རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 22:02:44     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 230054914357945391.jpg

                    དེ་ནས་བདེ་འབྱོར་བླ་མས་གསོལ་བ་བཏབ་ནས་ཉུང་བསྡུས་ཤིག་ལ་བཅུ་གཅིག་ཞལ་གྱིས་དབང༌། ཕྱག་རྡོར་འཁོར་ཆེན་གྱི་དབང༌། རྣམ་སྲས་བཀའ་མི་འདྲ་བ་བཅོ་ལྔའི་རྗེས་གནང་བཅས་སྩལ། དེ་ནས་འཇམ་དབྱངས་བཞད་པའི་སྤྲུལ་པའི་སྐུས་གསོལ་བ་བཏབ་ནས་འབྲས་སྤུངས་འདུ་ཁང་ཆེན་མོར་དགེ་འདུན་ལྔ་སྟོང་སྐོར་ལ་བདེ་ལམ་གྱི་ཁྲིད་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལྟར་ཞག་ཉི་ཤུའི་བར་རྒྱས་པར་སྩལ། དེ་ནས་ཆོས་གསན་པ་སྔ་མ་རྣམས་ཀྱི་ཐོག་ནས་བླ་མེད་ཀྱི་དབང་ཆེན་ཐོབ་པ་སྟོང་དང་ལྔ་བརྒྱ་སྐོར་ལ་འགྲེལ་པ་བཞི་སྦྲགས་ཀྱི་གཟབ་བཤད་རྒྱས་པར་སྩལ། དེ་ནས་མེ་བྱི་ལོ་ཆོས་འཁོར་རྒྱལ་དུ་ཕེབས་བཞེད་ནས་ལམ་ཞོར་སེ་རར་ཕེབས་ཏེ་མཁན་པོ་དཔལ་འབྱོར་གྲགས་པས་གསོལ་བ་བཏབ་ནས་དགེ་འདུན་སྟོང་དང་སུམ་བརྒྱ་སྐོར་ལ་འཇམ་དབྱངས་ཆོས་སྐོར་ནས་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་སོགས་གནང༌། རྗེ་ངག་དབང་བྱམས་པས་གསོལ་བ་བཏབ་ནས་གནས་བཅུའི་རྗེས་གནང་སྩལ། དེ་ནས་རིམ་གྱིས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་གསེར་ཁྲིའི་སྟེང་ནས་སེར་སྐྱ་བགྲང་བ་ལས་འདས་པ་ལ་ཕྱག་དབང་དང་ཆོས་ཀྱི་བདུད་རྩི་སྩལ། བླ ་མ་སངས་རྒྱས་ཆོས་འཕེལ་གྱིས་གསོལ་བ་བཏབ་ནས་དགེ་འདུན་སྟོང་བརྒལ་བར་སྙིང་པོ་དོན་གསུམ་གྱི་ཁྲིད་རྒྱས་པར་སྩལ། དེ་ནས་རྒྱལ་དུ་ཆིབས་ཁ་བསྐྱོད་དེ་མངའ་དྭགས་རྒྱལ་གསུམ་གྱི་དགེ་འདུན་འདུས་པ་ལ་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད་རྒྱས་པར་སྩལ་ཞིང༌། དཔལ་ལྡན་ལྷ་མོ་ལ་རྒྱལ་བསྟན་གཉེར་དུ་གཏད་པའི་འཕྲིན་འཆོལ་རྒྱས་པར་མཛད།

                    རྗེ་འདིས་རྒྱལ་དུ་ལན་གསུམ་ཆིབས་བསྐྱོད་གནང་བར་ཕེབས་རེས་ཀྱིས་དྭགས་པོ་དང་འོལ་ཁའི་རྗེའི་སྒྲུབ་གནས་རྣམས་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་ཅིང༌། ལྷག་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྒྲུབ་གནས་ཁྱད་པར་ཅན་དྭགས་པོ་ལྷ་སྡིངས་སུ་ཕེབས་ཏེ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་ཅིང་རྗེ་བདག་ཉིད་ཆེན་པོའི་མཛད་པ་རྣམ་ཐར་དྲན་པའི་ཐུགས་དད་དང་ངེས་འབྱུང་སྐྱོ་ཤས་ཤུགས་དྲག་འཁྲུངས་ཏེ་གདུང་ཤུགས་ཀྱིས་གསོལ་བ་འདེབས་པའི་མགུར་དབྱངས་མང་དུ་མཛད་ཅིང༌། ལྷག་པར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་ལས་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་བཅུད་བསྡུས་པ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་འདོད་དགུར་ལོངས་སྤྱད་དུ་ཡོད་པ་འདི་འདྲ་བའི་བཀའ་དྲིན་འཁོར་ཐབས་མེད་དོ་སྙམ་དུ་རྗེ་བླ་མའི་བཀའ་དྲིན་དྲན་པའི་དད་གུས་ཤུགས་དྲག་པོ་འཁྲུངས་ཏེ་རྗེ་རིན་པོ་ཆེས་གཙོས་བརྒྱུད་པ་གསུམ་ལྡན་གྱི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་གདུང་དབྱངས་འདི་ལྟར་མཛད་དེ། ན་མོ་གུ་རུ། བདེ་ཆེན་སྐུ་གསུམ་དབང་ཕྱུག་ཁྱབ་བདག་སྟོན་པ་རྡོ་རྗེ་འཆང༌། །དེ་ཡིས་བྱིན་རླབས་གྲུབ་མཆོག་མདའ་བསྣུན་ལཱུ་ཧི་པ། །རྗེ་བཙུན་དྲིལ་བུ་པ་དང་ཌ་བྷི་ནཱ་རོ་སོགས། །ཉམས་ལེན་བྱི ན་རླབས་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །མི་མཇེད་ཞིང་གི་མགོན་པོ་རྣམ་འདྲེན་ཟས་གཙང་སྲས། །དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་མི་ཕམ་ཆོས་ཀྱི་རྗེ། །རྒྱལ་སྲས་ཐོགས་མེད་སྐུ་མཆེད་གྲོལ་སྡེ་ཞི་འཚོ་སོགས། །རྒྱ་ཆེན་སྤྱོད་པའི་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་མགོན་པོ་འཇམ་པའི་དབྱངས། །འཕགས་མཆོག་ཀླུ་སྒྲུབ་ཞབས་དང་དེ་སྲས་འཕགས་པ་ལྷ། །གྲུབ་བརྙེས་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་སོགས། །ཟབ་མོ་ལྟ་བའི་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །ལྔ་བརྒྱའི་གཙུག་གི་ནོར་བུ་མགོན་པོ་ཨ་ཏི་ཤ། །རྒྱལ་བ་རྒྱ་མཚོས་བྱིན་རླབས་འབྲོམ་སྟོན་སྤྱན་རས་གཟིགས། །དེ་ཡི་རྒྱུད་འཛིན་རིགས་གསུམ་སྤྲུལ་པ་མཆེད་ལ་སོགས། །བཀའ་གདམས་བརྒྱུད་པའི་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །འཇམ་དབྱངས་མི་ཡི་གར་མཛད་ཀུན་མཁྱེན་བློ་བཟང་གྲགས། །སྤངས་རྟོ གས་ཡོན་ཏན་རྫོགས་པའི་དག་པའི་འཁོར་སློབ་དང༌། །འཕྲིན་ལས་མཁའ་དང་མཉམ་པའི་འགྲོ་མགོན་བཀའ་དྲིན་ཅན། །བྱིན་རླབས་བརྒྱུད་འཛིན་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །སྤྲོས་བྲལ་བདེ་ཆེན་རང་བཞིན་བླ་མ་ཆོས་ཀྱི་སྐུ། །ལྷུན་གྲུབ་ཡན་ལག་བདུན་ལྡན་བླ་མ་ལོངས་སྤྱོད་རྫོགས། །གང་འདུལ་ཅིར་ཡང་འཆར་བའི་བླ་མ་སྤྲུལ་པའི་སྐུ། །དྲིན་ཅན་རྩ་བའི་བླ་མས་བདག་ཅག་སྐྱོབ་ཏུ་གསོལ། །ཚེ་འདིའི་ལོ་འདོད་ཁོ་ནས་ཉིན་མཚན་བྲེལ་ན་ཡང༌། །འཇིག་རྟེ ན་ཕྱི་མར་འགྲོ་ཚེ་སྒྲེན་མོ་ལག་སྟོང་འཁྱམས། །དེ་རིང་ཙམ་ཡང་སྡོད་པའི་གདེང་ཚད་མ་མཆིས་པས། །མགོན་མེད་ཉམས་ཐག་བདག་ཅག་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཕན་པས་ཕར་ལ་བསྐྱངས་བཞིན་ཚུར་ལ་འཁང་བའི་གྲོགས། །རང་འདོད་ཐབས་དགུས་བསགས་ཀྱང་གཞན་གྱིས་ཟ་བའི་ནོར། །རང་བདེའི་ཆེད་དུ་བསྒྲུབས་ཀྱང་ཕྱི་ཕྱིར་སྡུག་བསྔལ་བསྐྱེད། །འདོད་པ་མེ་འོབས་འདི་ལས་བདག་ཅག་སྐྱོབ་ཏུ་གསོལ། །ལས་ཉོན་འཆིང་བས་བཅིང་པའི་བཙོན་རའི་གནས་ན་མནར། སྐྱེ་རྒ་ན་འཆིའི་གཅོང་གིས་སོས་དུས་མེད་པར་ཟིན། །ཟག་བཅས་གདོས་སུ་ཆེ་བའི་ཕུང་པོའི་ཁུར་གྱིས་མནན། །འཁོར་བ་སྡུག་བསྔལ་གནས་ནས་བདག་ཅག་དྲང་དུ་གསོལ། །ཕན་བྱེད་ཐབས་ཀྱིས་མཆོད་ན་སྐྱབས་གནས་དཀོན་མཆོག་བཞིན། །འདོད་དགུ་ཐམས་ཅད་སྩོལ་བའི་དྲིན་ཅན་ཕ་དང་མར། །དགྲར་བཟུང་ཡལ་བར་འདོར་བའི་བསམ་བརླག་བདག་ཅག་ལ། །སྙིང་རྗེ་ལྷག་བསམ་བཟང་པོའི་དྲན་པ་སྩལ་དུ་གསོལ། །བརྟགས་ན་གཞི་རྩ་བྲལ་བའི་ཆོས་ཀྱི་གནས་ལུགས་འདི། །མ་རྟོགས་རང་སེམས་འཁྲུལ་པས་རང་ཉིད་དམ་དུ་བཅིངས། །གཏི་མུག་མུན་པར་འཁྱམས་པའི་དམུས་ལོང་བདག་ཅག་ལ། །ཆོས་ཉིད་རྗེན་པར་མཐོང་བའི་སྣང་བ་སྩལ་དུ་གསོལ། །རྣམ་དག་ཚུལ་ཁྲིམས་མཆོག་གིས་ཕྱི་དང་ནང་དུ་གཙང༌། །བདེ་གསལ་ཏིང་འཛིན་རོལ་པས་ཉིན་དང་མཚན་དུ་བདེ། །ཤེས་རབ་སྣང་བ་འབར་བས་འཕྲལ་དང་ཡུན་དུ་གསལ། །བསླབ་གསུམ་བསྟན་པ་དར་བའི་དགེ་མཚན་སྩལ་དུ་གསོལ། །མཐུ་ལྡན་མཁའ་འགྲོ་སྲུང་མས་བགེགས་དང་བར་གཅོད་བསྲུང༌། །ཆོས་དང་ཕུན་ཚོགས་རྒྱས་པས་མཐའ་དང་དབུས་སུ་བདེ། །བཀྲ་ཤིས་དཔལ་གྱི་འབྱོར་པས་སྣོད་དང་བཅུད་དུ་ཁྱབ། །རང་གཞན་དོན་ཀུན་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སོ། །

                    དེ་ནས་ཕོ་བྲང་དུ་ཕེབས་ཏེ་མཐའ་དབུས་རིས་སུ་མ་ཆད་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བསྐྱེད་རྒྱ་ཆེན་པོས་སྒོ་གསུམ་གྱི་སྤྱོད་པ་ཅི་མཛད་ཐམས་ཅད་རྒྱལ་བསྟན་སྤེ ལ་བའི་ཐབས་ཁོ་ནར་མཛད་ཅིང༌། བར་སྐབས་ཤིག་ཤེས་བྱའི་གནས་མཐའ་དག་ལ་ཐུགས་ཀྱི་མཁྱེན་པ་ཆེས་ཆེར་འཕྲོ་བས་ཐོལ་བྱུང་གི་མགུར་དབྱངས་འདི་བཞིན་མཛད་དེ། ཨོཾ་སྭསྟི། རྒྱུན་བཟང་ཆུ་བོ་རྣམ་བཞི་གཡས་སྐོར་དུ་འབབ་ཅིང༌། །དགོས་འདོད་ཡིད་བཞིན་འཁྱིལ་བའི་མ་དྲོས་ཀྱི་རྒྱ་མཚོ། །དེ་ན་བཞུགས་པ་གདེངས་ཀ་བདུན་ལྡན་གྱི་ཀླུ་དབང༌། །ས་འདིར་བཀྲ་ཤིས་སྤེ ལ་བའི་བྱེད་པོ་རང་ལོས་ཡིན། །མི་རིགས་རྣམ་བཞི་རྒྱུ་བའི་གྲོང་ཁྱེར་གྱི་ལྟེ་བ། ཁྱོན་ཡངས་ས་གཞིར་འཕགས་པའི་བྱ་རྒོད་ཀྱི་ཕུང་པོ། །དེ་ན་བཞུགས་པ་མཉམ་མེད་ཟས་གཙང་གི་སྲས་མཆོག །མཁའ་མཉམ་ཡིད་ཅན་ཀུན་གྱི་མགོན་སྐྱབས་རང་ལོས་ཡིན། །འཕྲིན་ལས་རྣམ་བཞི་སྒྲུབ་བྱེ ད་འོད་ཟེར་གྱི་དྲ་བ། །རླུང་སེམས་རིགས་ལྔར་འཕྲོ་བའི་མི་སྐྱོད་ཀྱི་ཞིང་ཁམས། །དེ་ན་བཞུགས་པ་སྐྱབས་མཆོག་ངེས་དོན་གྱི་བླ་མ། །བདག་ཅག་སྐལ་ལྡན་གདུལ་བྱའི་གདུང་སེལ་རང་ལོས་ཡིན། །འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་གྱི་རྟེན་བཟང༌། །ལེགས་བཤད་བདུད་རྩིས་བསྐྱངས་པའི་སློབ་བུ་ངའི་མདུན་མ། །བཟང་ངན་ཇི་ལྟར་གྱུར་ཀྱང་བླ་མ་རང་མཁྱེན་པས། །རེ་སས་བསླུ་བར་མ་མཛད་མཐུ་ལྡན་གྱི་མགོན་པོ། །དྲིན་ཅན་བླ་མ་མཆོག་གི་གསང་གསུམ་གྱི་རོལ་མོ། །ཡིད་དམ་དཔའ་བོ་མཁའ་འགྲོའི་ངོ་བོ་རུ་བསྒོམས་ཏེ། །སྙིང་དབུས་འབྲལ་གླགས་མེད་པའི་གསོལ་འདེབས་འདི་གསན་ནས། །མཆོག་ཐུན་དངོས་གྲུབ་ཡོངས་ཀྱི་དགའ་སྟོན་འདིར་སྩོལ་མཛོད། །ཅེས་སོ། །

                    དེ་ནས་ཕྱོགས་མཐའ་དག་ནས་འདུས་པའི་དད་ལྡན་རྣམས་ལ་རང་རང་གི་དབང་པོ་དང་འཚམས་པའི་ཆོས་ཀྱི་བདུད་རྩི་རིམ་པར་སྩལ་ཞིང༌། ལྷག་པར་དགུང་ལོ་ཉེར་བརྒྱད་པའི་དུས་ནས་དགུང་ལོ་ཞེ་དགུའི་བར་ལ་ནུབ་ཕྱོགས་ཁ་ཆེའི་ཡུལ་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་གྱི་དད་ལྡན་རྒྱལ་བའི་བསྟན་པ་ལ་ཞུགས་ནས་འདུས་ཁྲིམས་བསྲུང་བར་འདོད་པ་བགྲང་བ་ལས་འདས་པ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བརྒྱུད་མར་སྩལ། མདོར་ན་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོ་འདི་ནི་རང་ཅག་བོད་ཀྱི་ལྷ་གཅིག་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཉིད་ཡིན་པ་ཀུན་ལ་གྲགས་པ་ལྟར་ཡིན་ཞིང༌། ཐ་མལ་པའི་སྣང་ཚུལ་དང་བསྟུན་པའི་མཛད་པ་རྣམ་ཐར་ཡང་ཁྱད་པར་དུ་འཕགས་པ་ཞིག་སྟེ། སྐུ་འཁྲུངས་ཙམ་ཉིད་ནས་ཐུགས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་ཅི་མཛད་ཐམས་ཅད་བསྟན་འགྲོར་སྨན་པའི་ཐབས་འབའ་ཞིག་ཏུ་སྦྱོར་བར་མཛད་པ། འཛམ་གླིང་ཡངས་པའི་ཁྱོན་ལ་དབང་བསྒྱུར་ཞིང་ཆེ་དགུ་ཀུན་གྱིས་མཆོད་ཀྱང་ཁེངས་པའི་དྲི་ཙམ་ཡང་མེད་པར་གདུལ་བྱ་དམན་པ་ལ་ཐུགས་བརྩེ་བ། ཐུགས་རྒྱུད་ལ་སྤངས་རྟོགས་མ་ལུས་མཐར་ཕྱིན་ཀྱང་ཕྱི་མའི་སྐྱེ་བོ་རྣམས་ལ་ཚུལ་འདི་ལྟར་གྱིས་ཤིག་ཅེས་བསླབ་པའི་ཕྱིར་ཡོངས་འཛིན་མཁས་པ་མང་པོ་བསྟེན་ཏེ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་གསན་སྦྱོངས་མཐར་ཕྱིན་པར་མཛད་པས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པ། སའི་སྟེང་གི་མཁོ་དགུའི་ཡོ་བྱད་ཐམས་ཅད་དྲུང་དུ་འདུས་ཤིང་