ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-17 20:40:19     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 90826978328408125.jpg

                    དེ་ནས་བྱང་གི་ཧོར་རྣམས་ཀྱིས་གསོལ་བ་བཏབ་ནས་ཧོར་གྱི་ཡུལ་དུ་ཕེབས་ཏེ་སྐྱེ་བོ་སྡིག་ཅན་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་ཅིང་འཇམ་མགོན་བླ་མའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད་དོ། །དེ་ནས་རྭ་སྒྲེང་དུ་ཕེབས་པ་ན་ཇོ་བོ་ཕྱིང་དཀར་བས་དངོས་སུ་གཟུགས་བསྟན་ཏེ་བསུ་བ་བྱས་ཤིང༌། རྭ་སྒྲེང་འདུས་ཚོགས་ལ་བཀའ་གདམས་གླེགས་བམ་དང་སྙིང་པོ་དོན་གསུམ་སོགས་ཆོས་མང་དུ་གནང༌། དེ་ནས་འབྲས་སྤུངས་སུ་ཕེབས་པ་ན་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་འཇའ་ལུས་གྲུབ་པ་རྡོ་རྗེ་མཆེད་གསུམ་གྱི་ནང་ཚན་སྟོད་ལུང་པ་དཔལ་ལྡན་རྡོ་རྗེ་དང་མཇལ་ཏེ་འཇམ་མགོན་སྙན་བརྒྱུད་ཀྱི་གདམས་ངག་མང་དུ་གསན་ནོ། །དེ་ནས་མིག་དམར་ཞེས་པ་ཤིང་ཕོ་བྱི ་བའི་ལོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམ་ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན། དགེ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཁན་པོ། ཁྲི་ལས་ཐོག་པ་དགེ་བཤེས་པོ་ཏོ་བའི་རྣམ་པར་སྤྲུལ་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་ལས་སློབ། ཤངས་དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བས་གསང་སྟོན། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་གིས་དུས་གོ་བ་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། དགེ་སློང་གི་སྡོམ་པ་བཞེས། མཁན་སློབ་སོགས་ལ་ཟང་ཟིང་གི་བསྙེན་བཀུར་དཔག་ཏུ་མེད་པ་མཛད། དེའི་ཚེ་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པ་ལྟར་འདུལ་ཁྲིམས་མཐའ་དག་ཉམས་པ་མེད་པར་བསྲུང་བར་མཛད་དེ་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར་ཏོ། །

