ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-17 20:46:03     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 262203419828328873.jpg

                    དེ་ནས་སྔར་ཨལ་ཐན་ཏ་རྒྱལ་པོའི་བླ་མཆོད་དུ་རྫོང་ཏ་གནང་བའི་ཆོས་རྗེ་བརྩོན་འགྲུས་བཟང་པོ་དང༌། ལོ་ཙཱ་བ་རྒོ་ཤྲཱི་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་སྐོར་རྒྱལ་པོའི་གམ་ནས་བསུ་བ་ལ་འབྱོར། རིམ་གྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན། སྐྱ་དར། རྒྱ་གླིང༌། ལས་ཚན་གོ་རིམ་པ་སོགས་གོང་མ་རྒྱལ་པོའི་བླ་མ་ལ་འོས་པའི་ཆེ་བ་དང་བཅས་ཏེ། ཡོན་ཏན་རིགས་སྟོབས་སོགས་ཀྱིས་མངོན་པར་མཐོ་བའི་དྲུང་འཁོར་རྣམས་ལས་ཚན་འདིའི་རྗེས་སུ་འདི་འགྲོ་སོགས་ཡིད་ལ་གང་དྲན་བྱས་པ་མ་ཡིན་པའི་ཡ་རབས་ཁུངས་བཙུན་གྱི་སྒྲིགས་བཅའ་བསྟར་དང་ལྡན་པའི་ཆིབས་རགས་གླང་པོ་ཆེ་ས་ལ་རབ་བརྟན་འཆི་མེད་དབང་པོའི་ཁྲུས་ཀྱི་རྫིང་བུར་དལ་གྱིས་རྒྱུ་བ་ལྟར་གཤེགས་པའི་གཡས་གཡོན་དང་རྒྱབ་རྣམས་སུ། རྒྱ་དང་སོག་པོ་སྐྱ་སེར་གྱི་རྟ་པ་སྟོང་ཕྲག་མང་པོ་ས་གཞི་མཐའ་དག་གཡོགས་པ་ལྟར་བསྐོར་ཏེ་ཚ་ཁད་གཅིག་ཙམ་ཕེབས་པ་ན། ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་རྩོད་དུས་ཀྱི་འཁོར་ལོས་སྒྱུར་བ། ཨལ་ཐན་རྒྱལ་པོ་ཉིད། མཐའ་འཁོབ་མུན་པའི་གླིང་དཀར་པོར་བྱས་པའི་བརྡ་ཆད་དུ་གོས་དཀར་པོ་གསོལ། འཁོར་ཁྲི་ཕྲག་ཙམ་དང་དེ་ཉིད་ཀྱི་བཙུན་མོའང་འཁོར་མང་པོ་དང་བཅས་ཏེ་འོངས་ནས། མཆོད་ཡོན་མཇལ་བའི་དགའ་སྟོན་གྱི་ཐོག་མར། དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཎྜལ་གསེར་གྱི་ཕོར་པ་ཡུལ་དབུས་ཀྱི་བྲེ་ཚད་ཤོང་བ་ཞིག་རིན་པོ་ཆེས་བཀང་བ། གོས་ཡུག་དཀར་སེར་དམར་ལྗང་སྔོན་པོ་རྣམས་ཉི་ཤུ་རེ། རྟ་དཀར་པོ་རིན་པོ་ཆེའི་སྒ་སྲབ་ཀྱིས་བརྒྱན་པ་བཅུས་ཐོག་དྲངས་པའི་རྟ་བརྒྱ། ཁྲོམ་ཟིལ་གནོན་གྱི་གོས་ཆེན་སྣ་ལྔ་པ་ཡུག་བཅུ། དངུལ་སྲང་སྟོང་ཕྲག་གཅིག །རས་དར་སོགས་དངོས་པོ་བསམ་གྱིས་མི་ཁྱབ་པ་ཕུལ།

