རྒྱལ་བའི་སྲས་པོ་ཐོགས་མེད་བཟང་བོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 08:51:34     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

456420986936128207.jpg

                    རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་ནི། དཔལ་ལྡན་ས་སྐྱ་ནས་ལྷོ་ནུབ་ཏུ་དཔག་ཚད་ཕྱེད་དང་གསུམ་ཙམ་བགྲོད་པ་ན་ཕུལ་བྱུང་བྲག་སྐྱ་ཞེས་བྱ་བ་མཐའ་ཐམས་ཅད་བྲག་རི་དཀར་པོས་བསྐོར་ཞིང༌། ཕུ་ན་འབྲོག་དང༌། མདའ་ན་ཞིང་པ་མང་དུ་གནས་པ། ས་གཞི་ཐམས་ཅད་ནེའུ་གསིང་སྔོན་པོས་བརྒྱན་པ་གཙང་ཞིང་ཡིད་དུ་འོང་བའི་ཡུལ་དུ་ཡབ་དཀོན་མཆོག་དཔལ་དང༌། ཡུམ་འབུམ་སྒྲོན་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་གི་ལོ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་འཁྲུངས་སོ། །རྒྱལ་སྲས་འདི་ཡུམ་གྱི་ལྷུམས་སུ་འཇུག་པའི་དུས་ན་ཡུམ་ལ་མགོན་པོ་སྤྱན་རས་གཟིགས་ལུས་ལ་ཐིམ་པའི་རྨི་ལམ་བྱུང་ཞིང་བལྟམས་པའི་དུས་ནའང་མགོན་པོ་སྤྱན་རས་གཟིགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཕྱིར་སྤྲོས་པའི་སྣང་བ་དང༌། སྔོན་མེད་པའི་དྲི་ཞིམ་པོ་མནམ་པ་དང༌། རོལ་མོའི་སྒྲ་སྙན་པ་ཕྱོ གས་ཀུན་ཏུ་གྲགས་པ་དང༌། ས་གཡོ་བ་དང༌། མེ་ཏོག་གི་ཆར་བབས་པ་དང༌། ཡུལ་དེར་སྔོན་མེད་པའི་རྩྭ་དང༌། ཤིང་དང་མེ་ཏོག་སྣ་ཚོགས་སྐྱེས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རྒྱལ་སྲས་འདི་ལ་དཀོན་མཆོག་བཟང་པོ་ཞེས་མཚན་གསོལ་ཏོ། །

                    དེའི་ཚེ་རྒྱལ་སྲས་གཞོན་ནུ་དེའི་སྐུ་ནི་མཚན་དཔེ་རྗེས་མཐུན་པ་དང་ལྡན་པས་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་བྱུང་ཞིང༌། རྒྱལ་སྲས་སེམས་དཔའ་ཆེན་པོ་འདི་ནི་འཁྲུངས་མ་ཐག་ནས། ཞི་བ་དང༌། དུལ་བ་དང༌། དེས་པ་དང༌། ཡིད་གཞུངས་པ་དང༌། སྙིང་རྗེ་ཆེན་པོའི་ངང་ཚུལ་དང་ལྡན་ཞིང༌། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་བྱུང་སྟེ། དེ་ཡང་སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་གཉིས་ཆུ་བོའི་རྒྱུན་བཞིན་དུ་གོམས་པའི་སྟོབས་ཀྱིས་བྱིས་པ་ཆུང་ངུ་སྨྲ་ཤེས་པ་ཙམ་གྱི་དུས་ན་ཉིན་གཅིག་ཡུམ་གྱི་པང་ན་བཞུགས