རྗེ་བཙུན་འཇམ་དབྱངས་ནས་ཞི་བ་ལྷ་ལ་བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་ཀྱི་རིམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-22 20:43:41     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

ཇོ་བོ་རྗེའི་ལམ་རིམ་མན་ངག་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ལས་རླབས་ཆེན་སྤྱོད་རྒྱུད་ཀྱི་བརྒྱུད་རིམ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་གསན་པའི་རྒྱུད་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་བྱམས་པ་མགོན་པོ། དེ་ནས་འཕགས་པ་ཐོགས་མེད་སྐུ་མཆེད་སོགས་ལ་རིམ་གྱིས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་དབྱངས། དེ་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་རིམ་གྱིས་བརྒྱུད་པའི་ཟབ་མོ་ལྟ་རྒྱུད་དང༌། རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཞི་བ་ལྷ་སོགས་ལ་རིམ་གྱིས་བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་དེ་རྒྱུད་པ་གསུམ་ཡོད་ཅིང༌། རྒྱུད་པ་དེ་གསུམ་གའི་མན་ངག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་མངའ་བས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལམ་རིམ་གྱི་མན་ངག་འདི་ལ་རྒྱུད་པའི་ཆུ་བོ་གསུམ་འདྲེས་ཞེས་བརྗོད་དོ།

དེ་ལ་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་བཤད་ཟིན་ཅིང༌། རླབས་ཆེན་སྤྱོད་རྒྱུད་ནི་སྟོན་པ་ཐུབ་པའི་དབང་པོས་མདོ་སྡེ་ཕལ་པོ་ཆེ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་མང་པོར་རྒྱལ་སྲས་དབང་རྣོན་རྣམས་ཀྱིས་སེམས་བསྐྱེད་སྦྱོང་ཚུལ་ཤིན་ཏུ་རླབས་ཆེ་བ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་རྒྱ་ཆེར་གསུངས་པ་རྣམས་མགོན་པོ་འཇམ་པའི་དབྱངས་ཀྱིས་རྒྱལ་སྲས་ཞི་བ་ལྷ་ལ་ལེགས་པར་གདམས། རྒྱལ་སྲས་ཞི་བ་ལྷས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་རྩལ་དུ་བཏོན་པའི་མན་ངག་བསླབ་བཏུས་དང་སྤྱོད་འཇུག་གཉིས་མཛད་ཅིང༌། དེའི་མན་ངག་རྣམས་སློབ་དཔོན་ཨེ་ལ་དྷ་རི་ལ་རྫོགས་པར་གནང༌། སློབ་དཔོན་ཨེ་ལ་དྷ་རིས་སློབ་དཔོན་དཔའ་བོ་རྡོ་རྗེ་ལ་གནང༌། དེས་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ལ་གནང༌། དེས་བླ་མ་གསེར་གླིང་པ་ལ་གནང༌། བླ་མ་གསེར་གླིང་པ་ཆེན་པོའི་ཞབས་དྲུང་དུ་ཇོ་བོ་རྗེ་དཔལ་ལྡན་ཤ་ཏི་ཤས་ལོ་བཅུ་གཉིས་ཀྱི་བར་དུ་དབུ་སྔས་སྦྲེལ་ཏེ་བློ་སྦྱོང་གི་མན་ངག་འདི་མཐའ་དག་པར་གསན་ཞིང༌། སྐྱེས་མཆོག་བྱམས་པའི་རྣལ་འབྱོར་པ་དང༌། སེམས་དཔའ་ཆེན་པོ་དྷརྨཱ་རཀྵི་ཏ་གཉིས་ལའང་བདག་གཞན་མཉམ་བརྗེའི་མན་ངག་གསན་ལ། འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོས་ཀྱང་ཇོ་བོ་རྗེ་ལ་དངོས་སུ་ཞལ་བསྟན་ཏེ་བདག་གཞན་མཉམ་བརྗེའི་གདམས་པ་ཡང་དང་ཡང་དུ་སྩལ།

 ཇོ་བོ་རྗེས་ཀྱང་གདམས་པ་འདི་ཉིད་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་རྒྱུན་དུ་བློ་སྦྱོང་བར་མཛད་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོ་ཐུགས་ལ་འཁྲུངས་ཏེ་སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌།མཚན་ཐོས་པ་ཙམ་གྱིས་ཀྱང་མི་དང་མི་མིན་ཀུན་གྱི་སེམས་ཀྱི་གདུག་རྩུབ་ཞི་ནུས་པ་བྱུང་བས་ཇོ་བོ་རྗེ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མངའ་བདག་ཏུ་གྲགས་ཤིང༌། ལྷག་པར་བསྟོད་པ་སུམ་ཅུ་པ་ལས། གསེར་གླིང་རྒྱལ་པོའི་ས་སྐྱོང་བླ་མ་ལས། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས། །འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བར་འདེབས། །ཞེས་བསྔགས་པ་ལྟར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་གདུག་རྩུབ་ཅན་ཁྲོ་ཞིང་གཏུམ་པ། ཕ་ལ་ཕར་མི་འཛིན་པ། མ་ལ་མར་མི་འཛིན་པ། སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན་པ། དྲིན་ལན་ལོག་པར་འཇལ་བ་དག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འདིའི་སྐུ་མཐོང་བ་དང་གསུང་ཐོས་པ་ཙམ་གྱིས་ཞེ་སྡང་གདུག་རྩུབ་ཞི་ནས་སེམས་རྒྱུད་བྱམས་པའི་བརླན་གྱིས་དུལ་བར་འགྱུར་ཞིང་རང་རང་གི་གྲུབ་མཐའི་ཕྱོགས་བཟུང་སྟེ་ཁོ་བོ་ཅག་གི་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ལྷུང་གི་གདོན་གྱིས་རྒྱུད་ཆེས་ཆེར་དཀྲུགས་པ་དག་ཀྱང་ཇོ་བོ་རྗེ་འདི་ལ་སུས་ཀྱང་ཕྱོགས་ལྷུང་མེད་པ་སྐུ་མཐོང་བ་ཙམ་གྱིས་ཐལ་མོ་སྦྱོར་ཞིང་གསུང་ཐོས་པ་ཙམ་གྱིས་ཇི་བཞིན་སྒྲུབ་པ་མ་ནུས་ཀྱང་རྗེས་སུ་ཡི་རང་བ་དང་སྨོན་པའི་གནས་སུ་བྱེད་པ་འདི་བྱུང༌། ཇོ་བོ་རྗེ་བོད་དུ་རིས་སུ་མ་ཆད་པའི་དད་ལྡན་མཐའ་དག་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་སྩལ་ཅིང༌། ལྷག་པར་སྡེ་སྣོད་གསུམ་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་སྟོན་པར་མཛད་ཀྱང༌། རྒྱལ་སྲས་ཞི་བ་ལྷའི་མན་ངག་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་གྱིས་གནད་ཡོངས་སུ་རྫོགས་པ་འབྲོམ་རིན་པོ་ཆེ་ལ་ལྐོག་ཆོས་སུ་གནང༌། འབྲོམ་རིན་པོ་ཆེས་བཀའ་གདམས་སྐུ་མཆེད་གསུམ་དང་ཁམས་པ་ལུང་པ་བཞི་ལ་ལྐོག་ཆོས་སུ་མཛད།

