ཁྲི་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ་སྟེ་ངག་དབང་དཔལ་བཟང་གི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-19 20:48:18     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

222654797547263026.jpg

                    འཇམ་པའི་དབྱངས་དངོས་ངག་དབང་དཔལ་བཟང་པོ། །ཞེས་བསྔགས་པ་ཁྲི་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ་མཚན་གཞན་ངག་དབང་དཔལ་བཟང་ཞེས་གྲགས་པ་དེ་ནི། མདོ་ཁམས་ཀྱི་སའི་ཆ་རྨ་ཆུའི་བྱང་ངོས་སུ་སྐུ་འཁྲུངས་སྐུ་གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་དེ་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་རྩེ་གཅིག་ཏུ་དད་པས་རྗེའི་རྣམ་ཐར་ལྟར་དང་པོར་གཞུང་ལུགས་ཆེན་མོ་རྣམས་ལ་སྦྱངས་ཏེ་ཐོས་པ་ཕུ་ཐག་ཆོད་པ་ཞིག་བྱ་བ་དང༌། ཐོས་དོན་རང་གི་རྒྱུད་ལ་སྦྱར་ཏེ་ཉམས་ལེན་མཐར་ཕྱིན་པ་ཞིག་བྱ་བ་དང་རྒྱུད་འབྱོངས་པ་ན་སྒྲུབ་འབྲས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་བྱ་བར་འདོད་ནས་དབུས་གཙང་གི་ལྗོངས་སུ་བྱོན་ནས་འབྲས་སྤུངས་སུ་ཕེབས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཕར་ཕྱིན་དང་དབུ་མ་དང༌། འདུལ་བ་དང༌། མཛོད་དང་རྣམ་འགྲེལ་རྣམས་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་མཁས་མང་རྒྱ་མཚོ་ལྟ་བུའི་དབུས་སུ་དམ་བཅའ་བཞག་སྟེ་དཀའ་བཞིའི་གྲྭ་སྐོར་མཛད།

                    དེ་ནས་སྔགས་ལ་སྦྱོང་བར་བཞེད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞི་ག་དང་ཁྱད་པར་བླ་མེད། དེའི་ནང་ནས་ཀྱང་ཕ་རྒྱུད་གསང་བ་འདུས་པ་དང༌། མ་རྒྱུད་འཁོར་ལོ་སྡོམ་པ་གཉིས་ཀྱི་རྒྱུད་འགྲེལ་པ་དང་བཅས་པ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་རང་གི་ཡོན་ཏན་གྱི་བྱེད་པོས་རྒྱུད་སྨད་ཀྱི་ཁྲི་ལ་ཕེབས་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་བཞི་སྦྲགས་ཀྱི་སྒོ་ནས་གཟབ་བཤད་དང༌། རྒྱུད་ཀྱི་ཊཱིཀྐ་ངག་ཐོག་ནས་འཛིན་ཆོས་དང༌། རིན་པོ་ཆེ་ལྟ་བུའི་གདུལ་བྱ་རྣམས་ལ་འདུས་པའི་བསྐྱེད་རྫོགས་ཀྱི་མྱོང་ཁྲིད་གནང་སྟེ་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་སྤེལ། གཞན་ཡང་གངས་རིའི་ཁྲོད་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་དང༌། བཀའ་གདམས་གཞུང་དྲུག་སོགས་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་གསུང་ཕལ་མོ་ཆེ་དང༌། རྗེ་ཡབ་སྲས་ཀྱི་གསུང་ཕལ་མོ་ཆེའི་ལུང་གསན་པས་དེ་དུས་གངས་རིའི་ཁྲོད་ན་བླ་མ་འདི་ལུང་གསན་རྒྱ་ཆེ་བར་གྲགས། དེ་ནས་ཐོས་དོན་སྒྲུབ་པ་སྙིང་པོར་བྱ་བར་བཞེད་ནས་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཀུན་མཁྱེན་ལྔ་པ་ཆེན་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཟླ་ཆོས་སུ་རྒྱས་པར་གསན་ཅིང་ཉམས་སུ་བླངས་ཏེ་མྱོང་བ་ཐོན་པར་མཛད།

                    དེ་ནས་རང་གི་རྒྱུད་སྨིན་པ་ན། སྐལ་བ་དང་ལྡན་པ་གཞན་དག་ལའང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་སྩལ། གཞན་ཡང་རང་རང་གི་དབང་པོ་དང་འཚམ་པར་མདོ་སྔགས་ཀྱི་ཆོས་ཀྱི་ཆར་ཕབ། དེ་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་ལམ་རིམ་འཆད་པ་དང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་ཏུ་སྐྱེས་རབས་སོ་བཞི་པའི་གཟབ་བཤད་མཛད་པ་སོགས་རྗེ་བདག་ཉིད་ཆེན་པོའི་མཛད་བཟང་རྣམས་ཉམས་པ་མེད་པར་བསྐྱངས་ཏེ་དགའ་ལྡན་ཁྲི་ཐོག་ཉིད་དུ་ཞིང་གཤེགས་ཏེ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཁྲི་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང༌། བླ་མ་དམ་པ་འདིའི་རྣམ་ཐར་ལྟར་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ།། །།

                                                                                                                        རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།