་དུས་རླུང་བུ་ཁོར་ཁོར་བྱེད་པ་ཞིག་གིས་ཤིང་ལོ་ཞིག་ནམ་མཁའ་ལ་ཁྱེར་སོང་བ་གཟིགས་ནས་དྲག་ཏུ་བཤུམ་པ་ལ་ཡུམ་གྱིས་ཅི་བྱུང་དྲིས་པས། ནམ་མཁར་རླུང་གིས་ཁྱེར་བ་དེ་ལ་ཕྱག་མཛུབ་བཙུགས་ནས། སེམས་ཅན་ཞིག་ནམ་མཁའ་ལ་ཁྱེར་སོང་གསུངས་པ་དང༌། སེམས་ཅན་མ་ཡིན་ཤིང་ལོ་ཡིན་བྱས་པས་བཤུམ་པའི་འཕྲོ་ཆད་པ་བྱུང༌། ཡང་སྟོན་ཀ་ཞིག་ས་འཁྱགས་ཏེ་བ་མོ་བྱུང་དུས་སྔ་དྲོ་ཞིག་སྒོར་བཞུད་ནས་གོས་མེད་པར་སྒྲེན་མོར་བྱུང་བས། ཡབ་ཀྱིས་གོས་གར་སོང་བྱས་པས་སྙིང་རྗེ་བའི་སེམས་ཅན་འཁྱགས་པ་དེ་འདྲ་ལ་གཡོགས་ནས་ཡོང་ཟེར། ཁྲིད་ནས་བལྟར་ཕྱིན་པས་སྡོམ་པས་གང་བའི་ཤོ་ཕུང་བ་མོ་སྐྱ་ཁད་པ་གཅིག་ལ་གོས་གཡོགས་མཐའ་མ་རྡོས་མནན་བྱས་ནས་འདུག་ཟེར། གཞོན་ནུའི་དུས་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་དང༌། ཡང་ང་སྒོམ་བྱེད་པ་ཡིན་ཟེར་ནས་སྐུ་རྣམ་སྣང་གི་ཆོས་བདུན་ལྡན་བཅས་ཏེ་ཆོས་དོན་སེམས་པ་སོགས་དམ་པའི་སྤྱོད་པས་དུས་འདའ་བ་ཞིག་བྱུང་ཞེས་གྲག་གོ །བཤུམ་པའི་དུས་ན་དཔེ་ཆ་ཤོག་ཁྱར་ཕྱག་ཏུ་གཏད་པ་དང་ཤིན་ཏུ་མཉེས་ཤིང་བཤུམ་འཕྲོ་ཆད་པ་དང༌། བྱིས་པ་གཞན་མིས་བརྡུང་ཙ་ན་བཤུམ་པ་ཞིག་ཡོད་པར་འདུག ཚུལ་དེ་ལ་ནི་དུས་ཕྱིས་འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་པས་ས་སྐྱར་གདན་དྲངས་དུས་འཕྲོས་པའི་གསུང་གླེང་བྱུང་བའི་དུས་སུ། གོང་གི་དེ་ལྟ་བུ་རྣམས་ཐོས་ཏེ་བདེན་ལགས་སམ་ཞུས་པས་དེ་ལྟར་གྲགས་ལགས་ཏེ་བདག་རང་གིས་ནི་མི་དྲན་ལགས། དྲན་ཙམ་ན་ཆོས་ལ་གཞན་གྱིས་ཐུ་གཡོགས་ལ་སོགས་མི་གུས་པ་བྱས་ཙ་ན་མི་བཟོད་པ་སྐྱེ་ཞིང༌། དང་པོ་བྱིས་པའི་དུས་རང་ནས་ཁོང་ཁྲོ་ཤས་ཆུང་ཞིང་བྱམས་སྙིང་རྗེ་ཆེ་བ་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་ཁ་ཚིག་ཙམ་མིན་པར་སྐྱེ་བ་ཞིག་ཡོད། དེའི་སྟོབས་ཀྱིས་སུ་ལའང་ཚིག་ངག་སྨྲ་མི་ནུས། ང་ཆུང་ཆུང་གི་དུས་ས་སྐྱ་དཀར་ཕུབས་ཀྱི་སྒོ་རྩར་མི་གཅིག་གིས་དོན་མེད་པར་མགོ་ལ་བརྒྱབ་པས་སྐྲངས་འབུར་ཆེན་པོ་བྱུང་ཡང་ཁོང་ཁྲོ་མ་སྐྱེས་གསུངས་པ་དང༌། བྱིས་པ་གཞན་དང་རྩེ་བ་ན་གཞན་ཕམ་ནས་ངུས་ན་བདག་གིས་མི་བཟོད་ཅིང༌། རང་ཕམ་ཡང་མྱ་ངན་ཙམ་མེད་པ་ཞིག་ཡོད་གསུངས་པ་དང༌། རྩྭ་ཤིང་ཐུ་རུ་བྱོན་དུས་གྲོགས་ཀྱིས་རྙེད་ནས་རང་གིས་མ་རྙེད་ཀྱང་མི་སྡུག །རང་གིས་རྙེད་ཀྱང་གྲོགས་ཀྱིས་མ་རྙེད་ན་ཁོང་ཚོ་ལ་ཕ་མ་སོགས་ཀྱིས་འཐབ་ཏུ་ཡོང་བསམས་ནས་རེས་འགའ་རང་གིས་རྙེད་པ་ནས་བྱིན། རེས་འགའ་ཐུ་རོགས་བྱས་གསུངས་པ་དང༌། བྱིས་པའི་དུས་རྩེད་མོ་ཕལ་ཆེར་མཆོད་རྟེན་བཞེང་བ་དང༌། ཆོས་འཆད་པ་དང༌། སྒོམ་བྱེ ད་པ་སོགས་དགེ་བའི་ཕྱོགས་ཀྱིས་དུས་འདའ་བ་ཞིག་ཡོད་གསུངས། རྒྱལ་སྲས་འདིའི་ཡབ་ཡུམ་གཉིས་སྔ་མོ་ནས་འདས་ཏེ་ཡུམ་གྱི་མ་ཨ་ཕྱི་རྒན་མོ་ཞིག་དགུང་ལོ་ལྔ་ནས་བཟུང་བསྐྱངས་ཏེ། རྒྱལ་སྲས་འདི་ཨ་ཕྱི་རྒན་མོའི་ས་ན་བཞུགས་དུས་ཕྱུགས་ལུག་འཚོ་བ་ལ་བྱོན་ཞིང༌། ཨ་ཕྱི་ལ་ཁྲལ་འབབ་པ་ལ་ར་ལུག་བསད་ཀྱིན་ཧོར་འདྲ་ལ་ཤ་སྤྲོས་དགོས་པ་བྱུང་བས་ར་ལུག་གསོད་སར་ཁྲིད་པའི་དུས་སུ་བཤུམ་ཞིང་འཆང་ནས་སྙིང་རྗེ་པ་ཡིན་མོད་གསུངས་ཏེ། ཡུན་རིང་པོར་ཁྲིད་དུ་མི་སྟེར་བར་བརྒྱལ་བརྒྱལ་དུ་བཤུམས་ཀྱང་དབང་མེད་དུ་ཁྲིད་ཀྱིན་བསད་པ་ལན་མང་རབ་བྱས་པས། ཨ་ཕྱི ས་བྱམས་པོ་བྱས་ཀྱང་དེ་ལྟ་བུ་ལ་ཡིད་འབྱུང་ཞིང་སྐྱོ་བ་སྐྱེས་ཏེ། དགུང་ལོ་དགུ་བཞེས་པའི་དུས་སུ་ཕྱུགས་ལུག་འཚོ་ས་ནས་བྲོས་ཏེ་ཡབ་ཀྱི་ཕ་སྤུན་མོའི་བུ་སྟོན་པ་རིན་ཆེན་བཀྲ་ཤིས་ཀྱི་སར་བསམ་གླིང་དུ་བྱོན་ཏེ། ཡི་གེ་འབྲི་འདོན་ལ་སོགས་པ་བསླབས་པས། རིགས་པའི་གནས་རྣམས་མཐོང་བ་ཙམ་གྱིས་ཤེས་པ་བྱུང་སྟེ། ཀུན་གྱིས་འདི་ནི་ཕལ་པ་ཞིག་མ་ཡིན་ངེས་ཞེས་གླེང་བ་བྱུང་ཞེས་གྲགས་སོ། །

                     དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཐོས་བསམ་སྒོམ་གསུམ་རྣམ་པར་དག་པ་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་དང་མཐུན་པ་ཞིག་མཛད་བཞེད་ནས། དོན་དེ་ལྟར་དུ་བསམ་གླིང་པའི་བླ་མ་སོགས་ལ་གསོལ་བ་ན་ཐུགས་བཞེད་གྲུབ་སྟེ་དགུང་ལོ་བཅུ་བཞི་པ་སྤྲེའུའི་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ཀྱི་སྔ་དྲོའི་ཆ་ལ། བསམ་གླིང་གདུང་བརྒྱུད་བླ་མ་དཔལ་འབར་བས་མཁན་པོ་མཛད། དེའི་གཅུང་པོ་མཁན་པོ་རིན་ཆེན་དཔལ་བཟང་པས་སློ བ་དཔོན་མཛད། གྲིབ་ཚོད་པ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་དེ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རབ་ཏུ་བྱུང་དགེ་ཚུལ་དུ་བསྒྲུབས་ཏེ་བཟང་པོ་དཔལ་ཞེས་མཚན་གསོལ་ཏོ། །དེའི་ཉིན་པར་སྔར་མེད་པའི་དྲི་ཞིམ་པོས་ཁྱབ་པ་དང༌། རོལ་མོའི་སྒྲ་སྙན་པ་གྲགས་པ་དང༌། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་ངོ༌། །དེ་ནས་རྒྱལ་སྲས་འདིས་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་བཅས་པ་རྣམས་སྲོག་ལས་ཀྱང་གཅེས་པར་བསྲུང་བར་མཛད་ཅིང་སྔོན་བྱོན་དམ་པའི་རྣམ་ཐར་བཟང་པོའི་རྗེས་སུ་ཞུགས་ཏེ་ཚེ་འདིའི་བྱ་བ་མཐའ་དག་དོར་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་རྣམས་ཀྱི་ཚིག་འཛིན་པ་དང་དོན་སེམས་པ་ལ་བརྩོན་འགྲུས་ལྷོད་པ་མེད་པར་མཛད། རང་ཡུལ་གྱི་ནོར་ལོངས་སྤྱོད་སོགས་འཁོར་བའི་ཕུན་ཚོགས་གང་ལའང་མ་ཆགས་པར་རང་གི་ཁུ་བོ་རིན་ཆེན་བཀྲ་ཤིས་ཀྱིས་ཡི་གེ་བྲི་འདོན་བཙུན་པ་བྱེད་པ། བཤད་གསར་ལ་སོགས་པའི་གྲོགས་བྱས་པས་དྲིན་ཆེ་བར་དགོངས་ནས། ཞིང་ཁང་རྣམས་ཀྱང་ཨ་ཁུ་ལ་གནང་སྟེ་འདི་སྐད་དུ་ད་ཁྱེད་རང་དགེ་སྦྱོར་གྱིས། འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད། ངའི་ཞིང་དང་ཉིད་རང་ལ་གང་ཡོད་རྣམས་ཀྱིས་མི་ཕོངས་ཙམ་ཡོངས་མཆི། གལ་ཏེ་མ་ངེས་ན་ངས་བསོད་སྙོམས་བྱས་ནས་སྐྱོང་བ་ཡིན་སེམས་ལས་མི་འཚལ་ཞེས་ཞལ་ཏ་མཛད། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པ་ལ། བཤད་ཉན་གྱིས་ལུང་གི་ཆོས་འཛིན། སྒོམ་སྒྲུབ་ཀྱིས་རྟོགས་པའི་ཆོས་འཛིན་པར་དགོངས་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བའི་རིགས་པའི་དཀའ་གནས་རྣམས་ལ་སྦྱོང་བར་བཞེད་དེ་དགུང་ལོ་བཅོ་ལྔ་པའི་དུས་བོ་དོང་ཨེ་བསམ་གླིང་པའི་དགོན་ལག་ཡིན་པའི་སྟོབས་ཀྱིས་ཨེའི་ཆོས་གྲྭ་ཆེན་པོར་བྱོན་ཏེ། བླ་མ་ཀུན་རྒྱལ་བའི་དྲུང་དུ་དང་པོར་མངོན་པ་ཀུན་བཏུས་ལ་ནན་ཏན་མཛད། དེ་ཡང་དང་པོ་དུལ་བ་དང་ཞི་བ་དང༌། བཟོད་པ་དང༌། བྱམས་པའི་ངང་ཚུལ་དང་ལྡན་པས། གྲོགས་ཀྱི་སློབ་གཉེར་ལ་འགྲན་ཟླ་དང་ཕྲག་དོག་གི་དམིགས་རྐྱེན་དུ་མི་འགྱུར་བར་བྱ་བའི་ཕྱིར་གཞན་ལས་བློ་གྲོས་ཀྱི་ནུས་པ་ཆུང་ཞིང་དམན་པའི་ཚུལ་བཟུང་ཡང་སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་ནས་གོམས་པའི་ཕྱིར་གཞན་གྱིས་ལོ་མང་པོའི་བར་དུ་འབད་པ་བས་ཀྱང་མཁས་པར་གྱུར་ཏོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།