                    དེ་ནས་ཁྲོམ་འབུམ་ཕྲག་ཙམ་ཚོགས་པའི་དབུས་སུ་མཆོད་ཡོན་ཉི་ཟླ་ཟུང་གཅིག་ཕེབས་ཏེ། ཧོང་ཐའི་ཇིས་གཏམ་བཏང༌། རྒོ་ཤྲཱི་པཀྵིས་ལོ་རྩཱ་བསྒྱུར་ཏེ། སྔོན་ནས་ཆད་དཀར་གནས་ཀྱི་རིགས་ལས་ཆད་པས་སྟོབས་ཆེ། རྒྱ་བོད་ཧོར་གསུམ་དྲག་པོས་དབང་དུ་བསྡུས། ས་སྐྱ་པ་དང་མཆོད་ཡོན་དུ་འབྲེལ་ཏེ་ཆོས་དར། སླར་ཐེ་མུར་རྒྱལ་པོ་ནས་ཆོས་ཆད། ལས་སུ་སྡིག་དང་ཟས་སུ་ཤ་ཁྲག་ཁོ་ན་ལོངས་སྤྱོད་པའི་མུན་ནག་ཁྲག་མཚོའི་གླིང་ལྟ་བུར། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་བཀའ་དྲིན་ལས་དམ་པ་ཆོས་ཀྱི་ལམ་བཏོད། ཁྲག་མཚོ་འོ་མར་བསྒྱུར་བ་འདི་བཀའ་དྲིན་ཆེ་བས། ཕྱོགས་འདི་ན་ཡོད་པའི་རྒྱ་བོད་ཧོར་སོགས་ཀུན་གྱིས་ཀྱང་དགེ་བ་བཅུའི་ཁྲིམས་གནས་པ་དགོས། ཉི་མ་དེ་རིང་ནས་ཁྱད་པར་སོག་པོ་ཆད་དཀར་ལ་ཁྲིམས་སུ་བཅའ་བ་ནི། སྔར་སོག་པོ་ཤི་བའི་རྗེས་སུ་དྲག་ཞན་གྱི་རྣམ་དབྱེས་རང་གི་ཆུང་མ་བྲན་གཡོག་རྟ་ནོར་སོགས་སྲོ ག་གཅོད་པ་ཡིན་ནའང༌། ད་ཕྱིན་ཆད་སྲོག་གཅོད་ཀྱི་ཡུལ་དུ་གྱུར་པའི་རྟ་ནོར་སོགས་སྟེང་དུ་ཇི་ཙམ་བློས་འཚམ་པར་བཅད་ནས་དགེ་འདུན་དང་བླ་མ་ལ་ཕུལ། བསྔོ་བ་སྨོན་ལམ་ཞུས། གཤེན་པོའི་རྗེས་སུ་དམིགས་པའི་སྲོག་གཅོད་གཏན་མ་བྱེད།

                    གལ་ཏེ་སྔར་བཞིན་མི་བསད་པ་བྱུང་ན་ཁྲིམས་ཀྱིས་ལུས་སྲོ ག་འབྲལ་བ་ཡིན། རྟ་ཕྱུགས་བསད་པ་བྱུང་ན་ཁྲིམས་ཀྱིས་ནོར་ཐམས་ཅད་འཕྲོག་བླ་མ་དང་དགེ་འདུན་གྱི་ཆ་ལུགས་ཅན་ལ་བརྡུང་འཚོག་སོགས་ལག་བཞག་པ་བྱུང་ན་ལག་འཇོག་མཁན་གྱི་གཞི་མ་ཐམས་ཅད་གཏོར། སྔར་ཨོང་བཀོད་དུ་གྲགས་པའི་གཤིན་པོ་ཐམས་ཅད་ཀྱི་གཟུགས་བྱས་པ་ལ་མིང་བཏགས་པའི་ཟླ་བ་བྱུང་རེས་ཀྱི་ཉ་སྟོང་བརྒྱད་གསུམ་ལ་རྟ་ཕྱུགས་བསད་པའི་ཁྲག་གིས་མཆོད་པ་དང༌། ལོ་དུས་ཀྱི་མཆོད་པ་ལ་དྲག་ཞན་གྱི་དབྱེ་བས་མང་ཉུང་མཐའ་ཡས་པ་ཞིག་གསོད་པ་རྣམས། དེང་ཕྱིན་ཆད་ནས་བཟུང་རྟེན་དེ་རྣམས་མེ་ལ་བསྲེགས་ནས་ལོ་ཟླའི་དུས་ཀྱི་མཆོད་པར་སྲོག་གཅོད་པ་གཏན་ནས་མ་བྱེད། གལ་ཏེ་བྱས་པ་བྱུང་ན་ཁྲིམས་ཀྱི་ཆད་པ་རྟ་ནོར་གང་བསད་ཀྱང༌། དེའི་བཅུ་འགྱུར་འཕྲོག་ཨོང་བཀོད་མེ་ལ་མ་བསྲེགས་ན་ཁྱིམ་གཏོར། ཨོང་བཀོད་ཀྱི་ཚབ་ཏུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུ་རེ་འཛིན་པ་དང༌། དེ་ལ་ཡང་དཀར་གསུམ་གྱི་མཆོད་པ་མ་གཏོགས། ཤ་ཁྲག་གི་མཆོད་པ་གཏན་ནས་མ་བྱེད། གཞན་ཡང་ཐམས་ཅད་ཀྱིས་དགེ་བ་ལ་འབད་པ་དང༌། ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་སྲུངས། རྒྱ་བོད་ཧོར་ཀུན་ལ་དགོས་མེད་ཀྱི་འཕྲོག་འཇོམས་མ་བྱེད། མདོར་ན་བོད་ཡུལ་དབུས་གཙང་དུ་ཇི་ལྟར་བྱ་བ་ལྟར་ཡུལ་ཕྱོ གས་འདིར་ཡང་བྱ་དགོས་ཞེས་ཁྲིམས་མང་དུ་བསྒྲགས་སོ། །ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་བ། ལོ་ཙཱ་བས་སོག་པོའི་སྐད་དུ་བསྒྱུར་ཏེ་ཀུན་གྱིས་གོ་བས། མཆོག་དམན་མཐའ་དག་ཡི་གེ་དྲུག་པ་བཟླ་བ་ལ་བརྩོན་པར་གྱུར། འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་མང་དུ་བབས་པ་སོགས་ཕྱོགས་དེར་འཇམ་མགོན་བླ་མའི་བསྟན་པ་ཆེས་ཆེར་འཕེལ་ཞིང་རྒྱས་པ་ལ་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བའི་རྟགས་དང་མཚན་མ་ངོ་མཚར་ཅན་མང་དུ་བྱུང་ངོ༌། །དེ་ནས་མཆོད་ཡོན་མཇལ་བའི་ས་དེར་གཙུག་ལག་ཁང་བཞེངས།གནས་དེར་རྟེན་གསུམ་དང་དགེ་འདུན་གྱི་སྡེ་མང་དུ་བཙུགས། རབ་ཏུ་གནས་པ་རྒྱ་ཆེར་མཛད།

                    དགའ་སྟོན་ལ་ཁྲོམ་ཟིལ་གནོན་གྱི་སྐུ་བེར་གསུམ་གྱིས་གཙོས་པའི་གོས་བཟོ་མ་བརྒྱ། ཁ་དོག་སྣ་ལྔ་པའི་གོས་ཡུག་བརྒྱ། རིན་པོ་ཆེའི་ཕྲེང་བས་གཙོས་པའི་ཕྲེང་བ་བརྒྱ། བུ་ལ་སོགས་པགས་རིགས་བརྒྱ། གསེར་གྱི་ཕོར་པ་ཆེན་པོ་མུ་ཏིག་གིས་བཀང་བ། དངུལ་དམ་འབྲུག་འཁོར་ཡོད་པ་བདུན་ཚར། དངུལ་སྲང་སྟོང་ལས་གྲུབ་པའི་ཁོག་མ། གསེར་གྱི་ཞྭ་དང་ན་བཟའ་ཆ་ཚང་སོགས་རྒྱལ་པོ་རང་ཉིད་ཀྱི་ཆས། དངུལ་སྲང་གསུམ་རེ་ལས་གྲུབ་པའི་ཅ་ནེ་དང་སྡེར་མ་བདུན་ཚར། རྟ་རྨིག་ལུག་རྨིག་གི་དབྱིབས་ཅན་དངུལ་སྲང་ལྔ་བརྒྱ། རས་ཟམ་སྟོང་ཕྲག་གཅིག་རྟ་དཀར་པོ་རིན་པོ་ཆེའི་སྒ་སྲབ་ཀྱིས་སྤྲས་པ་གསུམ་གྱིས་གཙོས་པའི་རྟ་བརྒྱ་སོགས་འབུལ་བ་གྲངས་ཀྱིས་མི་ལང་བ་ཕུལ། ཕྱོགས་དེའི་དད་ལྡན་སེར་སྐྱ་ཐམས་ཅད་ལ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་སྩལ་ཞིང་ཐམས་ཅད་ཀྱང་མགོན་པོ་སྤྱན་རས་གཟིགས་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་དད་པ་རྩེ་གཅིག་པའི་གནས་ལ་བཀོད་དེ་ཧོར་གྱི་ཡུལ་གྲུ་ཆེན་པོར་གནས་པའི་མི་དེ་དག་སྔོན་ཆད་ཟས་སུ་ཤ་དང་ཁྲག་ལ་དགའ་ཞིང༌། ལས་སུ་སྲོག་ཆགས་གསོད་པ་སོགས་སྡིག་པའི་ལས་འབའ་ཞིག་སྤྱོད་པ། བོན་སྣང་ཞེན་གྱིས་བསླུས་ཏེ་མི་ཤི་བའི་རྗེས་སུའང་སྲོག་ཆགས་མང་པོ་བསད་དེ་ལྷ་མཆོད་པ་སོགས་སྡིག་པའི་ལས་ཁོ་ན་སྤྱོད་པ་ལ་རྗེ་འདིས་སྡིག་པའི་ལྟ་བ་ཅན་དེ་དག་ཐམས་ཅད་བཏུལ་ཏེ་ཕྱོགས་དེ་དག་ཏུ་དཀོན་མཆོག་གསུམ་གྱི་རྟེན་བཞེང་བ་དང༌། ཡི་གེ་དྲུག་པ་དང་དམིགས་བརྩེ་མ་ཁོ་ན་འདོན་པ་དང༌། གཤིན་པོའི་དགེ་རྩར་ཡང་དཀོན་མཆོག་གསུམ་ཁོ་ན་མཆོད་པའི་སྲོལ་བཙུགས། འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དང༌། འཇམ་མགོན་བླ་མ་གང་དུ་འཁྲུངས་པའི་ས་སྐུ་འབུམ་སོགས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས། ཁྱད་པར་སྐུ་འབུམ་དུ་རྗེ་རིན་པོ་ཆེ་འཁྲུངས་པའི་ལྟེ་བའི་མཚལ་ཁྲག་ལས་བྱུང་བའི་ཙན་དན་གྱི་སྡོང་པོ་འཇིག་རྟེན་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་དེ་ཉིད་དངུལ་གྱིས་བཏུམས་ཏེ་མཆོད་རྟེན་དུ་བྱས། མདོ་སྔགས་གཉིས་ཀྱི་བཤད་གྲྭ་རྣམ་པར་དག་པ་བཙུགས་པ་སོགས་ཕྱོགས་དེ་དག་ཐམས་ཅད་འཇམ་མགོན་བླ་མའི་བསྟན་པའི་གདུགས་གཅིག་གིས་ཁྱབ་པར་མཛད་དོ། །

                   དོན་གྱི་དབང་འདི་ལ་གཟིགས་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྗེ་འདི་ལ་བསྟོད་པ་མཛད་པ་ན། བདག་ཉིད་ཆེན་པོ་གཞན་གྱིས་གདུལ་དཀའ་བ། །མ་རུངས་མཐའ་འཁོབ་སྐྱེ་བོ་མཐའ་དག་ལ། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་མཐར་ཕྱིན་པའི། །རྒྱལ་བའི་མཛད་པ་སྒྲུབ་ལ་གསོལ་བ་འདེབས། །ཞེས་དང༌། རྗེ་བློ་བཟང་ཡེ་ཤེས་ཀྱིས། གདུལ་དཀའ་མཐའ་འཁོབ་སྐྱེ་འགྲོར་ཐར་པའི་ལམ། །སྟོན་མཁས་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །ཞེས་བསྔགས་སོ། །རྗེ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གསེར་གྱི་ཡང་ཞུན་མཛད་ཅིང༌། གཞན་ཡང་གསོལ་འདེབས་བསྟོད་ཚོགས་དང་ཉམས་མགུར་སོགས་མང་དུ་ཡོད་དོ། །དེ་ནས་སེ་འབྲས་དགེ་གསུམ་སོགས་དབུས་གཙང་གི་ལྗོངས་ཀྱི་སེར་སྐྱ་དད་ཅན་ཚང་མས་དབུས་གཙང་དུ་འབྱོན་དགོས་པར་གསོལ་བ་ཤུགས་དྲག་བཏབ། རྗེ་འདི་ཉིད་ཀྱང་ཡར་འབྱོན་པར་ཕྱོགས་ཀྱང་ཁར་ཆིན་གྱི་རྒྱལ་པོས་ཕོ་ཉ་མངགས་ཏེ། མཐའ་འཁོབ་ཀྱི་ས་ཕལ་ཆེར་ན་འཁོད་པའི་གདུལ་བྱའི་རེ་བ་སྐོང་བར་མཛད་ཟིན་པས། ངེད་ཀྱི་ཡུལ་དུ་