དགེ་བཤེས་གཉེན་ཁམས་པ་ལུང་པས་བློ་སྦྱོང་གི་གདམས་པ་འདི་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས་རང་ཉིད་ས་ལམ་མཐོན་པོར་བྱོན་ཞིང་སྐལ་བ་དང་ལྡན་པ་གཞན་དག་ལའང་ཅི་རིགས་པ་གནང་ཞིང་བློ་སྦྱོང་གི་མན་ངག་ལ་ཉེ་བར་མཁོ་བའི་ཆོས་བརྒྱད་མཛད་དེ། བརྒྱད་ནི། ཟས་ལ་བརྟེན་པའི་བློ་སྦྱོང་ཚུལ། དབུགས་ལ་བརྟེན་པའི་བླ་སྦྱོང་ཚུལ། ལུས་གྲངས་མེད་དུ་སྤྲུལ་ནས་བློ་སྦྱོང་ཚུལ། ཤ་ཁྲག་ལ་བརྟེན་ནས་བློ་སྦྱོང་ཚུལ། གཏོར་མ་ལ་བརྟེན་ནས་བློ་སྦྱོང་ཚུལ། འབྱུང་བ་བཞི་ལ་བརྟེན་ནས་བློ་སྦྱོང་ཚུལ། ལུས་ཡིད་བཞིན་གྱི་ནོར་བུར་སྤྲུལ་ཏེ་བློ་སྦྱོང་ཚུལ། འཆི་ཁར་ཕན་པའི་བློ་སྦྱོང་གི་མན་ངག་སྟེ་བརྒྱད་ཡོད་ལ་བརྒྱད་པོ་དེ་ལ་ཁམས་པ་ལུང་པའི་བློ་སྦྱོང་ཐུན་བརྒྱད་མ་ཞེས་གྲགས་ཤིང་སྐལ་བ་དང་ལྡན་པ་མང་པོ་ལ་སྤེལ་བར་མཛད་དོ། །བཀའ་གདམས་སྐུ་མཆེད་གསུམ་གྱིས་ནི་ཇོ་བོ་ཡབ་སྲས་ཀྱི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བ་མཛད་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་གྱི་མན་ངག་མཐར་ཐུག་པ་རྣམས་ནི་སྐལ་བ་དང་ལྡན་པ་རེ་གཉིས་ལ་ལྐོག་ཆོས་སུ་མཛད་དོ། །བཀའ་གདམས་སྐུ་མཆེད་གསུམ་གྱི་ནང་ནས་ཀྱང་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་བྱང་ཆུབ་ལམ་གྱི་རིམ་པ་སྟོན་པ་ལ་འཕྲིན་ལས་ཀྱི་ཁྱབ་བདལ་ཆེ་བ་བྱུང་བས་དགེ་བཤེས་པོ་ཏོ་བ་ཆེན་པོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་དང་སྦྱར་ཏེ་རྒྱ་ཆེར་སྟོན་པར་མཛད་ཅིང༌། བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་མན་ངག་མཐར་ཐུག་རྣམས་ནི་དགེ་བཤེས་གླང་རི་ཐང་པ་དང༌། དགེ་བཤེས་ཤྭ་བོ་སྒང་པ་དང༌། དགེ་བཤེས་ཤ་ར་བ་གསུམ་ལ་ལྐོག་ཆོས་སུ་གནང༌།དགེ་བཤེས་ཤྭ་བོ་སྒང་པས་སྐལ་བ་དང་ལྡན་པ་རེ་གཉིས་ལ་གདམས་ངག་བསྟན་ཅིང༌། གཙོ་ཆེར་ཤ་གཟུག་རང་ཟའི་ཚུལ་དུ་སྒྲུབ་པ་སྙིང་པོར་བྱེད་པས་དུས་འདའ་བར་མཛད། དགེ་བའི་བཤེས་གཉེན་གླང་རི་ཐང་པས་ནི་བློ་སྦྱོང་གི་གདམས་ངག་འདི་ལ་ཉམས་ལེན་སྙིང་པོར་མཛད་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས་ཤིང་སྐལ་བ་དང་ལྡན་པ་གཞན་དག་ལའང་གདམས་ངག་འདི་མང་དུ་འདོམས་པར་མཛད།

བློ་སྦྱོང་གདམས་ངག་འདི་ལ་གལ་ཆེ་བ་བརྒྱད་དུ་མཛད་དེ་གླང་རི་ཐང་པ་ཉིད་ཀྱི་ཞལ་ནས། སྤྱིར་སེམས་ཅན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་བསླབ་པ། ཁྱད་པར་དུ་གནས་གང་དུ་གྲོགས་སུ་དང་འགྲོགས་ཀྱང་ཕྱོགས་མཐའ་དག་ནས་རང་དམན་པར་བལྟས་ལ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་གཞན་ལ་གུས་པར་བསླབ་པ། སྤྱོད་ལམ་རྣམ་བཞིར་རང་གི་རྒྱུད་ལ་བརྟགས་ནས་ཉོན་མོངས་བྱུང་མ་ཐག་ཏུ་བཙན་ཐབས་སུ་གདོང་ནས་བཟློ ག་པ་ལ་བསླབ་པ། སེམས་ཅན་ཤིན་ཏུ་རང་བཞིན་ངན་པ་སྡིག་པ་དང་སྡུག་བསྔལ་དྲག་པོས་ནོན་པ་ལ་རྙེད་པར་དཀའ་ཞིང་གཅེས་པའི་བློས་བསླབ་པ། རང་གིས་སྔར་ཕན་བཏག་པའང་རེ་ཆེ་བའི་གང་ཟག་གིས་ཁྲེལ་མེད་དང་མགོ་བསྐོར་ལ་སོགས་པ་ཅི་བྱས་ཀྱང་བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་པ། རང་གཞན་ལ་ཕུང་གྱོད་ལ་སོགས་པ་ཉེས་པ་ཅི་བྱུང་ཡང་དག་གཙང་མི་བྱ་བར་གྱོད་ཁ་རང་གིས་བླང་བར་བསླབ་པ། དངོས་སམ་བརྒྱུད་པས་ཕན་པ་དང་བདེ་བ་ཐམས་ཅད་སེམས་ཅན་ལ་གཏོང་ཞིང་དེ་དག་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་རང་གི་སྙིང་ཁོང་དུ་བླང་བར་བསླབ་པ། ཚེ་འདིའི་རྣམ་པར་རྟོག་པ་དང་མ་འདྲེས་པར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློས་དངོས་པོ་གང་ལའང་མ་ཞེན་པར་བསླབ་པ་སྟེ་བརྒྱད་དོ། །

བརྒྱད་པོ་དེ་ལ་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ་ཞེས་གྲགས་ཤིང༌། དོན་ཚན་བརྒྱད་པོ་དེ་རྒྱུན་དུ་ཁ་ཏོན་དུ་བྱ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་ནི། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ནས་དམན་ལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུང་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བའི་གཅེས་འཛིན་ཤོག །བདག་ལ་གཞན་གྱི་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོད་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་ལྟ་བར་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །ཅེས་པ་སྟེ་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ་ཞེས་གྲགས་ཆེ་ཞིང་དེའི་ཁྲིད་རྒྱུན་ཡང་དགེ་བའི་བཤེས་གཉེན་གླང་རི་ཐང་པས་དགེ་བཤེས་མྱང་ལྕགས་ཞིང་པ་ལ་གནང༌། དེས་དགེ་བའི་བཤེས་གཉེན་འཆད་ཁ་པ་ཆེན་པོ་ལ་གནང་སྟེ། དགེ་བའི་བཤེས་གཉེན་འཆད་ཁ་པས་བློ་སྦྱོང་ཚིག་བརྒྱད་མ་དེ་ཉིད་བློ་སྦྱོང་དོན་བདུན་མའི་ནང་དུ་བསྡུས་ནས་ཁྲིད་པར་མཛད་པས་དེ་ཕྱིན་བློ་སྦྱོང་དོན་བདུན་མ་དང་བློ་སྦྱོང་ཚིག་བརྒྱད་མ་གཉིས་ཁྲིད་རྒྱུན་གཅིག་གོ །

དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་ཀྱི་བཀའ་བབ་པས་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྒྱ་ཆེར་འདོམས་པར་མཛད་ཅིང༌། གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྟེང་དུ་བསྡུས་ནས་འདོམས་པར་མཛད་ལ། བློ་སྦྱོང་སྙན་བརྒྱུད་ཀྱི་མན་ངག་རྣམས་ནི་ལྐོག་ཆོས་ཉིད་དུ་མཛད་དེ་དགེ་བའི་བཤེས་གཉེན་འཆད་ཁ་པ་ཆེན་པོ་ལ་ལོ་བཅུ་གཉིས་ཀྱི་བར་དུ་ལྐོག་ཁྲིད་དུ་བྱས་ཏེ་མཐའ་དག་པར་འདོམས་པར་མཛད། དགེ་བའི་བཤེས་གཉེན་འཆད་ཁ་པ་ཆེན་པོས་བདག་གཞན་མཉམ་བརྗེའི་བློ་སྦྱོང་འདི་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ནས་སྐུ་ཚེ་རིལ་པོར་ཉམས་ལེན་ལ་བརྩོན་པར་མཛད་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རླབས་ཆེན་པོ་འཁྲུངས་ཤིང་། བློ་སྦྱོང་འདི་འདོམས་པ་ལ་དབང་འབྱོར་པར་གྱུར་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་སློབ་པར་འདོད་པ་མཐའ་དག་བདག་ཉིད་ཆེན་པོ་འདིའི་དྲུང་དུ་ལྷགས་པར་གྱུར་པ་ན་ལྐོག་ཁྲིད་དུ་མཛད་མ་ཐུབ་པར་ཚོགས་ཆོས་སུ་མཛད་དེ་དོན་གཉེར་ཅན་མཐའ་དག་ལ་རྒྱ་ཆེར་སྤེལ་ཞིང་བློ་སྦྱོང་འདིའི་མན་ངག་རྣམས་དོན་ཚན་བདུན་དུ་ས་བཅད་མཛད་དེ་བློ་སྦྱོང་དོན་བདུན་མ་ཞེས་མཚན་བཏགས། སའི་ཆ་ཐམས་ཅད་བློ་སྦྱོང་འདིའི་འཕྲིན་ལས་ཀྱིས་ཁྱབ་པར་མཛད། མན་ངག་ཡོངས་སུ་རྫོགས་པ་དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་བ་ལ་གནང༌། དགེ་བཤེས་སེ་སྤྱིལ་བུ་བས་ཀྱང་བྱང་སེམས་འཆད་ཁ་བ་ཆེན་པོས་ཇི་ལྟར་མཛད་པ་ལྟར་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱ་ཆེར་སྤེལ་ཞིང༌། དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་བ་ལ་ལྷ་སྤྱིལ་བུ་བ་འོད་ཟེར་བླ་མས་གསན། དེ་ལ་དགེ་བཤེས་ལྷ་སྡིངས་དབོན་གྱིས་གསན།དེ་ལ་དགེ་བཤེས་ཡོན་ཏན་དཔལ་གྱིས་གསན། དེ་ལ་མཁན་ཆེན་བདེ་བ་དཔལ་གྱིས་གསན། དེ་ལ་མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུས་གསན། དེ་ལ་སེམས་དཔའ་ཆེན་པོ་བསོད་ནམས་གྲགས་པས་གསན། དེ་ལ་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་གསན། དེ་ལ་རྗེ་བཙུན་རེད་མདའ་བ་ཆེན་པོས་གསན། དེ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་གསན་ནོ། །རྒྱལ་སྲས་ཞི་བ་ལྷ་ནས་དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་བའི་བར་གྱི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་སྔར་བརྗོད་ཟིན་ལ། ལྷ་སྤྱིལ་བུ་བ་འོད་ཟེར་བླ་མ་དང༌། ལྷ་སྡིངས་པ་དང༌། ལྷ་སྡིངས་དབོན་དང༌། བཤེས་གཉེན་ཡོན་ཏན་དཔལ་བཞི་པོ་འདིའི་མཛད་པ་རྣམ་ཐར་ཞིབ་མོར་འཁོད་པ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ།། །།

                                                                                                                          རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།