འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-18 21:04:36     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

90826978328408125.jpg

                  རིགས་ཀུན་བདག་པོ་སྣང་མཛད་རྡོ་རྗེའི་ཞབས། །ཞེས་བསྔགས་པ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ནི་ཨེའི་སྐྱོང་ཁར་དུ་ཡབ་དཔོན་ཚེ་དབང་ནོར་རྒྱས་དང་ཡུམ་རྒྱལ་མོ་འཛོམ་གཉིས་ཀྱི་སྲས་སུ་ལྕགས་མོ་བྱའི་ལོར་སྐུ་འཁྲུངས། འཁྲུངས་ཙམ་ཉིད་ནས་དྷཱིཿཡིག་དང་དྷཱིཿཡིག་ངག་ནས་བཟླ་བ་དང༌། འཇམ་དབྱངས་ཀྱི་གཟུངས་བརྒྱུད་མར་བཟླ་བ་ཞིག་བྱུང༌། ཚེ་རབས་མང་པོར་གོམས་པའི་བག་ཆགས་སད་པས་ཁྱིམ་གྱི་འདུ་འཛི་ལ་མི་དགའ་ཞིང་ཆོས་ལ་དགའ་བ་དང༌། གཞན་ལ་ཆོས་སྟོན་པ་དང༌། གཞན་ལ་དབང་བསྐུར་བའི་སྟངས་ཀ་བྱེ ད་པ་ཞིག་བྱུང༌། ཡི་གེ་འབྲི་ཀློ ག་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བདུན་བརྒྱད་ནས་སྤྱིར་འཁོར་བའི་གནས་མཐའ་དག་ལ་སྐྱོ་ཞིང་ཡིད་འབྱུང་བ་དང༌། ལྷག་པར་ཁྱིམ་གྱི་གནས་ལ་བཙོན་རའི་འདུ་ཤེས་ངང་གིས་སྐྱེ་བ་ཞིག་བྱུང༌། སྲང་བར་གྱི་ཁྱི་ཉམ་ཐག་ཞིག་གཟིགས་པས་རྐྱེན་བྱས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རྒྱུན་དུ་སྐྱེ་བ་ཞིག་བྱུང༌། དགུང་ལོ་བཅུ་པའི་ཚེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་མཇལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་གསན། དེ་ནས་དབང་ལུང་མན་ངག་རྒྱ་ཆེར་གསན་ཞིང་དགེ་བའི་བཤེས་གཉེན་གཞན་མང་པོ་ལའང་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། དེ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཏེ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བསོད་ནམས་རྣམ་རྒྱལ་ཞེས་གནང༌། དེ་ནས་བཤེས་གཉེན་དམ་པ་མང་པོ་ལ་ཆོས་མང་དུ་གསན་ཞིང༌། དགུང་ལོ་ཉི་ཤུ་ལ་བབ་པ་ན། མཁས་པའི་དབང་པོ་འོལ་ཁ་བ་བློ་བཟང་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། དྭགས་པོ་གྲྭ་ཚང་དུ་ཕེབས། མཁས་པའི་དབང་པོ་དེ་ཉིད་ཡོངས་འཛིན་དུ་བསྟེན་ཏེ། ཕར་ཕྱིན་དང༌། དབུ་མ་དང༌། འདུལ་བ་དང༌། མཛོད་དང༌། རྣམ་འགྲེལ་རྣམས་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ནས་སེར་བྱེས་སུ་ཕེབས་ནས་མཁས་པའི་དབང་པོ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང༌། མཁས་པའི་དབང་པོ་འཕྲིན་ལས་ལྷུན་གྲུབ་གཉིས་རིམ་བཞིན་ཡོངས་འཛིན་དུ་བསྟེན་ཏེ་སེ་ར་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཏེ་གྲྭ་སྐོར་མཛད།