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང་ཡོད་པ་རྒྱུ་མཚན་དུ་བྱས་ནས་གཟབས་འཕྱོར་དང་ཕྱར་གཡེང་གི་རྣམ་པ་སྐད་ཅིག་ཀྱང་མི་མཛད་པས་ལོ་རེར་ན་བཟའ་གསར་པ་ཚར་རེ་ལས་བརྗེ་བར་མི་མཛད་ཅིང་ཆོས་གོས་རྣམ་པ་གསུམ་པོ་ཚད་དང་དབྱིབས་དང་བཞེས་ཚུལ་སོགས་འདུལ་བ་ནས་ཇི་ལྟར་གསུངས་པ་ལས་དམན་ལྷག་ཏུ་མ་སོང་བར་མཛད་པ་སོགས་དྲན་ཤེས་བག་ཡོད་བརྟན་པོས་ཅི་མཛད་འདུལ་བ་དང་བསྟུན་ནས་མཛད་པས་སོ་ཐར་གྱི་ཚུལ་ཁྲིམས་གཙང་བ། བདག་པས་གཞན་གཅེས་ཀྱི་ཐུགས་བསྐྱེད་བཟང་པོས་ཅི་མཛད་སེམས་ཅན་གྱི་དོན་འབའ་ཞིག་ཏུ་མཛད་པས་བྱང་སེམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ། གསང་སྔགས་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་དག་རྒྱུད་ལྡན་བླ་མ་དམ་པ་ལས་གསན་ཞིང་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཕུལ་ཕྱིན་བརྙེས་ཤིང་རྡོ་རྗེ་ཐེག་པའི་དམ་ཚིག་ལས་ནམ་ཡང་མི་འདའ་ཞིང་བཅས་པ་ཆེ་ཕྲ་མཐའ་དག་ཕྱག་ལེན་ལ་ཐེབས་པར་མཛད་པས་རྒྱལ་བས་བསྔགས་པའི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། མདོར་ན་སྡོམ་གསུམ་གྱི་བཅས་མཚམས་ལག་ལེན་ལ་ཁེལ་བ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རང་ལུགས་ལ་བསྲེ་བསླད་ཕྲ་མོ་ཙམ་ཡང་མེད་པར་སྐྱོང་བས་རྣམ་ཐར་གཙང་བ་འཆད་རྩོད་རྩོམ་གསུམ་གང་གི་ཐད་ལའང་ཟླ་དང་བྲལ་བ་སྟེ། མདོར་ན། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར།

                    རྗེ་འདིས་རྒྱལ་བའི་བསྟན་པ་གསལ་བར་བྱ་བའི་ཕྱིར་མདོ་སྔགས་ཀྱི་བསྟན་བཅོས་ཚིག་དོན་ཕུན་སུམ་ཚོགས་པ་མང་དུ་མཛད་པ་ནི་འདི་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་འཕགས་ལུགས་ཞེས་ཡོངས་སུ་གྲགས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བའི་ཆོ་ག་དེ་ཉིད་རབ་གསལ་གྱི་རྣམ་པར་བཤད་པ་དབང་དོན་དེ་ཉིད་ཡང་གསལ་སྣང་བ་རྡོ་རྗེ་སེམས་དཔའི་ཞལ་ལུང་ཞེས་བྱ་བ་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག །འཇིགས་བྱེད་དབང་གི་རྒྱུད་འདེབས། དེའི་བསྐྱེད་རྫོགས་དམར་ཁྲིད་རྒྱུད་འདེབས། དེའི་དབང་བཤད་ཆེན་མོ། དེའི་བསྐྱེད་རིམ་གྱི་ཁྲིད། དེའི་ཚོགས་མཆོད། དེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། འཇིགས་བྱེད་དཔལ་བོ་གཅིག་པའི་དཀྱིལ་ཆོག །བདེ་མཆོག་ལཱུ་ཧི་པ་དང༌། མི་ཏྲ་ནས་བརྒྱུད་པའི་དབང་གི་རྒྱུད་འདེབས། དྲིལ་བུ་ལྷ་ལྔའི་དབང་གི་རྒྱུད་འདེབས། དེའི་སྒྲུབ་ཐབས། ལཱུ་ཧི་པའི་ཚོགས་མཆོད། བླ་མའི་རྣལ་འབྱོར་གྱི་རིམ་པ་མང་པོ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་ཆར་འབེབས་སོགས་སངས་རྒྱས་བྱང་སེམས་རྣམས་ལ་བསྟོད་ཅིང་གསོལ་བ་འདེབས་པ་དང༌། རྗེ་རང་ཉིད་ཀྱིས་བརྟན་བཞུགས་སོགས་བླ་མ་དམ་པ་མང་པོའི་གསོལ་འདེབས་བརྟན་བཞུགས་དུ་མ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྒྱུད་འདེབས། དེའི་མཆོག་དབང་གོང་མ་རྣམས་བསྐུར་ཚུལ། དེའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས། དེའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས་དེའི་ཚོགས་མཆོད། བློ་སྦྱོང་དང་འབྲེལ་བའི་ཞལ་གདམས་ཀྱི་རིམ་པ་མང་པོ། ཁྲི་ཆེན་སྤྲུལ་སྐུའི་རྣམ་ཐར། རྡོར་སེམས་ལྷ་བཅུ་བདུན་མའི་དབང་རྒྱུད་འདེབས། དེའི་སྒྲུབ་ཐབས། དེའི་དཀྱིལ་ཆོག །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས། རྒྱུད་སྡེ་ནས་གསུངས་པའི་ལྷ་ཚོགས་དུ་མའི་སྒྲུབ་ཐབས། སྤྱན་རས་གཟིགས་ཁ་སརྤ་ཎིའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ། གསང་བདག་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་རྒྱུད། དེའི་སྒྲུབ་ཐབས། དེའི་དཀྱིལ་ཆོག་དམ་ཅན་ཆོས་སྲུང་དུ་མ་ལ་མཆོད་གཏོར་འབུལ་བ་དང༌། བསྐང་བཤགས་བསྟོད་བསྐུལ་མང་པོ། འཁོར་ཆེན་གྱི་སྦྱིན་སྲེག །བཅུ་གཅིག་ཞལ་གྱི་དབང་གི་རྒྱུད་འདེབས། དེའི་དབང་ཆོག །སྨྱུང་གནས་ཀྱི་ཆོ་ག །སྒོ་དྲུག་གི་གཟུངས་ཀྱི་རྣམ་བཤད། བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ། འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ། ཚོགས་དབུས་སུ་དགེ་ཚོགས་བྱང་ཆེན་དུ་བསྔོ ་བའི་གཏམ། འཁོར་ཆེན་སྨོན་ལམ་ཤིས་བརྗོད། ཆབ་ཤོག་གི་རིམ་པ། དྭགས་པོ་དགེ་བཤེས་ཀྱི་འཇིགས་བྱེད་དབང་ཆོག་ལ་དག་མཆན་གནང་བ། བསངས་མཆོད་ཀྱི་རིམ་པ། དྲུག་ཅུ་པའི་རྣམ་བཞག །མགོན་པོ་སྙིང་ཞུགས་ཀྱི་རྒྱུན་ཁྱེར། སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ། འདོད་གསོལ། དཀར་ཆག་སོགས། ཆོས་སྡེ་ཆེ་ཆུང་གི་བཅའ་ཡིག སྤྲིངས་ཡིག འཕྲིན་བཅོལ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་སོགས་ལེགས་པར་བཤད་པའི་རྩོམ་པ་མཐའ་ཡས་མཛད་དོ། །

                                                                                                                         རྩོམ་སྒྲིག་པ། མང་ར་བ། 

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།