རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 21:49:30     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

387969592465124430.jpg 

                    དེ་ནས་ལྷ་བཙུན་ཐོ་ཡོན་དར་རྒྱས་ཀྱིས་གསོལ་བ་བཏབ་ནས་དགེ་འདུན་སྟོང་དང་ལྔ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ། དེ་ནས་རྟ་ཚག་རྗེ་དྲུང་གིས་གསོལ་བ་བཏབ་ནས་རྗེ་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་དང༌། ས་སྐྱའི་གསེར་ཆོས་བཅུ་གསུམ་སོགས་ཆོས་བཀའ་མང་དུ་སྩལ། དེ་ནས་ཆུ་བཟང་སྤྲུལ་པའི་སྐུས་གསོལ་བ་བཏབ་ནས་དད་ལྡན་སུམ་བརྒྱ་སྐོར་ལ་ཚེ་དཔག་མེད་ལྷ་དགུའི་དབང་སྟ་གོན་དང་བཅས་པ་སྩལ་ཞིང་ཉུང་བསྡུས་ཤིག་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཡང་སྩལ། དེ་ནས་ཇུན་སྒར་བའི་དགེ་སྒྲུབ་པ་མི་སྣ་ཕོན་ཆེ་འབྱོར་པའི་ཚེ་ཇུན་སྒར་གྱི་མཁན་པོ་ཁྲི་ཐོག་པ་དགེ་འདུན་གྲགས་པས་ཞལ་གདམས་ཤིག་དགོས་ཞེས་ནན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་རྗེ་རིན་པོ་ཆེའི་བསྟན་པའི་སྙིང་པོ་ལ་ཉམས་ལེན་བྱེད་ཚུལ་གྱི་གནས་ཀྱི་ཞལ་གདམས་དང༌། དད་ལྡན་ཁྱིམ་པ་དག་ལ་ཕན་གདགས་ཚུལ་སོགས་གནད་དོན་ཚང་བའི་ཞལ་གདམས་འདི་ལྟར་གནང་སྟེ། བསྟན་པ་དང་མཇལ་བའི་མི་ལུས་རྣམ་པར་དག་པ་ནི་ཐོབ། གཞུང་ལུགས་ཆེན་མོ་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བླང་དོར་བྱ་བའི་གནད་ཀྱང་ལེགས་པར་མཁྱེན་པ་ཡིན་པས་ན། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེ ད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པ་ལྟར། སྔར་ཐོས་པའི་དོན་རྣམས་རང་གི་རྒྱུད་སྟེང་དུ་བསྐོར་ནས་ཉམས་སུ་བླངས་ཏེ་སེམས་ཁོ་ན་འདུལ་བའི་ཐབས་སུ་འགྲོ་བ་ཞིག་མཛད་དགོས་ལ། དེ་ཡང༌།མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་གསུངས་པ་ལྟར། རབ་ཚེ་འདིའི་གཉེན་བཤེས་འཁོར་སློབ་