                    དེ་ནས་བཀྲ་ཤིས་ལྷུན་པོའི་གྲྭ་ཚང་བླ་མ་རྣམས་དང༌། སྤྱི ་ནས་གཙང་ཕྱོ གས་སུ་འབྱོ ན་དགོས་པའི་གདན་འདྲེན་བྱུང་སྟེ་གཙང་ཕྱོགས་སུ་ཕེབས། ལམ་བར་གྱི་སེར་སྐྱ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་འདེབས་པར་མཛད་ཅིང་དབེན་དགོན་དུ་ཕེབས་ནས་རྒྱལ་བ་དབེན་ས་པ་ཆེན་པོའི་སྐུ་གདུང་ལ་མཆོད་འབུལ་སྨོན་ལམ་མཛད་ཅིང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་གསོལ་བ་བཏབ་བས་དབེན་དགོན་འདུས་ཚོགས་ལ་ཆོས་མང་དུ་གནང༌། དེ་ནས་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ཀྱིས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུས་ཏེ་འཇིགས་མེད་སེདྒེའི་ཁྲི་ལ་ཞབས་སེན་བཀོད་ནས་མདོ་སྔགས་ཀྱི་ཆོས་མང་དུ་སྩལ། དེ་ནས་བཀའ་གདམས་བསྟན་པའི་འབྱུང་གནས་སྣར་ཐང་དུ་ཕེབས་ཏེ་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་ཅིང་སེར་སྐྱ་མང་པོ་ལ་ཆོས་ཀྱི་བདུད་རྩི་སྩལ། དེ་ནས་གངས་ཅན་ཆོས་འཕེལ་དུ་ཕེབས་ཏེ་དཔལ་ལྡན་དམག་ཟོར་མ་ལ་བསྐང་བ་དང་འཕྲིན་བཅོལ་རྒྱ་ཆེར་མཛད་ཅིང་འདུས་ཚོགས་ལ་ཆོས་ཀྱང་སྩལ། དེ་ནས་ཁྲོ་ཕུར་ཕེབས་ཏེ་བྱམས་ཆེན་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་ས་སྐྱར་ཕེབས་ཏེ་རྟེན་རྣམས་ལ་མཆོད་འབུལ་མཛད་ཅིང༌། ལྷག་པར་བསེ་འབག་དེ་ལ་སུས་ཀྱང་རེག་མི་ནུས་པར་བྱེད་པ་ལ་རྗེ་འདིས་ཕྱག་གིས་རྡུལ་རྣམས་ཕྱིས་ཤིང་ཕྱག་གིས་བཟུང་སྟེ་སྤྱན་དམིགས་མཛད་པ་ན་ཆོས་སྐྱོང་དགྱེས་པའི་མཚན་མ་ངོ་མཚར་བ་བྱུང༌། དེ་ནས་ཁ་འུར་ཕེབས་ཏེ་དཔལ་མགོན་ཞལ་ལ་འཕྲིན་བཅོལ་མཛད་པས་ཆོས་སྐྱོང་དགྱེས་པའི་མཚན་མ་སྟོན་པ་དངོས་སུ་བྱུང༌། དེ་ནས་རིམ་གྱིས་འབྲས་སྤུངས་སུ་ཕེབས་ཏེ་བསྟན་པ་རིན་པོ་ཆེའི་སྲོག་ཤིང་གཡོ་བ་མེད་པར་བཟུང༌། དེ་ནས་སེ་རའི་དགེ་འདུན་ཚང་མས་དད་འདུན་རྩེ་གཅིག་པས་གདན་དྲངས་ནས་སེ་རར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དེ་ལྟར་རྗེ་འདི་ནི་བསྟན་པའི་དོན་དུ་ངལ་བ་མེད་པར་དབུས་གཙང་གི་སའི་ཆ་ཕལ་མོ་ཆེར་ཞབས་ཀྱིས་བཅགས་ནས་རྒྱལ་བའི་བསྟན་པ་ལ་མ་དད་པ་རྣམས་དད་པར་བྱས་དད་པ་རྣམས་ཕྱིར་ཞིང་དད་པ་འཕེལ་བར་བྱས་ཏེ་འཇམ་མགོན་བསྟན་པ་ཕྱོགས་ཀུན་ཏུ་འཕེལ་བར་མཛད།

