུངས་པས། མཁས་པ་ཐམས་ཅད་ངོ་མཚར་བར་གྱུར་ཏེ། བླ་མ་ནམ་བཀྲ་བ་བྱ་བ་ན་རེ་ཉིད་ཐོགས་མེད་དངོས་སུ་འདུག །ཐོགས་མེད་གཉིས་པ་ཡིན་གསུངས་ལ་མཆོད་ཡར་མཛོད་ཟེར་བས། མཆོད་ཡར་མཛད་ནས་ཐོགས་མེད་གཉིས་པ་ཡིན་གསུངས་པས། དུས་དེ་ནས་བོ་དོང་ཐོགས་མེད་ཅེས་མཚན་ཡོངས་སུ་གྲགས་སོ། །

                    གཞན་ཡང་བྱམས་པའི་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་པ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་རྣམས་ཀྱི་ཚིག་དོན་ལ་མཁས་པ་འཕགས་པ་ཐོགས་མེད་ལྟ་བུར་གྱུར། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་བསླབ་བཏུས་མདོ་བཏུས་རྣམས་དང༌། དབུ་མ་རིགས་པའི་ཚོགས་ལ་སོགས་པ་དབུ་མའི་བསྟན་བཅོས་རྣམས་ལ་ལེགས་པར་སྦྱངས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་ཚད་མའི་གཞུང་རྣམས་ལ་སྦྱོང་བར་བཞེད་དེ་དཔལ་ལྡན་ས་སྐྱར་བྱོན་ནས་མཁས་པ་ཆེན་པོ་བླ་མ་གཞོན་རྒྱལ་བའི་དྲུང་དུ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པར་སྦྱངས་ཤིང༌། གཙོ་བོར་ཚད་མ་རྣམ་ངེས་ལ་ཐུགས་སྦྱོང་མཛད་དེ། ཆོས་མཆོག རྒྱན། ལྷ་དབང་བློ། ཤཱཀྱ་བློ། ཛྙཱ་ན་ཤྲཱི་ལ་སོགས་པའི་འགྲེལ་པ་ཆེན་པོ་རྣམས་ཀྱི་ཚིག་དོན་ལ་མཁས་པ་དཔལ་ལྡན་ཆོས་ཀྱི་གྲགས་པ་ལྟ་བུར་གྱུར་ཏེ། དེ་དུས་སེམས་དཔའ་ཆེན་པོའི་ཞལ་ནས། ལེ་ལོའི་དབང་གིས་ཤས་ཆེར་མ་འབད་ཀྱང༌། །འོན་ཀྱང་ཁོ་བོའི་བློ་དང་ཕྲད་པ་ན། །ཤེས་བྱའི་ཚིག་དོན་ལྷན་ཅིག་དམིགས་ངེས་ཡིན། །ཞེས་ཉམས་མཚར་གྱི་ཚུལ་དུ་ཞལ་ཕོ་ཡང་མཛད་དོ། །

                    དེ་ལྟར་གཞུང་ལུགས་རྣམས་ལ་སྦྱངས་པས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ཀྱི་གཞུང་ལུགས་རྣམས་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་དགུང་ལོ་ཉེར་གསུམ་བཞེས་པའི་དུས་སུ་གཙང་ཕྱོགས་ཀྱི་ཆོས་གྲྭ་ཀུན་ཏུ་གྲྭ་སྐོར་མཛད་ནས་ལྟ་བ་ལོག་པར་མཛིན་པའི་རྒོལ་བ་ངན་པ་རྣམས་ལུང་རིགས་ཀྱིས་སུན་ཕྱུང་སྟེ་སྤོབས་པ་མེད་པར་བྱས། ལྟ་བ་ཕྱིན་ཅི་མ་ལོག་པར་འཛིན་པ་རྣམས་མཐུན་ཕྱོགས་སུ་བསྡུས་པས། ཀུན་ཁ་མཐུན་པར་གྲྭ་སྐོར་བྱུང་བ་ལ་བོ་དོང་གི་མཁས་པ་ཆེན་པོ་བཟང་པོ་དཔལ་འདི་ལས་སྟོན་པ་བཟང་བ་དང་ཤེས་རབ་ཆེ་བ་མ་བྱུང་ཞེས་གླེང་བ་བྱུང་ངོ༌། །དེ་ནས་དགུང་ལོ་སུམ་ཅུ་པ་ཤིང་ཕོ་བྱི་བའི་ལོ་ཟླ་བ་བཅུ་པའི་ཚེས་དྲུག་གི་སྔ་དྲོའི་ཆ་ལ། མཁན་པོ་བྱང་སེམས་རིན་ཆེན་མགོན་དང༌། ལས་ཀྱིས་སློབ་དཔོན་བླ་མ་ནམ་མཁའ་སངས་རྒྱས། གསང་སྟེ་སྟོན་པ་བླ་མ་ཀུན་དགའ་རྒྱལ་མཚན། གྲིབ་ཚོད་པ་སློབ་དཔོན་ཤཱཀྱ་བྱང་ཆུབ། དད་པའི་དགེ་འདུན་དགེ་སློང་རྒྱལ་མཚན་འབུམ་གྱིས་ཐོག་དྲངས་པ་རྣམས་ཀྱི་དབུས་སུ། ཨེའི་ཆོས་གྲྭ་ཆེན་པོར་བསྙེན་པར་རྫོགས་པར་མཛད་ནས་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་པ་ཕྲ་རགས་མཐའ་དག་ཚུལ་བཞིན་དུ་བསྲུངས་ཏེ་འཕགས་མཆོག་ཉེ་བར་འཁོར་སླར་ཡང་གངས་རིའི་ཁྲོད་དུ་བྱོན་པ་ལྟར་ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་ནང་ན་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏོ། །དེ་ནས་དགུང་ལོ་སོ་གཉིས་པ་མེ་ཕོ་སྟག་ལ། འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་པ་སྐུ་མཆེད་ཡུམ་དང་བཅས་པ་དང༌། བླ་མ་ཀུན་དགའ་རྒྱལ་མཚན། ཀུན་སྤངས་ནམ་མཁའ་གྲགས། བྱང་སེམས་རིན་ཆེན་དགོན་རྣམས་ཀྱིས་རྟ་རའི་གདན་ས་མཛད་པར་ཞུ་བ་གསོལ་བ་ལ། ཞལ་བཞེས་མ་མཛད་པས། བླ་མ་གནུར་པ་ཆོས་འཕགས་རྒྱལ་མཚན་དང༌། རིན་ཆེན་ཤེས་རབ་འབུམ་པས་ཀྱང་གདན་ས་མཛོད་གསུངས་པའི་ཞལ་ཏ་ནན་ཆེན་པོ་མཛད་པས། བླ་མའི་བཀའ་བཅག་པར་གྱུར་དོགས་ནས་ཞལ་གྱིས་བཞེས་ཏེ། བྱང་སེམས་རིན་ཆེན་མགོན་གྱིས་དབུ་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང༌། ཤབ་ཚང་བ་ལ་གཏོགས་པའི་དགེ་བཤེས་གྲྭ་པ་བུ་སློབ་རྣམས་ཀྱིས་ཞུ་འབུལ་བྱས་ནས་ཆོས་གྲྭ་ཆེན་པོ་ཨེའི་ཟུར་ཆེན་མཛད། དེའི་ཚེ་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་བུ་ལ་བརྩེ་བ་ལྟར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་འབྲལ་བ་མེད་པའི་ངང་ནས། ཕྱི་རུ་བསྟན་པ་གཟུང་བའི་ཕྱིར་བཤད་ཉན་ལ་གཡེལ་པ་མི་མངའ་བར་མཛད་དེ། དུས་ཆོས་ལ་ཕར་ཚད་གཉིས། མངོན་པ་ཀུན་ལས་བཏུས། མདོ་སྡེ་རྒྱན། རྒྱུད་བླ་མ། སྤྱོ ད་འཇུག་སྟེ་པོ་ཏི་དྲུག་དྲུག་གསུངས། ཞོར་ཆོས་ལ་བཀའ་མདོ་རྒྱུད། འགྲེལ་པ་འགྲེལ་བཤད། མན་ངག་གི་སྐོར་མཐའ་ཡས་པ་རྣམས་འཇམ་པའི་དབྱངས་ཆེན་པོ་དོན་ཡོད་རྒྱལ་མཚན་པ་སྐུ་མཆེད་ཀྱིས་ཐོག་དྲངས་པའི་དགེ་བའི་བཤེས་གཉེན་རྒྱ་མཚོ་ལྟ་བུ་ལ་གསུངས་ཤིང༌། བཤད་ཉན་ལ་གནོད་དགོངས་ནས་གཤིན་ཆོག་ལ་སོགས་པ་རྣམས་ལ་ཡང་མ་བྱོན་པར་བཤད་ཉན་ལ་བརྩོན་པའི་སྟོབས་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ནུས་པ་དང༌། གཞུང་ལུགས་འཆད་པ་ན་ཚིག་དོན་གསལ་ཞིང་འབྲེལ་ཆགས་པ། ལྷག་ཆད་མེད་ཅིང་རྣ་བར་སྙན་པའི་ཚིག་གིས་བརྡ་འཕྲོད་པས་ངེས་ཤེས་བསྐྱེད་པ་ལ་གཞན་ལས་ཕུལ་དུ་ཕྱིན་པའི་ལེགས་པར་བཤད་པའི་གསུང་གི་འོད་ཟེར་གྱི་ཉན་པ་པོའི་མི་ཤེས་པའི་དྲི་མ་བསལ་ཏེ། བློ་གྲོས་ཀྱི་པདྨོའི་ཟེའུ་འབྲུ་གསལ་བར་མཛད་པ་ལ་བརྟེན་ནས་ཉིད་ཀྱི་སློབ་མ་དཀའ་ཆེན་བཅུ་ལ་མཁས་པ་མཐའ་ཡས་པ་བྱུང་སྟེ་སྙན་པའི་གྲགས་པས་སའི་སྟེང་ཁྱབ་པར་གྱུར་ཏོ། །

                    དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པའི་ངང་ནས་རྟ་རའི་གདན་ས་ལོ་བདུན་མཛད་ཅིང༌། དེའི་ཚེ་དགུང་ལོ་སོ་བརྒྱད་པ་ལ་འཇམ་པའི་དབྱངས་དོན་ཡོད་པས་བསྐུལ་ནས་མདོ་རྒྱན་ལ་ཊཱིཀྐ་མཛད། ཁོང་གིས་བསྐུལ་ནས་སྦྱར་བྱས་ན་སྟོང་སོབ་ཏུ་སོང་དོགས་ནས་མ་བྱས་གསུངས། འདི་ལ་དཀའ་ལས་ཀྱང་ཆེ་བར་བྱས་ནས་བརྩམས་ཏེ་ལེགས་རབ་གཅིག་བྱུང་ནས་འདུག་གསུངས། དེའི་རྗེས་ལ་རྒྱུད་བླའི་ཊཱིཀྐ་མཛད། དེའི་རྗེས་ལ་སློ བ་དཔོན་གྲུབ་རྒྱལ་བའི་དོན་དུ་སྤྱོད་འཇུག་གི་ཊཱིཀྐ་མཛད། དེའི་ཚེ་མཁས་པ་མང་པོ་དཔང་ལོའི་དྲུང་དུ་འཛོམ་ནས་སྤྱོད་འཇུག་ལ་སུ་མཁས་ཀྱི་གླེང་མོ་བྱུང་བས། ལ་ལ་ན་རེ་ཀྱི་སྟོན་པ་མཁས་ཟེར་བ་ལ། དཔང་ལོའི་ཞལ་ནས། སྤྱོད་འཇུག་ལ་བོད་གངས་ཅན་གྱི་ཁྲོད་ན་རྒོད་ཚང་པ་དང༌། གུ་རུ་ཐོགས་མེད་གཉིས་ལས་མཁས་པ་མེད། སྤྱོད་འཇུག་གི་དོན་ཐམས་ཅད་ཁོང་གཉིས་ཀྱི་རྒྱུད་ལ་ལྡན་པ་ཡིན་གསུངས་སོ། །

