རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 21:32:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

575557663115211229.jpg

                    དེ་ནས་རྗེ་བདག་ཉིད་ཆེན་པོའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གསན། འདི་དག་གི་སྐབས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་བཞེས་ལྷུར་མཛད་པས་སྐྱེས་བུ་ཆུང་ངུའི་མི་རྟག་པའི་དམིགས་སྐོར་ལ་མྱོང་བ་ཕུལ་ཕྱིན་འཁྲུངས་ཏེ་སྐྱོ་ཤས་ཀྱི་མགུར་དབྱངས་གསུངས་པ་ནི། ཕ་དྲན་པས་གདུང་བ་སེལ་མཛད་པའི། །སྐྱབས་བླ་མ་ལྷ་ལ་གསོལ་བ་འདེབས། །བློ་འཆི་བ་སྙིང་ནས་དྲན་པ་དང༌། །ཆོས་རྣམ་དག་འགྲུབ་པར་བྱིན་གྱིས་རློབས། །སྤང་སེར་པོ་གསེར་གྱི་རི་བོ་ལ། །རླངས་ན་བུན་དངུལ་མདོག་སྐེད་ལ་འཁྲིགས། །དེ་ད་ལྟ་ཡོད་ལ་ད་ལྟ་མེད། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །དབྱར་དྲོད་གཤེར་དུས་སུ་འཛོམ་པ་ན། །ལོ་ཡག་གི་སྙེ་མ་གཡུ་ཡི་མདོག །སྟོན་མཐའ་མར་ཞིང་སྟོང་སྐྱ་བོར་སོང༌། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །ཤིང་ལྗོན་པ་འདབ་རྒྱས་ལོ་མ་རེར། །སྨིན་ལེགས་ཀྱི་འབྲས་བུ་ཕུང་ཕུང་ཆགས། །མཐར་གཅིག་ཀྱང་མི་སྡོད་ས་ལ་བྲུལ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །ཤར་རི་བོ་སྤོ་མཐོའི་རྩེ་མོ་ནས། ཁྲི་གདུགས་ཀྱི་ཉི་མ་དགུང་ལ་ཤར། །དེ་མི་སྡོད་ནུབ་ཀྱི་རི་རྩེར་སོང༌། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །སྐྱེས་ཕོ་མོ་གཞོན་ནུ་ལང་ཚོ་ཅན། །ནང་ཤི་དང་ནུབ་ཤི་རྒྱུན་མི་འཆད། །ཡར་འདྲེན་དང་སྐྱེ་བརྟག་ཞུའོ་ཟེར། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །སྤྲིན་དཀར་པོ་མཁའ་ལ་ལང་ལོང་འཁྲིགས། །སྦྲང་ཆར་གྱི་ཐིགས་པ་འབབ་ལ་ཁད། །རླུང་དམར་ནག་འཚུབ་མས་ཕྱོ གས་བཅུར་གཏོར། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །ས་ཡངས་པོ་དཔལ་མོའི་ཐང་གི་དབུས། །ཕྱོ གས་འགྲོན་པོའི་གུར་གྲལ་སྐར་མ་འདྲ། །སང་གར་བབས་རྩྭ་ཤིང་ལུད་སྙི གས་ཙམ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །དབྱར་ས་ལ་དྲོད་བབས་རྩི་ཐོག་རྒྱས། །བློ་བག་ཕེབས་དུས་ཀྱི་དེ་མ་ཐག །དགུན་ཁ་རླུང་འཚུབས་པའི་གྲང་བས་སྐྱོ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །སྟེང་སྒྲ་དབྱངས་སྒྲོག་པའི་གཡུ་འབྲུག་དང༌། །བར་གསུང་སྙན་འཇེབས་པའི་ཁུ་བྱུག་སོགས། །དུས་ཡལ་ཡོལ་གར་སོང་ཆ་མེད་ཐལ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །དངོས་ཞལ་ནས་ཆོས་ཀྱི་སྨན་མཆོག་གིས། །སེམས་ཉོན་མོངས་ནད་སེལ་དམ་པ་མང༌། །དུས་དེང་སང་དག་པའི་ཞིང་ནས་གཟིགས། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །ལུས་སྐྱེད་པའི་དྲིན་ཅན་མ་ལ་སོགས། །གཉེན་མཛའ་བཤེས་འབྲལ་གླགས་མི་ཕོད་ཀྱང༌། །དུས་དེང་སང་འདུ་བའི་འབྲེལ་པ་ཆད། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །ཕོ་རྒོད་པོ་འཕྱི ས་ཀྱི་སོ་ཚིས་ཅན། །ལོ་ཟླ་བ་རྟིང་མའི་གྲབས་བཤོམ་བྱེད། །ལས་འཕྲོར་ལུས་རང་ཉིད་གར་སོང་མེད། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང༌། །དཔལ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ། །སྐྱབས་སངས་རྒྱས་དེ་ཡང་འདའ་ཚུལ་སྟོན། །ལུས་ཤ་ཁྲག་པགས་པས་གཡོགས་པ་འདི། །འཇིག་ངེས་པ་ཆུ་ཡི་ལྦུ་བ་འདྲ། །ནར་སོན་པའི་ཕ་མས་རང་གི་བུ། །སྐྱེས་ཙམ་ནས་དུར་དུ་སྦ་བ་སྣང༌། །དེ་མཐོང་ནས་བདག་ཀྱང་གཞོན་ནོ་ཞེས། །འཆི་བདག་ལ་གཤོལ་འདེབས་རེ་བ་ཆད། །དུས་ད་ནང་དགྲ་འདུལ་གཉེན་སྐྱོང་གི །གྲོས་བྱེད་དུས་ལུས་བདེ་སེམས་ཀྱང་རྒོ ད། །དགུང་དྲོ་ལ་བབ་དུས་དུར་ཁྲོད་དུ། །ལུས་བྱ་ཁྱིས་ཟ་བ་ཅང་བདེན་ནམ། །ལར་མཐོང་ཐོས་ཡུལ་དུ་གྱུར་པ་ཡི། ཁོང་འགྲོ་བ་མི་ཡི་སྐྱེས་བུ་རྣམས། །དུས་རིང་མཐའ་ལོ་བརྒྱ་ཚུན་ཆད་དུ། །གཅིག་ཙམ་ཡང་མི་སྡོད་འཆི་བར་ངེས། །ཕྱི་སྣོད་བཅུད་སྣང་བ་གང་ལ་ཡང༌། །ཡིད་ལེགས་པར་གཏན་ནས་བསམས་པའི་