ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-16 19:47:03     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

16675322714572450.jpg

                    དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད། །ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད། །ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས། །འཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས། །ཞེས་བསྔགས་པ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་གང་དུ་བལྟམས་པའི་ཡུལ་ནི་གཙང་རྟ་ནག་གི་སའི་ཆ་ཡོལ་དཀར་རྡོ་རྗེ་གདན་ཞེས་བྱ་བ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དེ་ཉིད་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན་རྗེ་བཙུན་བྱམས་པ་མགོན་པོ་དང༌། རྒྱལ་སྲས་ནམ་མཁའ་དྲི་མ་མེད་པ་དང༌། བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་རྣམས་གུས་པས་མཆོད་ཅིང་བསྙེན་བཀུར་ནས་རྒྱལ་བ་སྲས་བཅས་དེ་རྣམས་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་གསན་ཏེ། བདག་གང་དུ་འགྲོ་དོན་ལ་འགྲོ་ཞུས་པས། རྒྱལ་སྲས་འཇམ་དཔལ་སྙིང་པོས་པདྨ་དཀར་པོ་ཞིག་ནམ་མཁའ་ལ་འཕངས་ཏེ་འདི་གར་སོང་བར་འགྲོ་དོན་གྱིས་ཤིག་ཅེས་ལུང་བསྟན་པ་ན་མེ་ཏོག་དེ་རྡོ་རྗེ་གདན་གྱི་དབེན་གནས་ཡོལ་དཀར་དཔལ་གྱི་སྡེ་ཆེན་དུ་བབས་སོ། །རྗེ་ཐམས་ཅད་མཁྱེན་པས་ཇི་ལྟར་ལུང་བསྟན་པ་ལྟར་ཡབ་ཀུན་དགའ་རྒྱལ་མཚན་དང་ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་གི་ལོ་རྒྱལ་ཟླ་བའི་ཚེས་གསུམ་གྱི་ཉིན་ཉི་མ་དྲོས་བརྡལ་བ་ན་བར་གྱི་ནམ་མཁའ་ལ་རྡུལ་དང་བསེར་བུ་མེད་པས་ནམ་མཁའ་ནི་རྒྱ་མཐིང་བཟང་པོས་བྱུགས་པ་བཞིན་གྱུར། ཉི་མའི་དཀྱིལ་འཁོར་ནི་འཇའ་ཚོན་སྣ་ལྔའི་གུར་གྱི་དབུས་ན་འོད་ཟེར་གྱི་དྲ་བས་དཀྲིགས་ཏེ་གཞོན་ནུའི་ཞལ་གྱི་དཀྱིལ་འཁོར་ལྟ་བ་ལ་རིངས་པ་བཞིན་དུ་འཁོད། ལྷ་རྣམས་ཀྱིས་འཇའ་ཚོན་གྱི་ཡོལ་བ་བྲེས་པའི་གསེབ་ནས་མེ་ཏོག་གི་ཆར་ཕབ་པ་ནི་གཞོན་ནུ་རྡུལ་གྱིས་གོས་ན་མི་རུང་ངོ་ཞེས་འཛིན་མའི་སྟེང་ཀུན་ཏུ་ཆེད་དུ་བཀྲམ་པ་བཞིན་བྱས་ཏེ། གཟིམ་ཁང་ལ་སྐུ་དཀར་གསོལ་ཟིན་པ་དང་མཉམ་དུ་ཡུམ་ཐུགས་དམ་ལ་གནས་བཞིན་པའི་ངང་ནས་ཁྱེའུ་ཤེལ་ལྟར་དཀར་ཞིང་འོད་ཟེར་འཕྲོ་བ། འཕགས་པ་སྤྱན་རས་གཟིགས་དེ་ཉིད་པཉྩ་ལི་ཀའི་སྟོད་གཡོགས་དང་སྨད་གཡོགས་སྤངས་ཏེ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་མིག་གི་བདུད་རྩིར་འགོས་ཁུག་པ་ལྷས་བཙས་ལ་སོགས་པའི་དཔའ་བོ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་སོགས་དཔའ་མོ་དུ་མ་འཁྲུངས་པའི་བྱ་འདབ། གཡས་རུ་གཙང་རྟ་ནག་ཅེས་གྲགས་པ་དམ་པ་དུ་མའི་ཞབས་ཀྱི་པདྨོ་ཡང་ཡང་བཀོད་པའི་མཐུ་ལས་བཀྲ་ཤིས་དང་དགེ་མཚན་དུ་མའི་དཔལ་