རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 21:28:09     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

477653986319307543.jpg 

                    དེ་ནས་རྗེ་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ཡོས་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དེ་མོ་སྤྲུལ་པའི་སྐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སོགས་ལ་བསྙེན་པར་རྫོགས་པའི་སྡོམ་པ་གནང༌། དེ་ནས་བཟུང་སྟེ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཟམ་མ་ཆད་པ་ལྟ་བུར་སྩལ་ཞིང༌། འབྲོམ་རིན་པོ་ཆེའི་རྣམ་ཐར་རྗེས་སུ་བསྐྱངས་ཏེ་རིགས་ཀྱི་ཅོད་པན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བར་རིངས་ནས་ཕོ་བྲང་དུ་ཕེབས་འཕྲལ་སྙན་གསན་མཛད་ཀྱང་དེ་ལོ་སྐུ་ན་མཐོ་བའི་ཁར་སྐུ་ཁམས་བསྙེལ་ཚུལ་ཆེ་བས་ཕེབས་ཐབས་མ་བྱུང་བར་འབྲུག་ལོའི་ནང་དུ་གཙང་དུ་ཆིབས་ཁ་བསྐྱོད་དེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བར་ཕེབས། བླ་བྲང་རྒྱལ་མཚན་མཐོན་པོར་ཡབ་སྲས་མཇལ་མ་ཐག་ཐུགས་ཡིད་གཅུགས་པའི་གསུང་གླེང་བག་ཕེབས་པར་མཛད་ཅིང༌། ལམ་རིམ་མྱུར་ལམ་གྱི་ཁྲིད་སོགས་ཆོས་བཀའ་མང་དུ་ཞུ་བའི་སྙན་གསན་མཛད། རྗེ་འདི་པས་ཐོས་བསམ་གླིང་དུ་བཞུགས་ཏེ་བླ་བྲང་རྒྱལ་མཚན་མཐོན་པོར་ཡང་ཡང་ཕེབས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ལ་ལམ་རིམ་མྱུར་ལམ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང༌། ཚེ་རྟ་ཟུང་འབྲེལ་གྱི་དབང་སོགས་ཆོས་བཀའ་མང་ཙམ་གསན་ཞིང༌། རྗེ་འདིས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་ལ་ལམ་རིམ་བསྡུས་དོན་གྱི་ལུང་གི་ཐོག་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གསུང་བཤད་རྒྱས་པར་གནང༌། དེ་ནས་ཡབ་སྲས་གཉིས་འབྲལ་མི་ཕོད་པར་ཐུགས་ཡིད་གཅུགས་པའི་བཀའ་མཆིད་ཟབ་མོ་རྒྱ་ཆེར་མཛད་ཅིང༌། འཇམ་མགོན་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གྱི་གནད་ལས་བརྩམས་པའི་གསང་བའི་བཀའ་མཆིད་མང་པོ་ཞིག་ཀྱང་མཛད་ནས་རྗེ་འདིས་ཕོ་བྲང་དུ་ཆིབས་བསྐྱོད་མཛད།

                    དེ་ནས་རྗེ་འདིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་དུས་ལ་བབ་པ་ན་རྒྱ་གར་ཆུ་བོ་གདྒ་ཚུན་ལ་འགྲན་ཟླ་དང་བྲལ་བའི་རིག་སྔགས་འཆང་བའི་སྡེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་ཚང་མས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཚོམ་ཆེན་རྙིང་པར་རྒྱུད་སྨད་ཚོགས་ཡོངས་ཀྱི་ཐོག་སྤྲུལ་སྐུ་མང་པོ་དང་བླ་ཆེན་མང་པོས་གཙོས་དགེ་འདུན་ཁྱོན་སྟོང་དང་ལྔ་བརྒྱ་སྐོར་ལ་དཔལ་གསང་བ་འདུས་པ་འཕགས་ལུགས་མི་སྐྱོད་པའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ་བས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ། །དེ་ནས་ཡོངས་འཛིན་ངག་དབང་མཆོག་ལྡན་ལ་རྡོ་རྗེ་ཕྲེང་བའི་དབང་རྫོགས་པར་གསན་ཞིང༌། རིམ་བཞིན་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རྫོགས། དྲིལ་བུ་པའི་བསྐྱེད་རྫོགས། སྲད་རྒྱུད་ལུགས་ཀྱི་ཁྲིད་ཆེན་དྲུག །སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད་རྣམས་ལེགས་པར་གསན། དེ་ནས་ཐུགས་གཉེར་ཞབས་ཕྱི་རྣམས་ཀྱིས་བསྐུལ་ནས་གསང་འདུས་དབང་བཤད་ཆེན་མོ་དབང་དོན་དེ་ཉིད་ཡང་གསལ་ཞེས་བྱ་བ་སྔོན་མེད་པའི་ལེགས་བཤད་ཆེན་པོ་འདི་མཛད་དོ། །དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་རྣམས་ཀྱིས་གཙོས་སྡེ་སྣོད་འཛིན་པ་སྟོང་དང་བརྒྱ་སྐོར་ལ་དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་ལུགས་ལྷ་རེ་གཉིས་པའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད་དོ། །