ཚེ། །དུས་སྔ་ཕྱིར་འགྱུར་བ་འབའ་ཞིག་གིས། །ཀུན་མི་རྟག་སློབ་དཔོན་ཉིད་དུ་གདའ། །སྔར་བྱིས་པའི་སྐབས་ནས་རིམ་འཕེལ་བའི། །སྟོབས་ལང་ཚོ་གཞོན་ནུའི་ལུས་ཀྱི་ཆ། །ད་གང་ལ་བལྟས་ཀྱང་མི་སྡུག་པ། །འདི་རང་ལུས་ཡིན་ཡང་ཡིད་མི་འོང༌། །བདེ་སྡུག་དང་བཏང་སྙོམས་སྣ་ཚོགས་སམ། །ཡང་རེས་འགའ་དགེ་ལ་རས་འགའ་སྡིག །རེས་ལུང་མ་བསྟན་གྱི་སེམས་ལ་སོགས། །བློ་འདི་ཡང་མི་རྟག་སྐད་ཅིག་གཡོ། །རང་གཞན་གྱི་སྣང་ཚུལ་གར་བལྟས་ཀྱང༌། །གློག་བཞིན་དུ་འགྱུར་བས་བློ་མ་བདེ། ཁོང་འཆི་བདག་གཤེད་མས་མཐའ་ནས་བསྐོར། །ད་གསོད་པར་ངེས་ན་ཅི་རང་དྲག །གཉེན་བཤེས་དང་ནོར་རྫས་ཁང་ཁྱིམ་སོགས། །མི་ཡུལ་གྱི་སྣང་བ་དང་སྤྲོ་ཡང༌། །སེམས་ཆགས་པས་བཅིངས་བཞིན་དབང་མེད་དུ། །སྣང་བ་འདི་ནམ་ཞིག་ནུབ་པར་འགྱུར། །ལུས་མལ་གྱི་ཐ་མར་འདྲེ་ལྡོག་ཅིང༌། །ངག་ཐ་མའི་ཚིག་གི་ལྡབ་ལྡིབ་སྨྲ། །སེམས་ཐ་མའི་དྲན་རྟོག་ཇེ་ཕྲར་ནུབ། །དུས་དེ་འདྲ་བདག་ལ་ནམ་འོང་ན། །སྔ་སྡིག་པའི་ལས་ལ་དེ་ཙམ་སྤྱད། །ཚེ་ཕྱི ་མར་ཕན་པའི་དགེ་བས་དབུལ། །ཕྱོ གས་གར་འགྲོ་འདི་འགྲོའི་གཏོལ་མེད་པས། །ད་བསམ་ཚེ་འཆི་ལ་ཤིན་ཏུ་འཚེར། །དོན་དེ་ཕྱིར་བདག་དང་བདག་འདྲའི་འགྲོ། དགོས་མེད་ཀྱི་བྱ་བྱེ ད་མ་མང་བར། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་ལ། །སྐྱས་འདེགས་དུས་སྐྱེལ་མའི་ཞུ་བ་ཕུལ། །དགེ་སེམས་ཀྱི་སྣང་བ་དཀར་པོའི་ངང༌། །གདེང་དགའ་སྤྲོ་དང་བཅས་འཆི་བ་ལ། །དུས་ད་ལྟ་གོམས་པ་གལ་ཆེ་བས། །མདོ་སྔགས་ཀྱི་ཟབ་དོན་འདྲིས་པར་བྱ། །གཏམ་འདི་ལ་བརྟེ ན་ནས་བདག་འདྲ་བ། །བློ་དྲེད་པོར་སེང་བའི་ཆོས་མེད་རྣམས། །ངེས་འབྱུང་གི་བསྐུལ་མ་ཐེབས་པ་དང༌། །རྒྱུད་སྨིན་ཅིང་གྲོལ་བ་ཐོབ་པར་ཤོག །ཅེས་སོ། །