                    གཙོ་བོར་འབྲས་སྤུངས་དང་རྒྱལ་གཉིས་གདན་ས་འདྲ་བར་མཛད་དེ་གཉིས་ཀར་རེ་མོས་ཀྱིས་བཞུགས་ཤིང་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ལེགས་པར་བསྐྱངས། བསྟན་པའི་བྱ་བ་དེ་ལྟར་མཛད་པའི་སྐབས་ཀུན་ཏུའང་ཐུགས་དམ་གྱི་རིམ་པ་རྣམས་འཆག་མེད་དུ་མཛད། དེ་ཡང་ཉིན་ཞག་ཕྲུགས་གཅིག་ལ་ཐུགས་དམ་གྱི་རིམ་པ་ཇི་ལྟར་མཛད་པ་ནི། ཐོག་མར་ཁྲུས་དང་ཉེ་རེག་གནས་བསྲུང་བ། སྐྱབས་འགྲོ། ཕྱག་མཆོད། ལམ་རིམ་གྱི་ཁྲིད། སྒྲ་མི་སྙན་དང༌། མགོན་པོ་ཆེ་ཆུང་གི་ཚེ་སྒྲུབ། ལྷ་བཞི་དྲིལ་སྒྲུབ་ཀྱི་དབང༌། སྙིང་ཞུགས་འཕོ་བ་དང་བཅས་པ། འཇམ་ནག འཇམ་དབྱངས། བླ་མའི་རྣལ་འབྱོར། སེམས་བསྐྱེད། བསམ་གཏན་ཉལ་ཆོག །བདེ་མཆོག་ལུས་དཀྱིལ། རྩ་སྔགས་བརྒྱ་རྩ། སྙིང་པོ་དང་ཉེ་སྙིང་སུམ་བརྒྱ། མི་འཁྲུགས་པ། དེའི་གཟུངས་སྔགས་བརྒྱ་རྩ། བཀའ་གདམས་ལྷ་བཞིའི་སྒོམ་བཟླས་དང་སྔགས་བརྒྱ་རྩ། བསྟོད་ཚོགས་དང་སྨོན་ལམ་སྐོར་འགའ་ཞིག །ཚེ་དཔག་མེད་ཀྱི་བསྐྱེད་རྫོགས། ཚེ་ཁྲིད། སྒྲོལ་དཀར། འཇམ་དབྱངས། དབྱངས་ཅན་དཀར་དམར། མཁའ་སྤྱོད་མ་རྣམས་ཀྱི་བཟླས་བསྙེན། བདེ་མཆོག་གདན་བཞིའི་བསྙེན་པ་སུམ་བརྒྱ། སྔགས་རིང་ཉེར་གཅིག་རེ་བཟླ་ཞིང༌། གཙོ་བོར་ལམ་རིམ། བློ་སྦྱོང༌། གཅོད་དམིགས། རིམ་གཉིས་ཀྱི་ཁྲིད་རྣམས་སྐྱོང་བར་མཛད་ཅིང༌། ཆོས་སྐྱོང་མང་པོའི་བསྐང་གསོ་བསྟོད་བསྐུལ་རྣམས་འཆག་མེད་དུ་མཛད། དེ་ནས་ལྕགས་ལུག་གི་ལོ་ཨལ་ཐན་རྒྱལ་པོས་རྗེ་འདིའི་སྙན་པ་གསན་པས་དད་པ་ཐོབ་སྟེ་ཤར་ཕྱོགས་སོག་ཡུལ་དུ་འབྱོན་དགོས་པར་གསོལ་བ་བཏབ། རྗེ་འདིས་ཀྱང་རང་གི་གདུལ་སྐལ་དུ་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས། སླར་མཚོ་ཁར་མཆོད་ཡོན་ཞལ་འཛོམ་རྩིས་ཀྱི་ཞལ་བཀོད་གནང་སྟེ་རེ་ཤིག་བླ་མཆོད་དུ་འདུལ་བ་བླ་མ་བརྩོན་འགྲུས་བཟང་པོ་རྫོང་ཏ་མཛད།

                     དེ་ནས་མཚོ་སྔོན་དུ་ཕེབས་པའི་དུས་ལ་བབ་པ་ན་ཕེབས་བསྐྱེལ་དུ་བྱོན་པའི་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། སེ་འབྲས་ཀྱི་སློབ་དཔོན། རིན་པོ་ཆེ་བོད་མཁར་བ། གཙང་པ་པཎ་ཆེན་རིག་པ་སེདྒེ། དབེན་ས་པ་སངས་རྒྱས་ཡེ་ཤེས། དཔོན་སློབ་བཀྲས་རིན་པ། རྒྱལ་ནས་སྒར་པ་དཔོན་སློབ་ནམ་མཁའ་བྱམས་པ་སོགས་མདོར་ན་ཨེ་དྭགས་ཡར་ཀླུངས་ཕྱོགས་ཀྱི་མཁན་སློབ་མང་པོ། རྩེ་གོང་དཀར་གྱི་སྐུ་ཚབ། སྡེ་ཕྲན་མང་པོའི་ངོ་ཚབ་དང༌། ས་སྐྱོང་བཀྲ་ཤིས་རབ་བརྟན་དཔོན་གཡོག་སོགས་ཕལ་ཆེར་དེ་ཁ་ནས་ལོག་རྩིས་ཀྱིས་གསུང་གླེང་གནང་སྦྱིན་མཛད། རྭ་སྒྲེང་ནས་ཆིབས་ཐོག་ཏུ་འཁྱོལ་ཐོག །ས་སྐྱོང་བཀྲ་ཤིས་རབ་བརྟན་པས་ཆིབས་ཡོབ་ལ་འཇུས་ནས། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །ཅེས་ཚིག་རྐང་གཉིས་འཕྲལ་རྩོམ་མཛད་ཐོག་མཆི་མས་བརྣངས་ཏེ་གསུང་རྒྱུ་མ་བྱུང་བས། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་ཆིབས་ཐོག་ནས་གནང་ངོ༌། །དེ་ནས་ཆིབས་བསྐྱོད་དེ་འབྲི་ཆུ་ཁར་ཕེབས་པ་ན་ལྷ་འདྲེའི་ཆོ་འཕྲུལ་གྱིས་འབྲི་ཆུ་གློ་བུར་དུ་འཁྲུགས་ཤིང་གཡོ་བས་ཕན་ཚུན་དུ་བགྲོད་དཀའ་བ་ལ། ཁྲོ་བོའི་ལྷ་སྟངས་དང་སྡིགས་མཛུབ་མཛད་པ་ཙམ་གྱིས་མི་ཕྱུགས་མཐའ་དག་བདེ་བར་བགྲོད་ཆོག་པ་བྱུང༌། དེ་ནས་རིམ་གྱིས་ཉ་མཚོ་སྟོད་དུ་ཕེབས། དགོན་པས་གཅོས་པའི་སྐྱ་སེར་གྱི་ཁྲོམ་ཆེན་པོ་འཚོགས་ཏེ། གསེར་སྲང་སྟོང་ཕྲག་གསུམ་ཙམ་གྱིས་གཙོས་པའི་ཟང་ཟིང་གི་འབུལ་བ་རྒྱ་ཆེར་ཕུལ། བླ་མའི་རྣལ་འབྱོར། ཡི་གེ་དྲུག་པའི་བཟླས་ལུང༌། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ཏུ་ཉེ་བ་སོགས་གནང་སྟེ་ཀུན་ཀྱང་ཐར་པའི་ལམ་ལ་བཀོད། དེ་ནས་རྨ་ཆུའི་འགྲམ་དུ་བཞུགས་སྒར་ཕེབས་པ་ན། ཚུར་མཐོང་གི་སྐྱེ་བོ་རྣམས། ཆུ་འདི་ཧ་ཅང་ཆེ་བས་རེ་ཤིག་བགྲོལ་བར་མི་ནུས་སོ་ཞེས་སྨྲས་པ་ལ། སང་ནམ་ལངས་ཏེ་ལྟས་ཙ་ན་དོང་པུས་ནུབ་ཙམ་ལས་མི་འདུག་པས་ཐམས་ཅད་སྨྲ་མི་ཤེས་པའི་ཡ་མཚན་དུ་གྱུར། དེ་ནས་རིམ་གྱིས་ཨ་རིགས་དཀར་པོ་ཐང་དུ་བཞུགས་སྒར་བཏེག་སྐབས་ཨ་རིག་རྣམས་ཀྱིས་རྟ་སྟོང་ཕྲག་དང་ཕྱུགས་ཁྲི་ཚོར་ཉེ་བའི་འབུལ་བ་ཕུལ། འཇའ་འོད་ཀྱི་གུར་དང་ལྷའི་མེ་ཏོག་གི་ཆར་བབས། སྐྱེ་བོ་མཐའ་དག་ལ་ཐར་པའི་ས་བོན་བསྐྲུན་པར་མཛད།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།