ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-16 20:00:05     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

236388974482820697.jpg 

                    དེ་ནས་རྭ་སྒྲེང་དུ་ཕེབས། ཇོ་བོ་ཡབ་སྲས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། གསོལ་བ་བཏབ་ནས་དེའི་དུས་སྔ་སོར་གྲོད་པ་མྱུ་ལུ་ཞེས་པའི་ཤུག་པ་མིང་ཅན་ཞིག་བསྐམས་འདུག་པ་ལ། ང་དགེ་བཤེས་སྟོན་པའི་རྣམ་འཕྲུལ་ཡིན་ན་ཤུག་པ་ཁྱོད་ལ་ཡལ་ག་དང་མེ་ཏོག་སྐྱེ་བར་གྱུར་ཅིག་ཅེས་བདེན་པ་བདར་བས་ལོ་མ་གསར་དུ་སྐྱེས། ཆུ་མིག་གསར་པ་ཞིག་ཀྱང་རྡོལ། གཞན་ཡང་ཤུག་པ་གསེར་ལྡན་སྔར་ངོས་མ་ཟིན་པར་སྣང་བ་ལ་ངོས་འཛིན་གྱི་དར་འཛུགས་པ་ཡང་མཛད། དེའི་ཚེ་འཇའ་ཚོན་གྱི་དྲ་བ་དྲ་ཕྱེད་ཀྱི་དབུས་ནས་མེ་ཏོག་གི་ཆར་ཆེན་པོ་ཡང་བབས། གནམ་ས་བར་སྣང་ཐམས་ཅད་ཀྱི་ཆོ་འཕྲུལ་འདི་འདྲ་ན། ཕ་སྟོན་པ་རིན་པོ་ཆེ། བདག་ཅག་གདུལ་བྱ་རྣམས་ལ་བརྩེ་བས་གཟིགས་ཤིག་ཅེས་ང་རོ་ཆེན་པོས་གསོལ་བ་འདེབས་པ་སོགས་རྭ་སྒྲེང་པ་ཀུན་གྱིས་གུས་པ་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ནས་རྩྭ་རི་ཡུལ་སྨད་དུ་ཕེབས། སྤང་ཆུང་ཞེས་བྱ་བར་གཡོན་གྲལ་བའི་སྤང་མོར་ཕྱགས་ཕེབས་མ་ཐག་ནམ་མཁའ་གཡའ་དག་སྟེ་སྤང་མོ་དེ་ཉིད་རང་ནས་དག་པ་ཤྲཱི་གསལ་བར་གཟིགས། མཚོ་རྣམས་ཚུར་མཇལ་དུ་བྱུང་པའི་གཟིགས་སྣང་ཤར། གསན་སོ་སོའི་ཐད་དུ་འཇའ་ཟུག །སྤང་མོ་དེ་ཉིད་རང་ནས་གནས་སོ་སོའི་གནས་བཤད་ཕུལ་ཆོག་པ་བྱུང་བར་སྣང་བས་རི་པ་རྣམས་སྔོན་ཆད་འདི་ལྟ་བུ་བྱས་ཆོག་པ་སུ་ལ་ཡང་བྱུང་བའི་གཏམ་སྐད་མི་འདུག་ཅེས་ཐམས་ཅད་མགྲིན་གཅིག་ཏུ་སྨྲ་ཞིང༌། ཀུན་གྱིས་གུས་པ་བསམ་གྱིས་མི་ཁྱབ་པ་མཛད། དཔའ་བོ་དང་མཁའ་འགྲོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་གསོལ་བ་བཏབ་པས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཞལ་གཟིགས་སོ། །