དང་ལྡན་པའི་ས་ལུང་པ་ཞེས་བྱ་བའི་སའི་ཐིག་ལེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་དང་མཚུངས་པ་རྡོ་རྗེ་གདན་ཞེས་བྱ་བར་སྐུ་བལྟམས་པར་གྱུར་ཏོ། །བལྟམས་མ་ཐག་ཏུ་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་ཏཱ་རེ་རྒྱུན་དུ་བཟླ་བ་ཞིག་བྱུང་ཞིང༌། དགུང་ལོ་གཉིས་གསུམ་གྱི་དུས་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་གཟིགས། དེའི་ཚེ་ཕྱག་ཐལ་མོ་སྦྱར་སྤྱན་བར་སྣང་ལ་གཟིགས་ནས་དབུ་དུད་དུད་ཡང་ཡང་མཛད་པ་ཞིག་བྱུང་བར་ཡབ་ཡུམ་གྱིས་མཚན་ཞུས་པར་ཕ་བླ་མ་བློ་བཟང་གྲགས་པ་བྱོན་འདུག་ཅེས་གསུང་ཞིང༌། དེ་ནས་བཟུང་སྟེ་དུས་རྒྱུན་དུ་རྗེ་བླ་མའི་སྐུ་ཞིག་འབྲལ་མེད་དུ་བཅང་མཛད་ཅིང༌། དེ་མ་བྱུང་བའི་སྐབས་རྣམས་སུའང་རྡོ་སྨུག་པོ་རེ་སྐུ་མདུན་དུ་བཞག་ནས་ཕ་བླ་མ་བློ་བཟང་གྲགས་པ་གསུང་ཞིང་དེ་ལ་མཆོད་པ་དང་གུས་པའི་རྣམ་པ་མཛད། སྔོན་གནས་རྗེས་སུ་དྲན་པས་ཚེ་དགེ་འདུན་གྲུབ་ཀྱི་སྐབས་ཀྱི་གསུང་འཕྲོས་ཡང་དང་ཡང་དུ་གནང་བ་ཞིག་བྱུང༌། ལྷག་པར་དགུང་ལོ་གསུམ་པའི་དུས་སུ་ལྷ་མོ་དམག་ཟོར་མས་ཞལ་གཟིགས་ཤིང་དམག་ཟོར་མའི་བསྟོད་བསྐུལ་ཡང་བརྩམས།

                    གཞན་ཡང་སངས་རྒྱས་བྱང་སེམས་ཀྱི་བསྟོད་པ་སོགས་རྩོམ་པ་མང་པོ་ཐོགས་མེད་དུ་གནང་བ་ཞིག་བྱུང༌། དེ་ནས་བཀྲ་ཤིས་ལྷུན་པོ་ནས་རྗེ་དགེ་འདུན་གྲུབ་ཀྱི་གསོལ་དཔོན་སྒྲོལ་མ་དང༌། ཐོས་བསམ་གླིང་པ་ཆེན་པོ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གི་བང་མི་དང་བླ་བྲང་གི་བང་མི་ཞུ་ཡིག་གསོལ་འདེབས་སོགས་བྱུང་བར་རྗེ་འདི་པས་གསོལ་དཔོན་སྒྲོལ་མ་གཟིགས་འཕྲལ་ངོ་མཁྱེན་ནས་ཁྱོད་སྡུག་པོ་མ་བྱུང་ངམ་གསུངས་ཞིང༌། རྗེ་དགེ་འདུན་གྲུབ་ཀྱི་སྐབས་སུ་ཇི་ལྟར་མཛད་པ་ལྟར་གྱི་གསུང་གླེང་བག་ཕེབས་པ་གནང་བས་ཀུན་ངོ་མཚར་དུ་གྱུར་ཅིང༌། རྗེ་དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་འཁྲུལ་མེད་དུ་ཡིད་ཆེས་རྙེད། དེ་ནས་དགུང་ལོ་བཅུ་གཅིག་བཞེས་པའི་ཚེ་ཐམས་ཅད་མཁྱེན་པའི་རྒྱལ་ཚབ་གཉིས་པ་པཎ་ཆེན་ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་གཙོ་མཛད་བསྟན་པ་གསལ་མཛད་ཆོས་ཀྱི་རྗེ་སློབ་དཔོན་རྣམ་པ་བཀའ་བགྲོད་ཏེ་གཞོན་ནུ་དེ་ཉིད་ཐམས་ཅད་མཁྱེན་པ་རང་གི་ཞལ་ཆེམས་ལས་མ་གཡོས་པར་སྤྱན་འདྲེན་པའི་ཕོ་ཉར་སྤྱི་ས་ནས་གསོལ་དཔོན་སྒྲོལ་མ་དང་དཀའ་བཅུ་པ་རྡོར་རྒྱལ་གཉིས། དཀྱིལ་ཁང་ནས་ཆོས་མཛད་རྒྱལ་བ། ཐོས་བསམ་གླིང་ནས་དགེ་བཤེས་རྒྱལ་མཚན་གྲགས། ཤར་རྩེ་ནས་ཆོས་མཛད་ཁ་རག་པ་རྣམས་མངགས་ཏེ་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་གྱི་ཏོག་ཏུ་དམིགས་ནས་བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་སྤྱན་དྲངས་པར་གྱུར་ཏོ། །དེ་ནས་རྟ་ལོ་ཧོར་ཟླ་དྲུག་པའི་ཚེས་བཞི་ཡོངས་སུ་གྲགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཁྱད་པར་ཅན་ལ་དབུ་སྐྲ་བཅད།  ངུར་སྨྲིག་གི་རྒྱལ་མཚན་བཞེས། པཎ་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ་ཡོངས་སུ་རྫོགས་པ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་ཞེས་བྱ་བར་གསོལ་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔལ་མགོན་དམ་པར་མངའ་གསོལ་ཏོ། །

