སྤྱན་སྔ་ཆོས་དཔལ་བཟང་བོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-18 21:01:36     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

97058295108396316.jpg

                   ཟབ་དོན་གདམས་པའི་བཀའ་བབ་ཆོས་དཔལ་བཟང༌། །ཞེས་བསྔགས་པ། སྤྱན་སྔ་ཆོས་དཔལ་བཟང་པོ་ནི། ལྷས་ལུང་པ་གྲ་ནམ་ཁང་དུ་སྤྱན་སྔ་བློ་གྲོས་རྒྱལ་མཚན་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་བརྒྱུད་མར་བྱོན་པའི་དགྱེར་གྱི་རིགས་སུ་སྐུ་འཁྲུངས། གཞོན་ནུ་ནས་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ལྷ་བཙུན་བསོད་ནམས་དཔལ་བ་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་བཤེས་གཉེན་དམ་པ་མང་པོ་བསྟེན་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ཤིང༌། ཁྱད་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པ་དང་གཤེགས་པར་འགྱུར་བའི་ལམ་པོ་ཆེ། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལེགས་པར་གསན་ཏེ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་གང་ཟག་རང་ཉིད་འཚང་རྒྱ་བའི་མན་ངག་ཏུ་ངེས་པ་རྙེན་ནས་ཚེ་འདིའི་བྱ་བ་ཐམས་ཅད་བཙན་ཆོད་དུ་བཏང་སྟེ་སངས་རྒྱས་དབོན་གྱིས་བཏབ་པའི་དབེན་གནས་ལྷས་ལྟག་དགོན་དུ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་རྩེ་གཅིག་ཏུ་བཞུགས་ཏེ་ལོ་མང་པོའི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་ཟུང་འཇུག་གི་བར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་རྩོལ་བྱས་དང་རྩོལ་མེད་ཀྱི་མྱོང་བ་རིམ་གྱིས་ཐོན་ཏེ་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་སྐལ་བ་དང་ལྡན་པ་གཞན་དག་ལའང་ཆོས་ཀྱི་བདུད་རྩི་སྩལ་བས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ། དེའི་ཚེ་བྱང་ཆུབ་ལམ་གྱི་རིམ་པ་དོན་དུ་གཉེར་བའི་སྐལ་ལྡན་རྣམས་ལྷས་ལྟག་དགོན་དུ་འདུ་བ་ཞིག་བྱུང་སྟེ་རྗེ་འདིས་བསྟན་པ་རྒྱ་ཆེར་སྤེལ་བས་རྒྱུད་འཛིན་གྱི་སློབ་མ་བགྲང་བ་ལས་འདས་པ་བྱུང་ཞིང༌། བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་ཀྱི་བཀའ་བབ་ནི་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་བོ། །

                   དེ་ལྟར་སྤྱན་སྔ་ཆོས་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་སྤྱན་སྔ་ཆོས་དཔལ་བཟང་པོ་ལ་གསོལ་བ་འདེབས་ཤིང་མཁས་གྲུབ་ཆེན་པོ་འདིའི་རྣམ་ཐར་ལྟར་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་དོན་ལམ་གྱི་ལུས་གཅིག་ཏུ་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པ་ཆིག་བསྒྲིལ་དུ་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ། 

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།