                   དེ་ནས་ལྷས་ལྟག་དགོན་དུ་ཕེབས་ཏེ་སྤྱན་སྔ་ཆོས་དཔལ་བཟང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་དཔལ་ཨ་ཏི་ཤ་དང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་གཉིས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ཏེ་མྱོང་བ་ཐོན་པར་མཛད། དེ་ནས་ཤར་པ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང༌། རིམ་གཉིས་ཀྱི་ཁྲིད་གསན་ཏེ་བསྒོམས་ནས་མྱོང་བ་ཐོན་པར་མཛད། དེ་ནས་དགུང་ལོ་སོ་བཞི་པ་ཤིང་ཕོ་རྟའི་ལོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་ཆོས་རྗེ་དཔལ་འབྱོར་རྒྱ་མཚོས་མཁན་པོ་དང༌། ཆོས་རྗེ་དགེ་འདུན་རྒྱལ་མཚན་གྱིས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། དཔལ་འབྱོར་ལྷུན་གྲུབ་ཏུ་མཚན་གསོལ། དེ་ནས་རྒྱུད་སྨད་དུ་ཕེབས་ཏེ་མཁས་གྲུབ་རྣམ་རྒྱལ་དཔལ་བཟང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ལ་སྦྱངས་ཤིང་རྗེ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་བདེ་གསང་འཇིགས་གསུམ་གྱི་མན་ངག་སོགས་ཆོས་མང་དུ་གསན་ཞིང་ལོ་བཞི་བཞུགས། དེ་ནས་དགེ་བའི་བཤེས་གཉེན་དུ་མ་ལ་རྗེ་བདག་ཉིད་ཆེན་པོའི་མདོ་སྔགས་ཀྱི་ཆོས་རྣམས་ལེགས་པར་གསན། དེ་ནས་མཁས་ཤིང་གྲུབ་པའི་སྙན་པ་ཕྱོགས་ཐམས་ཅད་དུ་རྒྱས་པ་ན་གསང་ཕུ་ཉི་མ་ཐང་གི་ཁྲི་ལ་གདན་དྲངས་ཏེ་ལོ་གཅིག་གི་རིང་འཆད་ཉན་མཛད།

                  དེ་ནས་སེ་ར་བྱེས་མཁས་མང་གྲྭ་ཚང་གི་ཁྲི་ལ་གདན་དྲངས་ཏེ་འཆད་ཉན་རྒྱུན་རིང་མཛད། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྤྱན་དྲངས་ཏེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གཟིམ་ཆུང་ཉི་འོད་འཁྱིལ་པར་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་པའི་ཚེ་དམ་པ་འདིས་ཀྱང་ཕེབས་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་གསོལ་བ་བཏབ་ནས་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་གསན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་དམ་པ་འདི་ལ་བསྔགས་པ་ཆེ་བར་མཛད་དོ། །དེ་ནས་སེ་ར་བྱེས་ཀྱི་ཁྲི་བཞག་སྟེ་ཕ་བོང་ཁར་ཕེབས་ནས་སྒྲུབ་པ་ཡུན་རིང་དུ་མཛད་པས་ཕ་བོང་ཁ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཅེས་ཡོངས་སུ་གྲགས། འཁོན་སྟོན་ཞེས་པ་ནི་རིགས་རྒྱུད་ལས་མཚན་དུ་བཏགས་པ་སྟེ་འཇམ་དབྱངས་འཁོན་གྱི་རིགས་ཡིན་པར་བཤད་དོ། །དེ་ནས་སྐལ་བ་དང་ལྡན་པ་མང་པོ་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་གསང་བདེ་འཇིགས་གསུམ་གྱི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཆོས་རྒྱ་ཆེར་སྩལ་ཅིང༌། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་ཡོངས་འཛིན་དུ་བསྟེན་ཏེ་རིགས་ཀྱི་ཅོད་པན་དུ་འཛིན་པར་མཛད་དོ། །དམ་པ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་གཤིན་རྗེ་གཤེད་ཀྱི་ཆོས་འབྱུང་དང་སྐྱབས་འགྲོའི་ཁྲིད་ཡིག་སོགས་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད།

                 དམ་པ་འདིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པས་རྒྱུད་འཛིན་གྱི་སློབ་མ་མཐའ་ཡས་པ་བྱུང་ཞིང༌། གཙོ་བོ་ནི་གངས་ཅན་འགྲོ་བའི་མགོན་པོ་ཀུན་མཁྱེན་ལྔ་པ་ཆེན་པོ་དང༌། བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་ཀྱི་བཀའ་བབ་པ་ནི་དཔལ་འབྱོར་འཕྲིན་ལས་རབ་རྒྱས་སོ།  །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་དོན་བདུན་དུ་ཕེབས་པ་མེ་མོ་གླང་གི་ལོར་ཞི་བར་གཤེགས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་གསོལ་བ་འདེབས་ཤིང་མཁས་གྲུབ་ཆེན་པོ་འདིའི་རྣམ་ཐར་ལྟར་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་ཕུ་ཐག་ཆོད་པར་བྱས་ནས་དབེན་པའི་གནས་སུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྒོམ་པ་ལ་བརྩོན་པར་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།