                    དེ་ནས་དགུང་ལོ་ཉེར་བརྒྱད་པའི་ལོ་འཇམ་དབྱངས་ལེགས་པ་ཆོས་འབྱོར་སོགས་དམ་པ་མང་པོས་བསྐུལ་ནས་མཚན་ཡང་དག་པར་བརྗོད་པའི་ཊཱིཀ་ཆེན་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ་ཞེས་བྱ་བའི་ཐུགས་རྩོམ་ཡང་ཡོངས་སུ་རྫོགས་པར་མཛད་དོ། །ཕག་ལོའི་སྟོན་གཙང་ཕྱོགས་སུ་ཕེབས། ཡོལ་དུ་ཕེབས་པའི་ནུབ་མགོན་པོའི་ཞལ་གཟིགས། གམ་པ་ལའི་རྩེར་རྗེ་བཙུན་མི་ལའི་ཞལ་གཟིགས། དེ་ནས་རིམ་གྱིས་རྟ་ནག་ཏུ་ཕེབས་ཏེ་ཡབ་རྗེ་ཀུན་དགའ་རྒྱལ་མཚན་ལ་དབང་ལུང་མན་ངག་མང་དུ་གསན། དེ་ནས་དབུས་སུ་ཕེབས་ཏེ་རྩེས་ཐང་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་བྱང་རྭ་སྒྲེང་དུ་ཐོག་གཅིག་བཞུགས་རྩིས་ཀྱིས་རྩེས་ཐང་ནས་ཕེབས་ཏེ་ཐོག་མར་རི་བོ་དགའ་ལྡན་གྱི་དགེ་འདུན་རྣམས་དང༌། རྒྱུད་སྟོད་སྨད་གཉིས་ཀའི་དགེ་འདུན་ལ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་རྭ་སྒྲེང་དུ་ཕྱགས་ཕེབས། དེ་ན་བཞུགས་པའི་རྟེན་རྣམས་དང་དགེ་འདུན་ལ་མཆོད་པ་བཟང་པོ་ཡང་མཛད། དེ་དུས་རྒྱ་མ་ནས་སྤྱན་སྔ་རིན་པོ་ཆེ་བློ་གྲོས་འཇིགས་མེད་པ་ཕེབས། མཆོད་པ་རྒྱ་ཆེན་པོ་འཛུགས་པ་གནང༌།དེའི་གྲལ་དབུ་ལ། ད་ནི་འབྲོམ་སྟོན་པ་དངོས་ཕེབས་རྟིང་ལ་ཁོང་སྤྱན་འདྲེན་གསུངས་ནས་རྗེ་ཉིད་ཚོགས་ལ་སྤྱན་དྲངས། སྨོན་ལམ་ཡང་ལྷན་ཅིག་ཏུ་མཛད་གསུངས། དེ་ནས་ཐོག་མར་སྐུ་མཚམས་བཅད། སྐུ་འདྲ་རིན་པོ་ཆེ་དབུ་ཡོན་མ་གཟིམས་སྔས་འགོར་སྤྱན་དྲངས། གསོལ་བ་དྲག་ཏུ་འདེབས་པ་དང༌། ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་ཀྱང་མཛད་པས་དེའི་དུས་བཀའ་གདམས་ལྷ་བཞི། རྟ་མགྲིན་ནག་པོ། རྗེ་བཙུན་སྒྲོལ་དཀར་སོགས་ཡི་དམ་དུ་མའི་ཞལ་གཟིགས་དང༌། ཁྱད་པར་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ན་བཟའ་ཐེར་ཕྱམ་དཀར་པོ་བཞེས་པ་ཞིག་ཞལ་གཟིགས་ཏེ་དེའི་ཞལ་ནས་གཙང་ཕྱོགས་དང༌། འོལ་དྭགས་གཉིས་སུ་འཕྲིན་ལས་ཀྱི་འཇུག་སྒོ་ཡོད་གསུངས་པའི་ལུང་བསྟན་ཀྱང་བྱུང༌། གཞན་ཡང་རྭ་སྒྲེང་གི་ཆོས་སྐྱོང་གཞི་བདག་བཅས་པས་ངོ་མཚར་བའི་ལྟས་མང་དུ་སྟོན་པ་ཡང་བྱུང༌། དེ་ནས་བསག་སྦྱངས་བྱས་ན་ལེགས་པར་གཟིགས་ནས་གུང་ཚིགས་གྲོལ་རྗེས་སུ་དགོན་གོང་འོག་གི་དགེ་འདུན་རྣམས་དང་ཆོས་ཉན་གཞན་ཡང་སྟོབས་ཆེ་བ་ལ་གླེགས་བམ་གྱི་ཆོས་ཐུན་རེ་གནང༌། སྔ་དགོང་གཉིས་གླིང་སྐོར་མཛད། ཁྱད་པར་ཀ་གཉིས་མ་དང་སྤྱན་སྔ་སྐུ་འབུམ་ལ་བསྐོར་བ་སྟོང་ལས་མི་ཉུང་བ་རེ་མཛད་དོ། །

