རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 21:37:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 437741107752499639.jpg

                    དེ་ནས་དགེ་བའི་བཤེས་གཉེན་མང་པོ་ཞིག་ལ་སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད་དང༌། སྲད་རྒྱུད་ལུགས་ཀྱི་ཁྲིད་ཆེན་དྲུག་བཅས་ཟབ་ཆོས་མཐའ་ཡས་པ་གནང༌། ཡོངས་འཛིན་དམ་པ་ཁྲིད་ཆེན་ངག་དབང་མཆོག་ལྡན་ལས་ས་སྐྱའི་གསེར་ཆོས་བཅུ་གསུམ་དང༌། བཀའ་གདམས་ལྷ་བཞི་སོགས་ལྷག་པའི་ལྷ་མང་པོའི་རྗེས་གནང་དང༌། མགོན་པོ་ཕྱག་དྲུག་པ་དང་གུར་མགོན་སོགས་ཆོས་སྐྱོང་མངཔོའི་རྗེས་གནང་གསན། རྟ་ཚག་སྤྲུལ་པའི་སྐུས་གསོལ་བ་བཏབ་ནས་དྲིལ་བུ་ལྷ་ལྔའི་དབང་སྟ་གོན་དང་བཅས་རྒྱས་པ་གནང༌། དེའི་ཚེ་འབྲས་སྤུངས་སྔགས་པ་གྲྭ་ཚང་དང་སེ་ར་སྔགས་པ་གྲྭ་ཚང་གཉིས་ཀས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་དོན་དུ་གསོལ་བ་བཏབ་པ་ན། དོན་གཉེར་ཅན་མཐའ་ཡས་པ་བྱུང་སྟེ་འབྲས་སྤུངས་སྔགས་པ་ཚོགས་ཡོངས་དང༌། དེ་མོ་སྤྲུལ་སྐུ་རིན་པོ་ཆེ་སོགས་སྤྲུལ་སྐུ་དང༌། བླ་མ་དགེ་བའི་བཤེས་གཉེན་ཆེས་མང་བ་བཅས་དགེ་འདུན་སྟོང་དང་ཉིས་བརྒྱ་བརྒྱད་ཅུ་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ་ཞིང༌། དེ་ནས་མུ་འཐུད་དེ་སེ་ར་སྔགས་པ་ཚོགས་ཡོངས་དང་དགེ་བའི་བཤེས་གཉེན་ཆེས་མང་བ་བཅས་ལའང་དཔལ་རྡོ་རྗེ་འཇིགས་བྱེ ད་ཀྱི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ། བྲག་གཡབ་སྤྲུལ་པའི་སྐུས་གསོལ་བ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་ཙམ་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་སྩལ་ཞིང༌། ཉུང་ཤས་ཤིག་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་ཆེན་ཡང་སྩལ། དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་མ་བུ་རྣམས་ཀྱི་གཟབ་བཤད་གསན་ཞིང་ཕྱག་ལེན་ཡང་སྦྱོང་བར་མཛད།

