ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-17 20:33:59     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 28363811256457924.jpg

                    ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་སྡེ། །ཞེས་བསྔགས་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནི། སྟོད་ལུང་ཁང་གསར་གོང་དུ་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང༌། ཡུམ་དཔལ་འཛོམ་བུ་ཁྲིད་གཉིས་ཀྱི་སྲས་སུ་ཆུ་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ར་བའི་ཉེར་ལྔ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་འཁྲུངས། དེ་ཡང་གྲོད་བཏུམས་སུ་འཁྲུངས་ཏེ་ཤེལ་ལྟར་དཀར་ཞིང་དྭངས་པའི་གྲོད་པའི་ནང་དུ་བཞུགས་པ་ཉི་འོད་ཀྱིས་པདྨ་བྱེ་བ་ལྟར་འཁྲུངས་མ་ཐག་ངང་གིས་གྲོད་པ་ཕྱེ་ནས་ཤེལ་ལྟར་དྭངས་པའི་སྐུ་བལྟམས་པས་ཆོག་མི་ཤེས་པ་མཚན་དཔེ་དང་ལྡན་པ་ཞིག་བྱོན་ནོ། །དེའི་ཚེ་ནམ་མཁའི་ཁྱོན་ཐམས་ཅད་འཇའ་གུར་གྱིས་གང་ཞིང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། འཁྲུངས་མ་ཐག་ར་མ་དཀར་མོའི་འོ་མ་ཞལ་དུ་གསོལ་བ་དང་མཉམ་དུ་ཡབ་ཡུམ་གཉིས་ཀྱིས་ཤིས་པ་བརྗོད་ཅིང་ར་ནུ་སྲི་ཆོད་དཔལ་བཟང་པོ་ཞེས་མཚན་གསོལ། འཁྲུངས་ཙམ་ཉིད་ནས་མ་ཎི་ཞལ་འདོན་དུ་མཛད་པ་ཞིག་བྱུང་ཞིང་ཐ་མལ་གྱི་སྤྱོད་པ་ཐམས་ཅད་ལས་འདས་ཏེ་ཆོས་འཆད་པའི་ཕྱག་རྒྱ་དང༌། ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ་མཛད་ཅིང༌། དགུང་ལོ་གསུམ་ཙམ་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་ཀྱི་མཛད་པ་རྣམ་ཐར་ཐམས་ཅད་རྗེས་སུ་དྲན་ཏེ་དེ་དང་དེའི་ངང་ཚུལ་ཁོ་ན་མཛད་ཅིང༌། ཞལ་ནས་ཀྱང་དེ་བཞིན་དུ་གསུང་བ་ཞིག་བྱུང་བས་ཕྱོགས་ཐམས་ཅད་དུ་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུར་གྲགས། དེ་ནས་དྲུང་ཆེན་གསུང་རབ་པ་དང༌། འབྲས་སྤུངས་ཀྱི་བླ་སྤྱི་རྣམས་གྲོས་མཐུན་པར་མེ་ཕོ་རྟའི་ལོ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་གྱི་ཉིན་འབྲས་སྤུངས་ཀྱི་དགེ་འདུན་ཚང་མས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་དགའ་ལྡན་ཕོ་བྲང་གི་འཇིགས་པ་མེད་པའི་སེང་གེའི་ཁྲི་ཆེན་པོ་ལ་ཞབས་ཀྱི་པདྨོ་བཀོད་དོ། །

                    དེ་ནས་སློབ་དཔོན་རིན་པོ་ཆེ་བསོད་ནམས་གྲགས་པའི་དྲུང་དུ། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་བསྟན་པའི་ཉི་མ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གསོལ། དེ་ནས་ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་འབྲས་སྤུངས་ནས་བཏེག་སྟེ་རིམ་གྱིས་ལམ་བར་གྱི་སྐྱེ་འགྲོ་རྣམས་ལ་མཐོང་ཐོས་དྲན་རེག་གི་འབྲེལ་པ་བཞག་སྟེ་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་རྒྱལ་མེ་ཏོག་ཐང་དུ་ཕེབས། དེའི་ཚེ་དཔལ་ལྡན་དམག་ཟོར་མས་དགྱེས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ཅིང༌། རྒྱལ་གྱི་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་དང་དགེ་འདུན་རྣམས་ལ་ཆོས་ཀྱི་བདུད་རྩི་སྩལ། དེ་ནས་ཚུར་འབྲས་སྤུངས་སུ་ཕེབས། ཞི་བ་ཞེས་པ་ས་མོ་བྱའི་ལོ་ས་ག་ཟླ་བའི་དུས་ཆེན་ཚེས་བཅོ་ལྔ་ཉིན་པཎ་ཆེན་བསོད་ནམས་གྲགས་པས་མཁན་པོ་དང༌། གསང་ཕུ་ཆོས་རྗེ་ལེགས་པ་དོན་གྲུབ་ཀྱིས་ལས་སློབ་མཛད་དེ་དགེ་ཚུལ་དུ་སྒྲུབ་པར་མཛད། དེ་ནས་པཎ་ཆེན་བསོད་ནམས་གྲགས་པའི་དྲུང་དུ་ཚེ་དབང་གྲུབ་རྒྱལ་མ། རྣམ་སྲས་སེར་ཆེན། འདོད་ཁམས་དབང་ཕྱུག་དམག་ཟོར་མ། མཁས་གྲུབ་དཔལ་ལྡན་སེང་གེ་ལགས་ཀྱི་དཔལ་མགོན་ཞལ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ་རྣམས་ཀྱི་རྗེས་གནང་གསན། གླིང་སྟོད་ཆོས་རྗེ་ལེགས་དོན་པའི་དྲུང་དུ་འཇིགས་བྱེ ད་ཀྱི་སྔགས་བཏུ། བླ་མ་ལྔ་བཅུ་པའི་ཊཱིཀྐ། ལམ་རིམ་ཆེ་ཆུང༌། ལམ་སྒྲོན། བྱང་ཆུབ་གཞུང་ལམ། འདུལ་བའི་བསླབ་བྱ་ཆེ་ཆུང༌། གཞི་གསུམ་ཆོ་ག ལས་ཆོག །རྩ་འཇུག་གཉིས་དང༌། དེའི་ཊཱིཀ་ཆེན། འགྲེལ་པ་དོན་གསལ། རྣམ་བཤད་སྙིང་པོ་རྒྱན། ཚད་མ་རྣམ་འགྲེལ། རྣམ་བཤད་ཐར་ལམ་གསལ་བྱེད། མཛོད། མདོ་རྩ། དྲང་ངེས་རྣམ་འབྱེད། དཔེ་ཆོས། རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས། མཁས་གྲུབ་བཀའ་འབུམ་ཐོར་བུ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་རྣམས་ཀྱི་ལུང་གསན། ཤར་རྩེ་ལེགས་དོན་པའི་དྲུང་དུ། འཇམ་དཀར་སྤྱན་རས་གཟིགས་ཕྱག་བཞི་པ། མགོན་པོ་སྙིང་ཞུགས། འཁོར་བརྒྱད་མ། རྟ་མགྲིན་གསང་སྒྲུབ། ལྕགས་རལ་ཅན། ཨུ་ཙརྱ། ཕྱག་བཞི་པ་ཚལ་ལུགས། སྒྲོལ་དཀར། ཚེ་རིང་མཆེད་ལྔ། ཡེ་ཤེས་ཁྱུང་ཁྲ། བེཀྩེ། དམར་པོ་སྐོ ར་གསུམ། ཀུ་རུ་ཀུལླེ་གསང་སྒྲུབ། སྒྲོལ་མ་ཉི་ཤུ་རྩ་གཅིག །རྣམ་སྲས་རྟ་སྔོན་ཅན། བེ་ཅོན་ཅན། མདུང་དམར་ཅན། ཕྱག་འཚལ་བཞི་པ། གར་མཁན་མཆོག །དྲག་བྱེད་དཀར་པོ། ཚེ་སྒྲུབ། ཤྲཱའ་མ་ཎ། སེང་ལྡེང་ནགས་སྒྲོལ། སེང་གདོང་མ། སྨེ་བརྩེགས་རྣམས་ཀྱི་རྗེས་གནང༌། འཇིགས་བྱེ ད་ཀྱི་སྔགས་བཏུ། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ལུང༌། གསང་འདུས་འཇམ་རྡོར་དང༌། འཇིག་རྟེན་དབང་ཕྱུག་གཉིས་ཀྱི་དབང༌།བཀའ་གདམས་ཐིག་ལེ་བཅུ་དྲུག་དང་གླེགས་བམ་གྱི་ལུང་རྣམས་གསན། དེ་རྣམས་ཀྱི་དོན་ཐམས་ཅད་ཐོས་བསམ་གྱིས་གཏན་ལ་འབེབས་པ་དང་ཉམས་བཞེས་མཛད་དོ། །

                    དེ་ནས་རྒྱལ་དང་འབྲས་སྤུངས་གཉིས་རེ་མོས་སུ་བཞུགས་ཞིང་ལམ་བར་གྱི་ཆོས་སྡེ་རྣམས་སུ་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ། དེ་ནས་ཡོངས་འཛིན་ཅེས་པ་ཆུ་ཕོ་བྱི་བའི་ལོ་པཎ་ཆེན་བསོད་ནམས་གྲགས་པས་ཟུར་བཞུགས་མཛད་དེ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོའི་འཇིགས་མེད་སེང་གེའི་ཁྲི་ལ་ཞབས་སེན་བཀོད་དེ་ལུགས་གཉིས་ཀྱིས་སྐྱོང་བར་མཛད་དོ། །དེ་ནས་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་སྔ་དྲོ་འཁྲུངས་རབས་སོ་བཞི་པའི་གཟབ་བཤད། ཕྱི་དྲོ་སྨོན་ལམ་དང་བསྔོ་བ་མཛད་པ་སོགས་རྗེ་རིན་པོ་ཆེའི་མཛད་ཆེན་མ་ཉམས་པར་སྐྱོང་བར་མཛད། དེའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བས་མེ་ཏོག་གི་ཆར་ཆེན་པོ་ཕབ་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །དེ་ནས་ཆོས་རྗེ་བསོད་ནམས་གྲགས་པའི་དྲུང་དུ། གསང་བ་འདུས་པ་མི་བསྐྱོད་པའི་དབང༌། རིག་བྱེ ད་མའི་རྗེས་གནང༌། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང༌། བེའུ་བུམ་སྔོ ན་པོ་རྩ་འགྲེལ། ཀརྨ་ཤ་ཏཾ། མེ་ཏོག་ཕྲེང་རྒྱུད། དགའ་ལྡན་ཆོས་འབྱུང༌། གནས་བཅུའི་སྒྲུབ་ཡིག་རྣམས་ཀྱི་ལུང་གསན་ནོ། །

                   དེ་ནས་གྲུབ་པའི་དབང་ཕྱུག་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ལ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་དང༌། བཅུ་གཅིག་ཞལ། ཚེ་དཔག་མེད་ལྷ་དགུ་གསུམ་གྱི་དབང་གསན། དེ་ནས་རིམ་གྱིས། རྡོ་རྗེ་ཕྲེང་བའི་དབང་ལ་བརྒྱུད་ཚུལ་སྔོན་ཆད་མང་དུ་བྱུང་ཡང༌། ཀྲི་ཡ་ས་མུ་ཙྪ་དང་གཅིག་ཏུ་བསྲེས་པའི་དཀྱིལ་འཁོར་ཞེ་ལྔ་མ་ས་བཟང་འཕགས་པ་ནས་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པ་འདི་ཉིད། ཆོས་རྗེ་རྡོ་རྗེ་འཆང་ཨེ་ཝཾ་པ་ཡབ་སྲས་མ་གཏོགས། ཕྲེང་བ་མཁན་པོར་གྲགས་པ་ཕལ་ཆེར་གྱི་སྤྱོད་ཡུལ་དུ་མ་གྱུར་ཀྱང་དམ་པ་འདི་ཉིད་ལ་མངའ་བས་རྫོགས་པར་ཕུལ། གཞན་ཡང་ཟུར་བཀའི་དབང༌། འདུས་པ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས། བདེ་མཆོག་ལཱུ་ཧི་པ། དྲིལ་བུ་ཕྱི ་དཀྱིལ་དང་ལུས་དཀྱིལ། ས་ཊ། ཀྱཻ་རྡོར་མན་ངག་ལུགས་དང་རྔོག་ལུགས། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། དྲག་པོ་གདན་ཅན། རྭ་ལུགས་ཀྱི་འཇིགས་བྱེད། དགྲ་ནག གཉོས་ལུགས་རོ་ལངས་བརྒྱད་བསྐོར་དང་དགྲ་ནག་ཞང་ལུགས་ཀྱི་ཞེ་དགུ་མ། དཔལ་འཛིན་ལུགས་ཀྱི་གཤེད་དམར་བཅུ་གསུམ་མ། རྣལ་འབྱོར་དབང་ཕྱུག་ལུགས་ཀྱི་གཤེད་དམར་ལྷ་ལྔ། འཁོར་ཆེན། གཏུམ་པོ་ཁྱུང་ཉི་ཤུ་རྩ་གཅིག་ཁྲོ་བོ་བཞི་དང་བཅས་པའི་ཉེར་ལྔ་མ། ཀུན་རིག །མི་འཁྲུགས་པ། གདུགས་དཀར། གྲྭ་ལྔ། མི་ཏྲ་ལུགས་ཀྱི་སྤྱན་རས་གཟིགས། དུས་འཁོར་རྣམས་ཀྱི་དབང༌། ཕྱག་རྡོར་ཁྱུང་ལྔ། ཨུ་ཙརྱ་འགྲོ་བཟང་ལུགས། རྣམ་འཇོམས། ཚེ་དཔག་མེད་གྲུབ་རྒྱལ་ལུགས། ནོར་རྒྱུན་མ། འོད་ཟེར་ཅན་མ། ཛམ་བྷ་ལ། ལོ་མ་གྱོན་མ་རྣམས་ཀྱི་རྗེས་གནང༌། ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་དབང་བཞི། མགོན་པོ་བཅུ་གསུམ་གྱི་རྗེས་གནང༌། ལྷ་མོ་ཕྱག་བཞི་མ་གནོད་སྦྱིན་དང་བཅས་པའི་རྗེས་གནང༌། སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཕྱག་བཞི་པ་རས་བྲིས་དང་ལུས་དཀྱིལ་ལ་བརྟེན་པའི་དབང༌། གུར་ཞལ་ལེགས་ལྡན་མཆེད་གསུམ། བདེ་མཆོག་དང་འཇིགས་བྱེད་ཀྱི་སྔགས་བཏུ། དབྱངས་གསལ། ཡེ་དྷརྨ། ཡི་གེ་བརྒྱ་པ་རྣམས་ཀྱི་རྗེས་གནང༌། མགོན་པོ་བཞི་སྦྲགས་དང་དུས་མཚན་མའི་དབང༌། སེང་གདོང་རིགས་ལྔའི་དབང་དང་དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། འཇམ་དབྱངས་ཆོས་སྐོར་གྱི་དབང་རྗེས་གནང་ལུང་དང་བཅས་པ། གདུགས་དཀར་གྱི་དབང༌། རྣམ་སྲས་གསང་སྒྲུབ་ལྗང་སེར་དང་དྲག་བྱེད་ཀླུ་ཆེན་བརྒྱད་ཀྱིས་བསྐོ ར་བ། སེར་ཆེན་དཀར་པོ། བདུད་མོ་བཞི་སྐོར། གཤིན་རྗེ་ལྟར་སྒྲུབ་པ། དྲག་བྱེད་རྐང་ཐང་མ་རྣམས་ཀྱི་རྗེས་གནང༌། མི་ཏྲ་ཁྲིད་དྲུག་གི་རྗེས་གནང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་དཀར་ནག །གཏོར་ཆེན་འཁོར་ལོ་སོགས་ཀྱི་ཕྱག་ལེན་ཞལ་ཤེས་དང་བཅས་པ། རྭ་པོད། གཤིན་རྗེའི་འཁྲུལ་འཁོར། དྲུག་ཅུ་པ་སོགས་ཀྱི་ཕྱག་ལེན་མན་ངག་སོགས། མདོར་ན་དབང་ཁྲིད་ལུང་གི་རིམ་པ་མཐའ་ཡས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་དོ། །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།