                   དེ་དུས་ཕྱིའི་ཤུག་སྐོ ར་ཡང་མང་དུ་གནང༌། ཕྱགས་ཕྱིར་ཡོད་པ་རྣམས་ལ། ནང་གི་རྟེན་གསུམ་དང་ཕྱིའི་ཤུག་པ་རྣམས་ལ་ཁྱད་པར་སྤུ་ཙམ་མེད་དོ་གསུངས་ཤིང༌། ཤུག་པའི་ཁྱོན་ཀུན་རྒྱལ་བ་སྲས་བཅས་ཀྱིས་གང་བར་ཞལ་གཟིགས། ཆོས་གནང་བའི་སྐབས་ཀུན་ཏུ་མེ་ཏོག་གི་ཆར་དང༌། འཇའ་ཚོན་གྱི་གུར། བར་བར་དུ་འཇའི་བླ་བྲེ་དང༌། སྒྲ་སྙན་པ་མང་པོ་ནམ་མཁའ་ལས་འབྱུང་བ་དང༌། གནས་དེའི་བྱ་བ་སོགས་པ་འགྲོ་བ་གཞན་གྱིས་ཀྱང་གཟིམ་ཁང་དང་ཆོས་ཁྲི་ལ་བསྐོར་བ་བྱེ ད་པ་དང༌། བྱ་ཡིད་དུ་འོང་བ་མང་པོ་སྔ་དྲོ་རེ་རེ་བཞིན་ཕྱག་འབུལ་བའི་ཚུལ་དུ་འོངས་ནས་གུས་པའི་རྣམ་འགྱུར་བྱེད་པ་སོགས་ངོ་མཚར་ཆེན་པོ་མཐའ་ཡས་པ་བྱུང༌། དེ་ནས་སྟབས་ཀར་ཕེབས། སྤྲུལ་པའི་གླེགས་བམ་རིན་པོ་བཞུགས་པའི་མཆོད་རྟེན་མཇལ་དུས་ལྷའི་སིལ་སྙན་གྱི་སྒྲ་དང༌། མེ་ཏོག་གི་ཆར་བབས་སོ། །དེ་ནས་ཡབ་རྗེ་ཀུན་དགའ་རྒྱལ་མཚན་སྙུན་ནས་གཙང་ལ་ཕེབས་ཏེ་རྟ་ནག་རྡོ་རྗེ་གདན་དུ་ཕེབས། ཡབ་ཞིང་གཤེགས་ཏེ་དངོས་སུ་ཞལ་མཇལ་ཐུབ་པ་མ་བྱུང་ཡང་དགོངས་རྫོགས་རྒྱ་ཆེན་པོ་མཛད། དེ་ནས་དབུས་སུ་ཕེབས་ཏེ་ལམ་བར་གྱི་དད་ལྡན་རྣམས་ལ་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཅིང་མཐོང་ཐོས་དྲན་རེག་གི་འབྲེལ་པ་འཇོག་པར་མཛད། དེ་ནས་སེ་ར་ནས་ཆོས་ཀྱི་རྗེ་དཔལ་འབྱོར་ལྷུན་གྲུབ་པའི་བཀའ་བསྐུལ་ཏེ་སེ་ར་ཚོགས་པས་སེར་སྦྲེང་གིས་སྤྱན་དྲངས། རྟེན་འབྲེལ་གྱི་སྒོ་ཡོད་པས་ཆོས་ཁྲི་ཆེན་མོའི་ཐོག་ནས་གསུང་ཆོས་གནང་དགོས་ཞེས་གསུངས་ནས་མཁས་པའི་དབང་པོ་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་དང༌། མདོ་སྔགས་རབ་འབྱམས་ཀྱི་གཞུང་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཀྱང་ཁེངས་པའི་དྲི་མས་དབེན་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་པའི་ཞལ་སྔ་ནས་དང༌། ཆེན་པོ་དོན་གྲུབ་པ། དཀའ་རབ་འབྱམས་སྨྲ་བ་ཚུལ་ཁྲིམས་འོད་ཟེར་བ་རྣམས་ཀྱིས་གཙོ་མཛད་ཚོགས་པ་ལ་གསུང་ཆོས་གནང༌། ཀུན་གྱིས་གུས་པ་ཆེན་པོ་མཛད་དོ། །