སྦྱིན་བདག་སོགས་ཀྱི་འགྲོགས་འདྲིས་ཐམས་ཅད་སྤངས་ནས་དབེན་པའི་རི་སུལ་དུ་ལུས་ལ་དྲང་སྲོང་གི་རྒྱལ་མཚན་འཆང༌། ངག་བླ་མ་ལྷའི་གསོལ་འདེབས་དང་གསང་སྔགས་ཟབ་མོའི་བཟླས་བརྗོད་ལྷང་ལྷང་བ། དཀོར་ཟས་དང་གྲིབ་ཀྱིས་མ་སྦགས་པས་རིག་པ་དྭངས་སིང་ངེ༌། སེམས་ཚེ་འདིའི་རེ་དོགས་གང་གིས་ཀྱང་མ་བཅིངས་པས་གུ་ཡངས། སྒོ་གསུམ་སྡིག་ལྟུང་དང་མ་འདྲེས་པས་བློ་བདེ། སེམས་ཆོས་དང་འདྲེས་པའི་ཉམས་ལེན་རྡོ་རུས་ཐུག་པས་ཉམས་དགའ་ཡལ་ལེ་བ་བྱུང་ན། མདུན་མ་ལ་དེ་ལས་ལེགས་པ་གཞན་ཅི་ཞིག་ཡོད། མི་ལུས་ཐོབ་པའི་གོ་བཅད་པ་ཡིན་མོད།

                    དེ་ལྟ་ནའང་རང་རེ་འཆད་སྤེལ་གྱི་བྱ་བ་རྒྱ་ཆེན་པོ་ལ་ཞུགས་པའི་གཞན་དབང་ཅན་ལ་དེ་ལྟ་བུའི་འཁྲི་བ་རྦད་ཆོད་ཅིག་འབྱུང་བར་དཀའ་ནའང༌། འཕྲལ་གྱི་འདོད་ཡོན་ཟར་ཟིར་ཐམས་ཅད་ལ་བདག་དེ་རིང་རང་ཡང་མི་འཆི་བའི་ཆ་མེད་པ་ལ་འདི་དག་བྱུང་བས་ཅི་རང་བྱེད་སྙམ་དུ་ཞེ་ནས་ཆགས་ཞེན་གྱི་འཆིང་བ་ལྷོད་གང་ཐུབ་དང༌། སྔར་རང་དོན་ལ་དེ་ཙམ་འབད་དུང་བྱས་ཀྱང་ཕན་གང་ཡང་མ་ཐོགས། གཞན་དོན་སྙིང་དུ་བཅངས་ན་ད་གཟོད་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་ཡིན་པ་ལ་སྔོན་ཆད་དཀའ་ལ་དོན་མེད་པའི་བྱ་བས་འདས། ད་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་ཁོ་ན་ལ་ཕན་ཐོགས་པ་ཞིག་བྱེད་སྙམ་པའི་བསམ་པ་བཟང་པོ་དང་དེ་ལྟར་ཤོག་ཅིག་སྙམ་པའི་སྨོན་ལམ་དུས་རྟག་པར་ཡང་ནས་ཡང་དུ་གསལ་བཏབ། དགེ་སྦྱོར་ཐམས་ཅད་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་ཀྱང་ཟིན་པར་བྱས་ནས་གཙོ་བོར་གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཟབ་མོ་དང་འབྲེལ་བར་རྟག་པར་ལྷའི་ང་རྒྱལ་དུ་རེ་བ་དང༌། བཟླས་བསྙེན་སོགས་ལ་འབད་པར་མཛད་ན་དེ་བས་ལྷག་པ་གཞན་དུ་ཅི་ཞིག་ཡོད་པས་ཡུལ་ཕྱོགས་གང་དུ་གནས་དང་དབེན་མི་དབེན་ལ་མ་བལྟོས་པར་སེམས་ཀྱི་དགེ་སྦྱོར་འདི་ཁོ་ན་གཙོ་བོ་ཡིན་མོད། ལྷག་པར་བསྟན་པ་རྫོགས