                   དེའི་ཚེ་རྒྱུད་སྡེ་དང་མཐུན་པའི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ནས། དགྱེས་པའི་མགུར་དབྱངས་བཞེས་པ་ནི། ལྷུན་སྟུག་རིན་ཆེན་ལས་གྲུབ་པ་ངོ་མཚར་གྱི་ཕོ་བྲང༌། །ཡེ་ཤེས་འཇའ་ཚོན་དུ་འཁྲུགས་པ་དྭངས་གསལ་གྱི་འོད་ཕུང༌། །ལྔ་ལྡན་དཀྱིལ་འཁོར་གྱི་བདག་པོ་སྐུ་བཞི་ཡི་དབང་ཕྱུག །དྲིན་ཅན་རྗེ་བཙུན་གྱི་བླ་མ་སྙིང་དབུས་སུ་བཞུགས་ཤིག །སྔོན་བསགས་ལེགས་བྱས་ཀྱིས་འཕངས་པའི་དལ་འབྱོར་གྱི་རྟེན་བཟང༌། །རང་འབར་མེ་འོབས་དང་འདྲ་བའི་ཁྱིམ་གནས་ལས་ཕྱུང་ནས། །མཉམ་མེད་ཟས་གཙང་གི་སྲས་པོའི་བུ་རྒྱུད་དུ་སྙེག་པ། །བསམས་ཀྱིན་བློ་བདེའི་ཉམས་དབྱངས་ཤིག་ལེན་པ་རང་སྤྲོའོ། །མཚན་ལྡན་བླ་མ་ཡི་ཞལ་ནས་གདམས་ངག་གི་ཉིང་ཁུ། །སྡེ་སྣོད་རིན་པོ་ཆེ་རྣམ་གསུམ་མཛུབ་འཁྲིད་དུ་བསྟན་ནས། །དུས་གསུམ་སངས་རྒྱས་ཀྱི་གཤེགས་ཤུལ་བྱང་ཆུབ་ཀྱི་སེམས་ལ། །ཡིད་ཆེས་གོལ་ས་ལས་ལྡོག་པས་ཞེ་བློ་རང་བདེའོ། །གང་སྣང་ཚུགས་ཐུབ་ཀྱི་བློ་འདི་འཁྲུལ་པ་རུ་གོ་ནས། །སྤྲོས་མེད་ནམ་མཁའ་དང་འདྲ་བའི་ལྟ་བ་ཡི་རྒྱལ་པོ། །སྣང་སྟོང་སྒྱུ་མ་ཡི་གཟིགས་མོ་ལམ་ལམ་དུ་ཤར་ནས། །རྟག་ཆད་གཡང་ས་ལས་གྲོལ་བས་ཞེ་བློ་རང་བདེའོ། །འཁྲུལ་བྲལ་རྒྱུད་ལུང་གི་ངེས་པས་ཚང་མ་རུ་གྲུབ་ཅིང༌། །ཆད་མེད་བརྒྱུད་ལྡན་གྱི་བླ་མར་བྱིན་རླབས་ཀྱི་བཀའ་བབས། །མ་དག་དྲི་མ་ཀུན་སྦྱོང་ནུས་དབང་བཞི་ཡི་ཆུ་བོ། །སྙིང་གི་ཟིལ་དངར་དུ་ཐོབ་པས་ཞེ་བློ་རང་བདེའོ། །སྣོད་བཅུད་ཡེ་ཤེས་ཀྱི་རོལ་པ་དཀྱིལ་འཁོར་དུ་ཤར་ཞིང༌། །མཚར་སྡུག་ཕྱག་རྒྱ་ཡི་གར་སྟབས་ཤིག་ཤིག་ཏུ་བསྒྱུར་བས། །རང་སེམས་བདེ་སྟོང་གི་གཞོན་ནུ་ཏིང་འཛིན་གྱི་འཆར་སྒོ །གུ་ཡངས་རྩེད་འཇོ་ལ་བྲེལ་བའི་དགའ་སྟོན་ཞིག་མྱོང་ངོ༌། །མ་རིག་སྙིང་དབུས་ཀྱི་སྦུབས་ལས་རང་བྱུང་དུ་འཁྲུངས་པ། ཁྱབ་བདག་ཧེ་རུ་ཀའི་ཞལ་བཟང་མངོན་སུམ་དུ་མཐོང་བའི། །འཁྲུལ་མེད་ལམ་བཟང་འདི་རྙེད་པ་བླ་མ་ཡི་བཀའ་དྲིན། །འཇམ་དཔལ་སྙི ང་པོ་ཡི་བཀའ་དྲིན་འཁོར་ཐབས་རང་མེད་དོ། །སྒོ་གསུམ་བག་མེད་ལས་དབེན་པའི་བསམ་གཏན་གྱི་ཁང་བུར། །ཆོས་བརྒྱད་འདི་སྣང་གི་འཁྲི་བ་ཕར་རྒྱབ་ཏུ་བསྐྱུར་ནས། །ཚེ་མཇུག་དོན་ལྡན་དུ་བྱེད་ནུས་སྒྲུབ་པ་ཡི་མཆོད་པས། །ལྷ་དང་བླ་མ་ཀུན་མཉེས་པའི་ཡིད་སྨོན་ཞིག་འཆའོ། །ཞེས་སོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ། 

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།