ཕེབས་དགོས་པའི་རྒྱུ་མཚན་ནན་དུ་ཕུལ་བས། ཀུན་མཁྱེན་ཟས་གཙང་སྲས་པོ་གྱད་ཀྱི་ཡུལ་རྩྭ་ཅན་དུ་གཤེགས་པ་ལྟར། ཁར་ཆེན་གསེར་ཡིག་པར་ཕེབས་པའི་བཀའ་ལན་གནང་སྟེ། བཞུགས་སྒར་རིམ་གྱིས་བཏེགས་ནས། ཧོར་རྒྱལ་པོའི་དུས་ཀྱི་ཕོ་བྲང་ཤང་ཏོ་ཞེས་པའི་ཤུལ་གྱི་སར་ཕྱགས་ཕེབས། རྒྱལ་བློན་འགའ་ཞིག་ལ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དབང་དང༌། སྐྱེ་བོ་ཕལ་ཆེར་ཡན་ལག་བརྒྱད་པའི་ཁྲིམས་སོགས་དགེ་བ་ལ་བཀོད། རྒྱལ་པོའི་འབུལ་ཆེན་གྱི་དུས། དངུལ་ལས་གྲུབ་པའི་ཁང་པ་ཀ་གཉིས་མ་ཙམ་ཞིག་ཏུ་བཞུགས་གདན་བཀོད་པས། རེ་ཞིག་སྔས་པ་ཙམ་ཡིན་ཡང་འདོད་པ་དང་བསྟུན་པས་ཆོག་གསུངས་ཏེ། དངུལ་གདུང་གི་རྟེན་འབྲེལ་དུ་དགོངས། གསེར་དངུལ་གོས་དར་རྟ་ཁྲབ་སོགས་འབུལ་བ་ཁྲི་ཕྲག་བརྒལ་བ་ཕུལ། དེར་དགེ་འདུན་གྱི་སྡེ་བཙུགས་འདུག་པ་ལ་རབ་ཏུ་གནས་པ་རྒྱས་པར་མཛད།

                   ཀུན་འཛིན་ཞེས་པ་ས་བྱིའི་ལོ་གསར་དང༌། སྨོན་ལམ་རླབས་པོ་ཆེ་གནང༌། ཟླ་བ་དང་པོའི་མཇུག་ནས་ཅུང་ཟད་བྲོ་འཚལ་བའི་རྣམ་པ་བསྟན། རྒྱ་ནག་གོང་མ་རྒྱལ་པོས་ཕོ་བྲང་དུ་ཕེབས་དགོས་པའི་གདན་འདྲེན་པར་མི་བརྒྱད་ཀྱིས་གཉའ་བས་བཏེག་པའི་གསེར་ཡིག་པ་མངགས་ཀྭ་དིང་ཏའི་གཽ་ཤྲཱིའི་མཚན་དང༌། ལས་ཀ་ཆེ་བ་འདི་རིས་བྱུང༌། རྟེན་འབྲེལ་དུ་དགོངས་ནས་ཕོ་བྲང་དུ་ཕེབས་པའི་ཞལ་བཞེས་མཛད། ནག་པ་ཟླ་བ་ནས་སྙུན་བབ་ལྕི་བའི་ཚུལ་བསྟན་ཏེ། གསུང་གི་ཐ་མ་དད་ལྡན་ཡོངས་ལ་ཞལ་གདམས་ཕྱག་བྲིས་སུ་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་ཞེ་དྲུག་ཏུ་ཕེབས་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ནག་པ་ཟླ་བའི་ཉེར་དྲུག་གི་ཐོ་རངས་ཞི་བར་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་གཤེགས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང༌། རྗེ་འདིས་ལམ་ཁྲིད་གསེར་ཞུན་དུ་ཇི་ལྟར་གདམས་པ་ལྟར་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་གནད་བསྡུས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པར་བྱའོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ། 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།