་ལྡན་གྱི་དུས་ལ་བསླབ་གཞི་ཡོངས་སུ་རྫོགས་པ་བསྲུངས་བ་ལས། དེང་སང་བསླབ་པའི་སྣ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པ་བཞིན་དུ་བླ་མ་དགེ་བའི་བཤེས་གཉེན་དང༌། གྲྭ་ས་ཆེན་པོ་མང་དུ་བཞུགས་པའི་གནས་ལས་ཕྱོགས་མཐར་བསྟན་པའི་ཁུར་བསྣམས་ན་ཕན་ཡོན་ལྷག་པར་ཆེ་བས་ཕྱོགས་དེར་གཏན་ཆགས་པར་བཞུགས་པའི་འདུན་པར་འཆད་སྤེལ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ལ་མ་ཞུམ་པའི་སྙིང་སྟོབས་བསྐྱེད་པར་མཛོད།

                    ཕྱོགས་དེའི་སྐྱེ་བོ་ཕལ་མོ་ཆེ་སྣོད་རུང་གི་གཙོ་བོ་ཆོས་ལ་དད་པ་ཤིན་ཏུ་ཆེ་ཞིང་བརྟན་པ་དང་ལྡན་པ་ཡིན་འདུག་གཤིས། རབ་ཏུ་བྱུང་བ་རྣམས་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་བཅས་པ་ཕྲ་མོ་ཚུན་ཆོད་ཀྱང་ལག་ལེན་ལ་འདེབས་གང་ཐུབ་དང༌། བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ལ་དེང་སང་གཏམ་ཙམ་ཞིག་ལས་ལག་ལེན་བྱེད་མི་སྲིད་མཐའ་རུ་འདུག་པས་ན། སྡོམ་པ་དེ་གཉིས་ལའང་བསླབ་ཚུལ་སོགས་རང་རང་གི་སྣོད་རུང་རྣམས་ལ་ལེགས་པར་འཁྲིས་ནས་བླང་དོར་བྱེད་ཐུབ་པ་ཞིག་དང༌། སྡོམ་པ་ལས་འགལ་བའི་ཉེས་ལྟུང་བྱུང་བའང་ཉིན་མོ་བྱུང་བ་རྣམས་ནུབ་མོ་དང༌། ནུབ་མོ་བྱུང་བ་རྣམས་ནངས་པར་དཀོན་མཆོག་གི་རྟེན་ལ་སོགས་པའི་དྲུང་དུ་སྤྱི་བཤགས་དང་ཕྱིར་བཅོས་ལྟུང་བཤགས་ལ་སོགས་པའི་སྒོ་ནས་བཤགས་པ་བྱེད་དགོས་པའི་བསླབ་བྱ་ནན་ཏན་མཛད་ནས་ལག་ལེན་ལ་ཐེབས་པ་ཞིག་བྱུང་ན་རྒྱུད་དག་པ་དང་ངོ་ཚ་ཁྲེལ་ཡོད་སྐྱེ་བ་སོགས་ཀྱི་དགོས་པ་ལྷག་པར་ཆེ་བ་ཡིན། གཞན་ཡང་མདོ་སྔགས་ཀྱི་གཞུང་ལུགས་ཆེན་མོ་རྣམས་ལ་བསླབ་སྦྱངས་བྱེད་དུ་བཅུག་ནས་དེའི་དོན་རྣམས་ལག་ལེན་ལ་ཐེབས་པའི་ཕྱིར་བྱང་ཆུབ་ལམ་གྱི་རིམ་པ་ལ་སོགས་པའི་འཁྲིད་ཚུལ་བསྟན་ནས་ཐོས་པ་ཁ་ཕྱིར་བལྟས་ཀྱི་སྒྲ་སྤྱི་ཙམ་ལ་མ་སོང་བར་རྒྱུད་ལ་ཕན་ཐོགས་པའི་ཐབས་སུ་འགྱུར་ངེས་པ་ཞིག་མཛོད། ཁྱིམ་པའི་རིགས་ཀྱང་དུས་བཟང་ལ་བསྙེན་གནས་སྨྱུང་གནས་སོགས་ཀྱི་བསླབ་པ་ལ་འགོད་པ་དང༌། རྒྱུན་དུ་དཀོན་མཆོག་རྟེན་ལ་མཆོད་པ། ཕྱག་སྐོར། དམིགས་བརྩེ་མ་དང་རིགས་གསུམ་མགོན་པོ། སྒྲོལ་མའི་གཟུངས་ལ་སོགས་པའི་ངག་བཟླས་ལ་བརྩོན་པ། འདུལ་ལུང་གི་གླེང་གཞི་དང༌། མཛངས་བླུན་སོགས་ལས་འབྲས་ཀྱི་བྱུང་བ་རྣམས་བཤད་ནས། གཙོ་བོར་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དཀོན་མཆོག་དང་ལས་འབྲས་ལ་དད་པའི་དད་པ་བརྟན་པོ་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་ལ་འགོད་པ་སོགས་བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་བཟང་པོ་དོན་དང་ལྡན་པ་ལ་ནན་ཏན་གྱིས་འབད་འཚལ། ཞེས་དང༌།

                    ཚིགས་སུ་བཅད་པའི་ཞལ་གདམས་ནི། སྐྱབས་དུས་གསུམ་རྒྱལ་བ་མ་ལུས་པ། །དེར་ཐ་མལ་རྡོ་རྗེ་འཛིན་པའི་གཟུགས། །དོན་སྐུ་བཞིའི་མངའ་བདག་བླ་མ་རྗེ། །ཡིད་གསོལ་བ་འདེབས་སོ་བྱིན་གྱིས་རློབས། ཁྱོད་སྔོན་བསགས་ལེགས་བྱས་རྒྱ་མཚོ་ལས། །རྟེན་དལ་འབྱོར་ནོར་བུ་ལག་རྩེར་སོན། །བཀའ་མདོ་རྒྱུད་གདམས་པའི་བྱི་དོར་གྱིས། །སེམས་རང་འོད་གསལ་བ་ཁོང་ནས་འབྱིན། །རང་རྟོགས་ཟིན་གནས་ལ་ཐ་སྙད་ཀྱི། །ཚིག་སྐམ་པོས་གསལ་འདེབས་མ་དགོས་ཀྱང༌། །ཡིད་དང་བས་བསྐུལ་བའི་འཕྲིན་ལན་དུ། །གཏམ་འདི་སྐད་སྨྲ་ལ་སྙན་གསོན་ཅིག །སྔོན་འཁོར་བར་དེ་ཙམ་འཁྱམས་འཁྱམས་ནས། །གཞན་ཕན་བདེ་ལྟ་ཞོག་རང་ལ་ཡང༌། །རྡུལ་ཕྲ་མོའི་ཆ་ཡི་ཕན་པ་ཙམ། །དེང་སྔོན་ཆད་གྲུབ་པ་ཅང་གདའ་འམ། །ད་ཆོས་ལྡན་མི་ཡི་ལུས་སུ་གྲུབ། །ཟབ་རྒྱ་ཆེའི་གདམས་པ་སྡེ་སྣོད་གསུམ། །ཐོས་བསམ་པས་རྟོགས་པའི་གནས་སྐབས་འདིར། །དོན་རྩེ་གཅིག་སྒྲུབ་ལ་ནན་ཏན་མཛོད། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །ཡིད་གང་བསམ་སྩོལ་བའི་ནོར་བུ་དེ། །སྐྱབས་བླ་མ་མཆོག་གསུམ་ཡིན་པས་ན། །མོས་གུས་ཀྱི་གསོལ་འདེབས་ནན་ཏན་མཛོད། །དུས་དེ་རིང་ཉི་མ་མ་ནུབ་གོང༌། ཁོང་འཆི་བདག་རྒྱལ་པོའི་ཆད་ལས་ཀྱིས། །སྲོག་དབུགས་འདི་མི་གཅོད་གདེང་མེད་པས། ཁྱེད་འཆི་བ་འདི་ལ་བག་གཟོན་མཛོད། །གཉེན་འཁོར་གཡོག་ལོངས་སྤྱོད་ཐམས་ཅད་ཀྱིས། །འཕྲལ་རང་སེམས་བདེ་བའི་གོ་སྐབས་བཅོམ། །སྲེད་ཞེན་གྱིས་འཆི་ཁར་འཆིང་བས་ན། ཁྱེད་འདོད་ཡོན་འདི་ལ་དགྲ་རུ་ལྟོས། །ཟས་གོས་ཀྱི་ཕན་པས་བསྐྱངས་བསྐྱངས་ཀྱང༌། །སྐད་ཅིག་བཞིན་མི་སྡུག་འགྱུར་བ་སྟོན། །རྫས་ངན་གྱིས་གང་བའི་རྐྱལ་པ་བཞིན། ཁྱེད་རང་ལུས་འདི་ལ་ཁུར་དུ་ལྟོས། །སྔོན་དེ་ཙམ་མྱོང་བའི་སྡུག་བསྔལ་ཀུན། །ཟག་བཅས་ཀྱི་ཕུང་པོ་འདི་ལས་བྱུང༌། །ད་སྡུག་ལ་རྒྱན་དུ་མ་ལྟ་བར། ཁྱེད་འཕུང་སྣ་འདི་དང་རྒྱབ་གྱེས་མཛོད། །ལྷ་ཚངས་དབང་སྲིད་རྩེར་ཕྱི ན་ནས་ཀྱང༌། །ལས་ཉོན་གྱིས་རང་རྒྱུད་བཅིངས་བཞིན་དུ། །མནར་མེད་ཀྱི་མེ་ནང་ལྟུང་བས་ན། །གནས་ཁམས་གསུམ་འདི་ལ་སྐྱོ་བར་མཛོད། །རང་ལུས་སེམས་གདུང་བས་མནར་བའི་ཚེ། ཁོང་དེ་འདྲའི་འགྲོ་ལ་སྙིང་རྗེ་བསྐྱེད། །འགྲོ་ཀུན་གྱི་སྡུག་བསྔལ་ཚུར་བླངས་ནས། །གཞན་དགའ་བདེས་ཚིམས་པའི་གཏོང་ལེན་སྦྱོངས། །སྔོན་སེམས་ཅན་རྣམས་ཀྱིས་བདག་གི་ཕྱིར། །སྲོ ག་ཡལ་བར་བོར་བའི་གྲངས་ཙམ་ཡང༌། །དཔལ་མི་ནུས་དྲིན་གྱིས་བསྐྱངས་པས་ན། །ཡོངས་ཕ་མའི་དྲིན་ལན་སེམས་ལ་ཆོངས། །དོན་བླང་དོར་མཐོང་བའི་མིག་དང་བྲལ། །གནས་ངན་སོང་གཡང་ཁར་གོམ་འགྲོས་འཁྱོར། །ལས་ཉོན་མོངས་སྒྲོག་གིས་དམ་དུ་བཅིངས། །མ་ཉམ་ཐག་འགྲོ་ལ་སྙིང་རྗེ་སྒོམས། །གནས་འཁོར་བ་སྟོང་མིན་དེ་སྲིད་དུ། །ལྷུན་གྲུབ་ཀྱི་གཞན་དོན་རྒྱུན་ཆད་མེད། །རང་བདེ་བ་མཐར་ཕྱིན་སངས་རྒྱས་ལ། །དུས་མྱུར་དུ་རེ་བའི་དོན་གཉེར་མཛོད། །འཁོར་འདས་ཀྱི་ཆོས་ཅན་མ་ལུས་པ། །རང་རྟོག་པས་བཅོས་པའི་སྒྱུ་མ་ལ། །དོན་བདེན་པར་བཟུང་ན་བསླུ་བའི་ཕྱི