                    དེ་ནས་འབྲས་སྤུངས་ནས་དབུ་མཛད་ཆེན་མོ་དཔལ་འབྱོར་རྒྱལ་མཚན། དབུ་མ་པ་ཆེན་མོ་རིན་ཆེན་དར་མ། མདོ་སྨད་པ་ཤེས་རབ་བློ་གྲོས། དཀའ་རབ་འབྱམས་སྨྲ་བ་སངས་རྒྱས་ལེགས་པ། སློབ་དཔོན་རྒྱལ་མཚན་བློ་གྲོས། རབ་འབྱམས་པ་རིན་ཆེན་རྣམ་རྒྱལ། བདེ་མཆོག་རབ་འབྱམས་པ་ཀུན་དགའ་རྒྱལ་མཚན་འདུལ་བ་འཛིན་པ་རིན་ཆེན་གྲགས་པ། མངའ་རིས་པ་དཀོན་མཆོག་བཟང་པོ། ཆོས་རྗེ་དཔོན་པོ་དཀོན་མཆོག་དར་བ། དཔོན་སློབ་དཔལ་ལྡན་འོད་ཟེར་ལ་སོགས་ཏེ་བསྟན་པའི་གསལ་བྱེད་རྣམས་ཀྱིས་གཙོ་མཛད་དགེ་འདུན་ཚོགས་པ་རྒྱ་མཚོ་ལྟ་བུས་དཔལ་ལྡན་འབྲས་སྤུངས་སུ་སྤྱན་དྲངས། ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར། ཀུན་གྱིས་རྒྱལ་བ་ཙོང་ཁ་པ་དང་གུས་པ་མཉམ་པར་མཛད། རྒྱལ་བ་གཉིས་པ་དེ་ཞིང་ཁམས་གཞན་དུ་གཤེགས་རྗེས་སྐྱིད་ཤོད་དུ་བསྟན་པ་ལ་ཕན་ཐོགས་ཤིང་སྐྱེ་བོའི་བཀུར་མཐོང་སོགས་རྗེ་འདི་པ་དང་མཉམ་པ་སུ་ཡང་མ་བྱུང་ཞེས་ཀུན་མཐུན་པར་གླེང་ངོ༌། །དེ་ནས་བཀའ་གདམས་གླེགས་བམ་ལས་ལུང་བསྟན་པར་ལྟར། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་སྦས་པའི་ཡུལ་དང་དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕེབས། དེ་ལྟ་བུའི་གནས་ངོ་མཚར་ཅན་དེ་ཞབས་ཀྱིས་བཅགས། ཡར་ངོའི་གསོ་སྦྱོང་ཞིག་དང་འགྲིག་ནས་གསོ་སྦྱོང་ཡང་དེར་མཛད། ཡུལ་ལྷ་དང་གཞི་བདག་རྣམས་ལ་ཆོས་ཀྱང་གསུངས་ཤིང་དམ་ལ་བཞག་གོ །དེ་ནས་ས་མོ་སྦྲུལ་གྱི་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་གཟའ་སྐར་དང་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ལག་གི་བླ་བསྐོ་བ་དང༌། ལྟོ་འཕྱེའི་ཐིག་འདེབས་པ་དང༌། རྡོ་བ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ་སོགས་སྔགས་མཚན་ཉིད་ཀྱི་ཕྱག་ལེན་རྒྱུད་སྡེ་དང་འདུལ་བ་ནས་བཤད་པ་བཞིན་གྱི་རྣམ་པར་དག་པ་བརྟེན་པའི་ལྟེ་བ་དེ་ཉིད་དུ་གཙུག་ལག་ཁང་དངོས་གཞི་ལ་ཀ་ཆེན་བདུན་ཅུ། གཙང་ཁང་ལ་ཀ་ཆེན་བརྒྱད། སྒོ་ཁང་ལ་ཀ་ཆེན་བཞི། ཡོངས་སུ་དྲིལ་བས་ཀ་ཆེན་བརྒྱད་ཅུ་གྱ་གཉིས་ཀྱི་འགྲམ་བཏིང་སྟེ། ཐོག་མར་དགེ་འདུན་དར་ཞེས་པ་གཅིག་གིས་འགྲམ་བྲུས་པའི་འོག་ནས་རྡོའི་དུང་གཡས་འཁྱིལ་རང་བྱུང་ཞིག་དང༌། རྡོ་པད་འདབ་ཅན་བཞི་ཐོན་བྱུང་བས་དེའི་ཚེ་མེ་ཏོག་གི་ཆར་ཆེན་པོ་ཡང་བབས་སོ། །དེ་ནས་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གནས་ཆེན་འདི་ཉིད་བསྟན་པའི་སྣང་བྱེད་དུ་ནི་བཞེངས།མཐའ་འཁོབ་ཀྱི་འགྲོ་བ་མ་ལུས་པ་ནི་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །

 

                                                                                                                        རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།