                    གཞན་ཡང་ཁྲི་ཆེན་ལ་ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་དང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་དང༌། དུས་འཁོར་སྦྱོར་དྲུག་གི་ཟབ་ཁྲིད་རྣམས་རྒྱས་པར་གསན། དེ་ནས་ཨང་དཀར་ཞབས་དྲུང་གིས་གསོལ་བ་བཏབ་ནས་བདེ་ལམ་གྱི་ཟབ་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་རྒྱས་པར་གནང༌། དེ་ནས་སྐུ་མཚམས་ཤིག་གི་ནང་དུ་མི་རྟག་པའི་སྣང་ཚུལ་ལ་མགུར་དབྱངས་མཛད་པ་ནི། ནེའུ་གསིང་སྤང་ལ་སྐྱེས་པའི། །སྤང་རྒྱན་མེ་ཏོག་བཀྲ་ཡང༌། །དགུན་གྱི་ཁ་རླུང་འཚུབ་དུས། །རྡུལ་ཕྲན་ཙམ་དུ་འཐོར་བས། །ད་ལྟ་མདངས་བཀྲག་མཚར་དུས། །དཀོན་མཆོག་དྲུང་དུ་ཕུལ་དང༌། །སྔོན་བསགས་སྦྱིན་པའི་འབྲས་བུ། །འདོད་དགུའི་ལོངས་སྤྱོད་འབྱོ ར་ཡང༌། །ནམ་ཞིག་གང་ཟག་གཞན་གྱིས། །བདག་བཟུང་རྗེས་སུ་འགྱུར་བས། །ད་ལྟ་རང་དབང་ཡོད་དུས། །སྦྱིན་པའི་ཞིང་ལ་ཕུལ་ཞིག །རྩལ་གསུམ་དར་ལ་རྫོགས་པའི། །གཡུ་འབྲུག་སྐད་གསང་མཐོ་ཡང༌། །དབྱར་གསུམ་ནམ་ཟླའི་ཐ་མར། །སྒྲ་སྐད་ཉམས་པར་འགྱུར་བས། །ད་ལྟ་མཁའ་ལ་འཕྱོ ་དུས། །དབྱར་རྔ་དལ་བུས་སྒྲོགས་དང༌། །མཐུན་འཇུག་འཇིག་རྟེན་ལས་ལ། །གསུང་སྙན་འགྱུར་ཁུག་འཁྲོལ་ཡང༌། །ནམ་ཞིག་མགྲིན་པའི་ལམ་ལ། །དབུགས་ཀྱང་ཆད་པར་འགྱུར་བས། །ད་ལྟ་སྨྲ་ལྕེ་བདེ་དུས། །གྲག་སྟོང་བཟླས་པར་འབུངས་ཤིག །མཁའ་ལ་རྒྱན་དུ་ཆགས་བའི། །སྤྲིན་དཀར་ལང་ཚོ་གསར་ཡང༌། །དྲག་པོའི་རླུང་དང་འཕྲད་ནས། །ཕྱོགས་བཅུར་འཐོར་བར་ངེས་སོ། །ད་ལྟ་ལང་ལོང་འཁྲིགས་དུས། །སྦྲང་ཆར་བཅུད་དུ་ཕོབ་དང༌། ཁུ་ཁྲག་གཞན་གྱི་རྫས་ལ། །བདག་བཟུང་ལུས་འདི་འཕྱོར་ཡང༌། །ནམ་ཞིག་མི་གཙང་རྫས་བཞིན། །འབྲེ ལ་མེད་འདོར་བར་འགྱུར་བས། །ད་ལྟ་རྩལ་སྟོབས་ལྡན་དུས། །དགེ་བའི་བྲན་དུ་བཀོལ་ཞིག །དྭངས་བསིལ་ཡིད་ལ་འཐད་པའི། །ཉལ་འགྲོ་ལྷུང་ལྷུང་འབབ་ཀྱང༌། །མི་རིང་ཐིགས་པ་ཙམ་ཡང༌། །ལུས་མེས་སྐམས་པར་འགྱུར་གྱི། །ད་ལྟ་རྒྱུན་བཟང་འབབ་དུས། །རྩི་ཐོག་གསོས་སུ་དྲོངས་དང༌། །རང་བདེ་གཞན་ལ་གནོད་པའི། །ཐབས་ཚུལ་སྣ་དགུ་འགྱུ་ཡང༌། །ནམ་ཞིག་མིང་དོན་ཙམ་ཡང༌། །འཆར་མེད་རྨོངས་པར་འགྱུར་གྱི། །ད་ལྟ་བློ་རིག་གསལ་དུས། །ཟབ་རྒྱས་གདམས་ངག་སྒོམས་ཤིག །ཚོང་དུས་ས་ཡི་ལྟེ་བར། །ལྷོ་བྱང་ཚོང་ཕྲུག་འཛོམ་ཡང༌། །ཞག་གསུམ་ནང་པར་དུས་སུ། །སོ་སོར་གྱེས་པར་འགྱུར་བས། །ད་ལྟ་ཡུད་ཙམ་འཚོགས་དུས། །འཁོན་དང་མཐུན་འགྲོགས་སྤོངས་དང༌། །ཚེ་སྔོན་ལས་ཀྱིས་བཀུག་པའི། །དགྲ་གཉེན་བྱམས་སྡང་ཆེ་ཡང༌། །མི་རིང་རིགས་དྲུག་གནས་སུ། །སོ་སོར་འགྲོ་བར་འགྱུར་བས། །ད་ལྟ་རིས་སུ་བཅད་ནས། །དགོས་མེད་ཆགས་སྡང་སྤོངས་ཤིག །སྟོན་དུས་མཁའ་ལ་ཤར་བའི། །ཉ་རྒྱ་ནམ་ཕངས་མཐོ་ཡང༌། །འཛམ་གླིང་ས་འདིར་གནས་པའི། །སྐྱེ་བོ་ཚ་གདུང་ཅན་ལ། །ལུས་སེམས་དགའ་བདེ་སྐྱེད་པའི། །ཤུགས་འབྱུང་འོད་དཀར་འགྱེད་དོ། །གཞན་ལ་ཕན་བདེ་འདོད་པ། །རང་སེམས་ཁོང་ན་གནས་ཀྱང༌། །ཕྱོགས་དུས་སྐྱེ་བོ་ཀུན་གྱིས། །དོན་གཉིས་དཔལ་དུ་འགྱུར་བས། །ལུས་ངག་ཚུལ་འཚོས་སྤངས་ཏེ། །ལྷག་བསམ་བཟང་པོ་སྐྱེད་ཅིག །ཀླུ་དབང་གཙུག་གི་ནོར་བུ། །ཕྱོགས་ལྷུང་རྟོག་པ་མེད་ཀྱང༌། །མཆོད་དང་བཀུར་སྟི་ཆེན་པོས། །རྩེ་གཅིག་གསོལ་བ་བཏབ་ལ། །གང་བསམ་རེ་བའི་འབྲས་བུ། །ལག་རྩེར་སྩོལ་བར་ངེས་སོ། །བླ་མ་སྐུ་གསུམ་དབང་ཕྱུག །འགྲོ་ལ་ཉེ་རིང་སྤངས་ཀྱང༌། །མོས་གུས་ལྟེམ་རྐྱང་མེད་པས། །རྩེ་གཅིག་དྲན་པ་དེ་ལ། །འདི་དང་ཕྱི་མ་ཀུན་གྱི། །ལེགས་ཚོགས་འགྲུབ་པར་ངེས་སོ། །དབང་པོ་བསླད་པའི་མཐུ་ཡིས། །མཁའ་ལ་སྣང་བཀྲག་མཚར་ཡང༌། །གསོ་དཔྱད་མིག་སྨན་རྣོན་པོས། །སྦྱངས་པའི་དེ་མ་ཐག་ཏུ། །རབ་རིབ་སྣང་བ་ལོག་པའི། །སྟོང་གསལ་རྗེན་པར་འཆར་རོ། །དངོས་འཛིན་གདོན་གྱིས་དཀྲུགས་པས། །ཀུན་རྫོབ་ཅི་ཡང་འཆར་མོད། །འཁྲུལ་པའི་རང་མཚང་གཅོག་པའི། །རིགས་ཤེས་ལྟ་བའི་ངོ་ན། །བློ་བྲིད་སྣང་བ་ལོག་པའི། །གནས་ལུགས་ལྟད་མོ་ལྟོས་ཤིག །སྟོང་གསལ་མཁའ་ཡི་ངོས་ན། །ཚུགས་ཐུབ་བདེན་པར་མེད་ཀྱང༌། །རྒྱུ་རྐྱེན་རྟེན་འབྲེལ་མང་པོ། །ཚོགས་པའི་འཇའ་ཚོན་རི་མོ། །གཏད་མེད་ཅི་ཡང་འཆར་བའི། །ངོ་མཚར་འདི་ལ་ལྟོས་དང༌། །དཔྱད་ན་འདི་ཞེས་བྱ་བའི། །ངོས་བཟུང་ཅི་ཡང་མེད་ཀྱང༌། །རྒྱུ་རྐྱེན་ཆ་ཤས་མང་པོར། །བཏགས་ཡོད་མིང་ཙམ་འདི་ལ། །བྱ་བྱེ ད་ཐམས་ཅད་འཐད་པའི། །སྒྱུ་མ་འདི་ལ་གཟིགས་དང༌། །བདེན་དངོས་བསླུ་བ་མེད་པའི། །དམིགས་གཏད་གང་ཡང་མེད་ཀྱང༌། ཁོག་ཡངས་བྲག་གི་ཕུག་པར། །སྒྲ་སྙན་བྲག་ཅའི་དབྱངས་ཀྱིས། །རང་འཛིན་ཤེས་པ་བསྐྱེད་པའི། །ནུས་པ་ཐོགས་མེད་བཞིན་དུ། །བསླུ་མེད་དོན་ལ་གྲུབ་པའི། །སྙིང་པོ་ཆ་ཙམ་མེད་ཀྱང༌། །དོན་ལྡན་ཚིག་གི་ཕྲེང་བ། །འདི་ལྟ་པདྨས་གཏམ་གྱིས། །ཀུན་རྫོབ་འགྲོ་བ་མང་པོར། །ཕན་པ་རྒྱ་ཆེན་གྱུར་ཅིགཅེས་སོ། །དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་ཕལ་ཆེ་བའི་ལུང་གསན་ནོ། །དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་གསོལ་བ་ཡུན་རིང་དུ་བཏབ་སྟེ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་རྗེ་ཡབ་སྲས་ནས་བརྒྱུད་པ་དེང་སང་རྒྱུན་ཆད་དུ་ཉེ་བ་ལ་ཐུག་པས་ཁྲི་ཆེན་རྡོ་རྗེ་འཆང་གིས་རྒྱུན་ཞིག་བཞེས་ནས་གནང་ཐུབ་པ་ཞིག་དགོས་ཞེས་ཡང་དང་ཡང་དུ་གསོལ་བ་བཏབ་པ་ན་ཁྲི་ཆེན་སྐུ་ན་མཐོ་ཡང་རྒྱལ་བ་མཆོག་གི་བཀའ་དང་འཇམ་མགོན་བསྟན་རྒྱུན་ལ་དགོངས་ཏེ་དཀའ་བ་ཆེན་པོས་གསན་ནས་ལྗགས་བསྙེན་སོགས་ལེགས་པར་གྲུབ་སྟེ་རྗེ་འདི་པ་ལ་འབུལ་བར་མཛད། རྗེ་འདིས་ཀྱང་གོང་བསྙེན་སོགས་རྒྱུད་དང་མཐུན་པར་ལེགས་པར་གྲུབ་པར་མཛད་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་དང་མན་ངག་འཆད་པ་ལ་འཇིགས་པ་མེད་པའི་གནས་ཐོབ་པར་མཛད་དོ། །

                     དེ་ནས་དྭགས་པོ་དགེ་བཤེས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་འབྲས་སྤུངས་འདུ་ཁང་ཆེན་མོར་སྡེ་སྣོད་འཛིན་པ་བཞི་སྟོང་ཙམ་ལ་དྲང་ངེས་རྣམ་འབྱེད་ཞག་ཉི་ཤུ་རྩ་གསུམ་གྱི་བར་དུ་དཀའ་བའི་གནས་རྣམས་དྲི་མ་མེད་པའི་རིགས་པས་མཐའ་ཆོད་པར་མཛད་དེ་རྒྱས་པར་གནང་བས་རྒྱལ་བ་ཙོང་ཁ་པ་རང་ཉིད་སླར་འཇིག་རྟེན་འདིར་དངོས་སུ་བྱོན་པ་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་དེ་དུས་ཀྱི་སྡེ་སྣོད་འཛིན་པ་མཐའ་དག་གསུང་ངོ༌། །

                                                                                                                         རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།