ར། །འཁྲུལ་སྣང་ལ་མ་ཞེན་སྟོང་པར་ལྟོས། །ཉིང་འཁྲུལ་གྱི་རྨི་ལམ་མི་བདེན་ཡང༌། །སེམས་དགའ་སྡུག་བསྐྱེད་པའི་ནུས་པ་བཞིན། །ལྟོས་གྲུབ་ཀྱི་རྟེན་འབྲེལ་མི་བསླུ་བས། །ལས་རྒྱུ་འབྲས་བླང་དོར་གཟབ་པར་མཛོད། །ལས་སྣང་སྟོང་ལྷ་སྐུ་སྒྱུ་མ་བཞིན། །གནས་གར་སྡོད་རང་སྣང་གཞལ་ཡས་ཁང༌། །སྒྲ་གང་གྲག་གསང་སྔགས་དར་དིར་ལ། །ཡེངས་མེད་ཀྱི་དྲན་པ་རྒྱུན་དུ་སྟོན། །སྙིང་དབུས་ཀྱི་མི་ཤིགས་རླུང་སེམས་དེ། །སྐྱབས་ཀུན་འདུས་ངོ་བོར་གསལ་བཏབ་སྟེ། །ཅི་ཟ་དང་ཅི་འཐུང་བདུད་རྩིར་སྟོབས། །ཚོགས་འཁོར་ལོའི་ལོངས་སྤྱོད་ཞེན་མེད་རོལ། །མཐར་བེམ་རིག་འབྲལ་བར་ཕྱོགས་པའི་ཚེ། །ཐིམ་རིམ་གྱི་རྟགས་རྣམས་ངོས་བཟུང་སྟེ། །སྔར་འདྲེན་གྱི་གྲོགས་དང་འཕྲད་པ་བཞིན། །གཞིའི་འཆི་བ་འོད་གསལ་ཟིན་པར་མཛོད། །འཕྲང་ཉམ་ང་བར་དོར་འགྲིམ་པ་ན། །རང་གཅིག་པུ་ལས་གཞན་གྲོགས་མེད་ཕྱི ར། །དུས་ད་ལྟ་ལྷ་དང་བླ་མ་ལ། །ལམ་བདེ་བར་སྒྲོལ་བའི་སྐྱེལ་མ་ཞུས། །ལར་སྐྱེ་འཆི་བར་དོ་གང་ལ་ཡང༌། །དུས་ད་ལྟའི་བག་ཆགས་གཙོ་ཆེ་བས། །དེ་སྦྱོང་བྱེད་བསྐྱེད་རྫོགས་རྣལ་འབྱོར་གྱིས། །སྐྱབས་སྐུ་གསུམ་རང་ངོ་ཤེས་པར་མཛོད། ། དུས་རྟག་ཏུ་རང་གི་སྒོ་གསུམ་ལ། །ཚུལ་ཇི་ལྟར་འདུག་སྙམ་རྟོག་དཔྱོད་ངོས། །སེམས་ཁོ་ན་འདུལ་བའི་དགེ་སྦྱོར་གྱིས། ཁྱེད་ཚེ་མཇུག་དོན་ལྡན་མཛད་པར་ཞུ། །རང་དེ་ལྟར་དགེ་ལ་འབུངས་བཞིན་དུ། །གཞན་དད་ལྡན་སྐྱེ་བོ་བགྲང་ཡས་ལ། །རྣམ་དཀར་གྱི་ས་བོན་འདེབས་པའི་ཕྱིར། །དུས་གཞན་དོན་སྤྱོད་པས་འདའ་བར་མཛོད། །བདག་སྒོ་གསུམ་བྱ་བ་ཅི་བགྱིས་པ། །བསྟན་འགྲོ་བ་ཡོངས་ལ་གནས་སྐབས་ཀུན། །ཕན་རླབས་ཆེན་ཁོ་ནར་གྱུར་ཅིག་སྙམ། །སྨོན་འདུན་གྱི་འཚམས་སྦྱོར་རྒྱུན་དུ་མཛོད། །དགེ་འདི་ཡིས་བློ་བཟང་གྲགས་བསྟན་མཆོག །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། །མ་མཁའ་མཉམ་སེམས་ཅན་མ་ལུས་པ། །དཔལ་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་རྣམས་གནང་ངོ༌། །

                                                                                                                        རྩོམ་སྒྲིག་པ། མང་ར་བ། 

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།