                    དེ་ལྟར་བོ་དོང་གི་བཤད་ཉན་མཛད་དུས་སློབ་དཔོན་དང་མཆེད་གྲོགས་འགའ་རེས་ཕྱག་རྫས་སྲབ་པ་ལ་གྲྭ་པ་མང་པོ་སྐྱོང་དགོས་པས་ལག་ལེན་གྱི་སྐོར་རྣམས་སྐྱོང་བར་ཞུ་ཞེས་ཡང་ཡང་ཞུས་པས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་ཐུགས་ལ་ཁ་གསག་གཞོགས་སློང་གིས་ནོར་བསྒྲུབས་ཏེ་སློབ་མ་སྐྱོང་བ་ནི། རྒྱལ་བའི་བཀའ་དང་མི་མཐུན་ཞིང་སྔོན་བྱོན་དམ་པའི་མཛད་ཚུལ་མིན་ལ། སྔོན་བྱོན་དམ་པ་རྣམས་ཀྱི་མཛད་ཚུལ་ནི་ཚེ་འདིའི་བསམ་སྦྱོར་དོར་ཏེ་རྒྱལ་བའི་བཀའ་དང་མཐུན་པར་སྡོམ་པ་གསུམ་གྱི་བཅས་མཚམས་དག་པར་བསྲུང་བ་གཞི་བཞག་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བྱེད་པ་འདི་ཡིན་སྙམ་དུ་ལག་ལེན་སྐྱོང་ན་ངའི་ལག་ལེན་དེ་འདི་ལྟ་བུ་ཞིག་ཡིན་ཏེ་དགོངས་ནས། རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ་དགོས་ཞེས་ལག་ལེན་གྱི་སྒྲ་ལ་བརྟེན་ནས་རང་གཞན་ཐམས་ཅད་རྒྱལ་སྲས་ལག་ལེན་ལ་འཇུག་པའི་ཕྱིར་རྒྱལ་སྲས་ལག་ལེན་མཛད། བརྩམས་ཟིན་ནས་ཞུས་དག་ལ་ཁང་ཐོག་བྱོན་ཏེ་མདུན་ན་བཞག་ཡོད་པའི་དུས། རླུང་པོ་ཆེན་པོ་ཞིག་བྱུང་ནས་ཁྱེར་སོང་བས་ཤོག་བུ་གཅིག་ཀྱང་བསྡུ་རྒྱུ་མ་རྙེད། དེ་ནས་ཡང་བློ་ལ་གསལ་ལེ་འདུག་པས་ལྡབས་ནས་བྲི་དགོས་བྱུང་སྟེ། ད་ཕྱོགས་ཐམས་ཅད་དུ་དར་བ་འདིའི་རྟེན་འབྲེལ་ཡིན་པ་འདྲ་གསུངས་ཏེ། དེ་ནི་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ཐུགས་བསྐྱེད་ཤིན་ཏུ་བཟང་བས་རིས་སུ་མ་ཆད་པའི་ཆོས་བྱེད་ཐམས་ཅད་རྒྱལ་སྲས་རིན་པོ་ཆེ་འདིའི་གསུང་ལ་དད་ཅིང་མོས་པར་བྱེད་ཅིང༌། ལྷག་པར་རྒྱལ་སྲས་ལག་ལེན་འདི་ཕྱོགས་ཐམས་ཅད་དུ་དར་ཆ་ཆེ་ཞིང༌། སུས་མཐོང་ཡང་གུས་པར་ཐལ་མོ་སྦྱོར་ཞིང་ཇི་བཞིན་ཉམས་སུ་ལེན་པར་མ་ནུས་ཀྱང་དད་ཅིང་གུས་པ་དང་སྨོན་པའི་ཡུལ་དུ་བྱེད་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདིའོ། །དེའི་དུས་སུ་བསྙུང་པོ་ཞིག་བྱུང་བ་ལ་གྲྭ་པ་རྣམས་ཀྱིས་ཞལ་ཏ་འཇོག་པར་ཞུ་ཞུས་པས། ངའི་ཁ་ཆེམས་རྒྱལ་སྲས་ལག་ལན་ཡིན་གསུངས་སོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།