མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་བོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-17 20:29:33     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

  77996044631369659.jpg

                   མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་པོ། །ཞེས་བསྔགས་པ། མཁས་གྲུབ་དམ་པ་ལྷ་བཙུན་བསོད་ནམས་དཔལ་བཟང་པོ་ནི། མངའ་རིས་མང་ཡུལ་སྟོད་ཀྱི་རྒྱལ་པོའི་རིགས་སུ་འཁྲུངས། གཞོན་ནུ་ནས་སྤེ་ཐུབ་ཆོས་སྡེར་རབ་ཏུ་བྱུང༌། དེ་ནས་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོར་ཚད་མ་རྣམ་འགྲེལ་དང༌། ཕར་ཕྱི ན། དབུ་མ། འདུལ་བ། མཛོད་རྣམས་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན། དབུས་སུ་ཕེབས་ཏེ་རྩེ་ཐང་སོགས་སུ་གྲྭ་སྐོར་མཛད། གྲུབ་པའི་དབང་ཕྱུག་སྔགས་རིམ་པ་དགེ་འདུན་བཀྲ་ཤིས་ལ་ཕྱག་རྡོར་འཁོར་ཆེན་གྱི་དབང་སོགས་དབང་ལུང་མན་ངག་མང་དུ་གསན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་ཆོས་མང་དུ་གསན། དེ་ནས་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གསུང་རབ་དགོངས་འབྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་བ་རྗེ་བདག་ཉིད་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་གསན་ཏེ་ཚེ་འདིའི་གཡེང་བ་མཐའ་དག་དོར་ནས་དབེན་པའི་གནས་སུ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་ཆིག་སྒྲིལ་དུ་གཞོལ་བར་མཛད།

                   དེ་ནས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་ཏེ་ཆོས་དོན་གཉེར་བ་མང་དུ་འདུས་པ་རྣམས་ལ་རང་རང་གི་དབང་པོ་དང་འཚམ་པའི་གདམས་ངག་འདོམས་པར་མཛད། ལྷག་པར་ཤར་པ་ཆོས་རྗེ་སྒོམ་བདེ་ནམ་མཁའ་རྒྱལ་མཚན་དང༌། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན་དང༌། གངས་ཅན་མགོན་པོ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོགས་བསྟན་འཛིན་དམ་པ་མང་པོ་སློབ་མར་འདུས། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱ་ཆེར་སྤེལ་ཞིང༌།གཙོ་བོར་ཚེ་འདིའི་གཡེང་བ་གང་ཡང་མེད་པར་སྒྲུབ་པ་མཐར་ཕྱིན་པར་མཛད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་ཆེན་པོ་ལྷ་བཙུན་བསོད་ནམས་དཔལ་བཟང་ལ་གསོལ་བ་འདེབས་ཤིང༌། མཁས་གྲུབ་ཆེན་པོ་འདིའི་རྣམ་ཐར་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ལེགས་པར་ཐོབ་པར་བྱས་ལ་ཚེ་འདིའི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དབེན་པའི་གནས་སུ་ལམ་རིམ་སྒོམ་པ་མཐར་ཕྱིན་པར་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།