                    དེ་ནས་ཡོངས་འཛིན་རིན་པོ་ཆེ་ངག་དབང་མཆོག་ལྡན་ལ་དཔེ་ཆོས་རིན་ཆེན་སྤུངས་པ་སོགས་བཀའ་གདམས་ཀྱི་ཆོས་སྐོར་དུ་མ་ཞིག་གསན། འབྲས་སྤུངས་སྔགས་པ་བླ་ཟུར་ཞལ་སྔ་ནས་བློ་བཟང་ཆོས་འཕེལ་གྱིས་གསོལ་བ་བཏབ་ནས་དགེ་བའི་བཤེས་གཉེན་སུམ་བརྒྱ་སུམ་ཅུ་སྐོར་ལ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ་གྱི་ཁྲིད་སྲད་རྒྱུད་དང་དབེན་ས་སྙན་བརྒྱུད་ཀྱི་གདམས་པའི་ཆུ་བོ་གཉིས་འདྲེས་མྱོང་ཁྲིད་དུ་སྩལ་བས་དེར་འདུས་པའི་དགེ་བའི་བཤེས་གཉེན་དེ་རྣམས་བླ་མེད་ཐེག་པའི་བདུད་རྩིས་ཚིམ་པར་མཛད་དོ། །དེའི་ཚེ་དགེ་བའི་བཤེས་གཉེན་རིན་ཆེན་རྒྱལ་མཚན་གྱིས་དཔལ་ཧེ་རུ་ཀ་དང་རྗེ་བདག་ཉིད་ཆེན་པོ། རྗེ་འདི་ཉིད་གསུམ་དབྱེར་མེད་དུ་གསོལ་བ་བཏབ་ཆོག་པ་ཞིག་དགོས་ཞེས་ཞུས་པ་ན། སྟེང་དགའ་ལྡན་ལྷ་བརྒྱའི་མདུན་ས་ནས། །སྤྲིན་དཀར་པོ་སྙེག་པའི་རྩེ་མོ་རུ། །རྗེ་རྒྱལ་བ་ཀུན་འདུས་བློ་བཟང་གྲགས། །དེང་མདུན་གྱི་ནམ་མཁར་གཤེགས་སུ་གསོལ། །གནས་སྤྱི་གཙུག་སེང་ཁྲི་པད་ཟླའི་སྟེང༌། །ཡིད་དྲན་པས་སྲིད་ཞིའི་གདུང་བ་སེལ། །དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི། །རྗེ་དྲིན་ཅན་བླ་མ་རིན་པོ་ཆེ། །མགོན་གསང་གསུམ་བཀོད་པ་མཐའ་ཡས་ཀྱང༌། །དོན་ངོ་བོ་གཅིག་ཏུ་གསོལ་འདེབས་ན། །རྒྱུད་ཉོན་མོངས་རྩུབ་རེག་ཞི་བ་དང༌། །སེམས་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །སྔོན་ལེགས་བྱས་བརྒྱ་ཡིས་འཕངས་པའི་ལུས། །རྟེན་ཆོས་དང་མཇལ་བའི་དལ་འབྱོར་འདི། །ལྷ་ཚངས་དབང་གཙུག་གི་ནོར་བུ་བཞིན། །དུས་ལན་ཅིག་ཙམ་ལས་རྙེད་དཀའ་ཡང༌། །དེང་སྔོན་ཆད་འདི་སྣང་རེ་དོགས་དང༌། །སེམས་ཉོན་མོངས་དབང་དུ་སོང་བ་ཡིས། །བློ་ཆོས་དང་འདྲེས་པའི་སྐབས་མེད་པར། །ཚེ་ཕལ་ཆེར་དོན་མེད་ངང་ལ་ཟད། །དུས་གཏན་གྱི་མདུན་མ་རླུང་ལ་བསྐུར། །རྒྱུད་འཕུང་འདྲེ་ཞུགས་པའི་སྨྱོན་པ་བདག །ཚེ་འདི་སྣང་ཕུན་ཚོགས་ཐམས་ཅད་དང༌། །གཏན་བྲལ་གྱི་ཕ་རོལ་ཆས་པའི་ཚེ། །ཆོས་གཤའ་མ་བསྒྲུབས་བའི་ཉམས་མྱོང་གིས། །འཇིགས་མི་དགོས་སྙམ་པའི་གདེང་ཚད་མེད། །ལོ་ཟླ་བ་ཞག་དང་ཟ་མས་ཀྱང༌། །ལུས་སེམས་ཀྱི་མཐུ་སྟོབས་རིམ་གྱིས་བྲི ། །སྔར་ལང་ཚོ་དར་བའི་གཞོན་ནུའི་ལུས། །ད་རྒས་པའི་གནས་སྐབས་འདི་ལྟར་སོང༌། །ལུས་འབྱུང་བ་འཁྲུགས་པའི་ནད་ཅིག་གམ། །རྐྱེན་གློ་བུར་གདོན་གྱིས་འཚེ་བ་ཡིས། །ཕྱོགས་གང་དུ་མལ་གྱི་ཐ་མ་ལ། །བདག་འཆི་བའི་དུས་ཚོད་ནམ་འོང་ན། །དགྲ་གཤིན་རྗེའི་བསུ་མའི་ཕོ་ཉ་སླེབས། །ཕྱོགས་བྲེད་ཤ་ཐོན་པའི་གདངས་མིག་ལྟ། །མཐའ་མཛའ་བཤེས་ངུ་བས་ཡོངས་སུ་བསྐོར། །གཤིན་དགེ་དང་དུར་གྱི་གཤོམ་རས་བྲེལ། །གཉེན་ལོངས་སྤྱོད་དཔལ་ལ་འཁྲེན་པ་ཡིས། །ཡིད་གདུངས་ཀྱང་རང་དབང་གཏོལ་མེད་འགྱུར། །ལར་དེ་ལྟའི་འཆི་བ་འོང་ངེས་ཤིང༌། །དུས་དེ་རིང་ཉི་མ་མ་ནུབ་གོང༌། །སེམས་ཟག་ཕུང་བྲལ་ནས་བར་དོ་ཡི། །འཕྲང་རིང་པོར་མི་འགྲོའི་ཆ་ཡང་མེད། །འབྲོག་དགོན་པ་འཇིགས་པའི་ས་ཕྱོ གས་སུ། །རང་གཅིག་པུ་གཏོལ་མེད་འཁྱམས་པ་བཞིན། །སྔར་འདྲིས་ཀྱི་གྲོགས་དང་མགོན་མེད་པར། །ཤུལ་འཇིག་རྟེན་ཕྱི་མར་འགྲོ་བ་ན། །སྐྱབས་བསླུ་མེད་དཀོན་མཆོག་མ་ལུས་པ། །རྗེ་བླ་མ་གཅིག་ཏུ་འདུས་པའི་སྐུ། ཁྱེད་མ་གཏོགས་རེ་ས་གཞན་མེད་པས། །ཐུགས་བརྩེ་བས་སྐྱོང་ཤིག་ཐུགས་རྗེ་ཅན། །སྒོ་གསུམ་གྱིས་བསྒྲུབས་པའི་དམ་ཆོས་རྣམས། །རྒྱུད་ཉོན་མོངས་གཉེན་པོར་སོང་བ་ཡི། །ཆོས་གནད་དུ་འཁེལ་བའི་ཉམས་ལེན་གྱིས། །དུས་ཉིན་མཚན་འདའ་བར་བྱི ན་གྱིས་རློབས། །མ་སེམས་ཅན་འཁོར་བའི་རྒྱ་མཚོ་ཆེར། །སྡུག་བསྔལ་བའི་ངང་ཚུལ་མ་བཟོད་པར། །ཚིག་བཅོས་མ་མིན་པར་ཅི་བྱེད་རྣམས། །གཞན་ཕན་བདེར་འགྱུར་བར་བྱི ན་གྱིས་རློ བས། །བདག་འདི་སྣང་འགག་པར་ཕྱོ གས་པའི་ཚེ། །རྗེ་བླ་མ་ཁྱབ་བདག་ཧེ་རུ་ཀ །འཁོར་དཔའ་བོ་དཔའ་མོའི་བསུ་བ་ཡིས། །གནས་མཁའ་སྤྱོད་ཞིང་དུ་ཁྲིད་དུ་གསོལ། །ལས་ཉོན་མོངས་དབང་གིས་སྐྱེ་བའི་མཐའ། །ཡོངས་ཟད་པར་མ་གྱུར་དེ་སྲི ད་དུ། །ལྷ་བླ་མས་ཐེག་མཆོག་མགོན་མཛད་ནས། །སྨིན་གྲོལ་གྱི་ལམ་བཟང་མཐར་ཕྱི ན་ཤོག །ཅེས་པ་གནང་ངོ༌། །

                                                                                                                        རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།