                    དེ་ནས་རྗེ་དགེ་འདུན་གྲུབ་ཀྱི་ཐུགས་སྲས་གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས་རྗེ་འདིའི་དྲུང་དུ་ཕེབས། རྗེ་འདིས་ཀྱང་གུས་པ་ཆེན་པོ་མཛད་དེ་གནས་རྙིང་ཆོས་རྗེ་དེ་ཉིད་ཀྱིས་མཁན་པོ་གནང༌། པཎ་ཆེན་ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་སློ བ་དཔོན། དབུ་མཛད་སངས་རྒྱས་ཚུལ་ཁྲིམས་པས་དུས་གོ་བ་མཛད། གནས་བརྟན་སྡེ་སྣོད་འཛིན་པ་གསེར་རིའི་ཕྲེང་བ་ལྟ་བུ་བཅུ་ཕྲག་གསུམ་གྱི་དབུས་སུ་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བཞེས་ཏེ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་ཡོངས་འཛིན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་ལ་སྦྱངས་ཤིང༌། གཞུང་ཆེན་མོ་གཞན་རྣམས་ལའང་སྦྱངས་ཏེ་ལུང་རིགས་སེདྒེའི་སྒྲ་དབྱངས་བསྒྲགས་པས་ལོག་པར་སྨྲ་བའི་ཕས་རྒོལ་མཐའ་དག་ཟིལ་གྱིས་མནན་ཅིང་ཆོས་གྲྭ་ཆེན་པོའི་དགེ་འདུན་མཐའ་དག་དད་པའི་ས་ལ་བཀོད། པཎ་ཆེན་ཡེ་ཤེས་རྩེ་མོ་ལ་དབང་ལུང་མན་ངག་མཐའ་ཡས་གསན་ནོ། །དེ་ནས་འབྲས་སྤུངས་བློ་གསལ་གླིང་གི་གདན་ས་པ་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་དབུས་ཕྱོགས་སུ་འབྱོན་དགོས་པར་བསྐུལ་ཞིང༌། དགའ་ལྡན་ཁྲི་རིན་པོ་འཇམ་དབྱངས་སྨོན་ལམ་དཔལ་བས་ཀྱང་དབུས་ཕྱོགས་སུ་བྱོན་ན་བསྟན་པར་ཕན་ཆེ་བར་ལུང་བསྟན་པ་སོགས་རྐྱེན་སྣ་ཚོགས་པས་བསྐུལ་ཏེ་ཞབས་འབྲིང་བ་འཇམ་དཔལ་གྲགས་དང་བཅས་དབུས་ཕྱོགས་སུ་ཕེབས་པ་ན་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་མནལ་ལམ་དུ་ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་ཞིག་ཤར་བྱུང་བའི་འོད་ཀྱིས་གངས་ཅན་གྱི་ལྗོངས་ཀུན་གསལ་བར་བྱས་པ་ཞིག་བྱུང་སྣང༌། སང་དེ་སྐུ་འཁོར་རྣམས་ལ། སྐྱེས་བུ་དམ་པ་ཞིག་འབྱོན་པའི་ལྟས་སུ་འདུག་ཅེས་ལུང་བསྟན་ཀྱང་མཛད། དེ་ནས་རིམ་གྱིས་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་ཀྱི་གཙུག་ལག་ཁང༌། བློ་གསལ་གྱི་སྐྱེ་བོ་བརྒྱ་ཕྲག་དུ་མས་བྱུར་བུར་གཏམས་པའི་དབུས་ན་ཡུན་རིང་མོ་ནས་ཡིད་ལ་བསམས་པའི་དགེ་བའི་བཤེས་གཉེན་བྱམས་པའི་སྲས་པོ་ལེགས་པ་ཆོས་འབྱོར་དེ་ཉིད་སྐལ་བ་དང་ལྡན་པའི་མཁས་པའི་ཚོགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ་མོ་རྒྱུན་མི་འཆད་དུ་འདོམས་པར་མཛད་དེ་གཟིགས་པར་གྱུར་ཏོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།