འདུལ་འཛིན་བློ་གྲོས་སྦས་པའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-13 19:18:06     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

550010189023728334.jpg

                      རྗེའི་སྐུ་སྐྱེ་སྔ་མ་ལ་ཆོས་ཇི་ལྟར་གསན་པའི་ཚུལ་དུས་ཕྱིས་མགུར་དུ་གསུངས་པ་འདི་ལྟར། སངས་རྒྱས་བསྟན་པ་ཉི་ལྟར་གསལ་བྱེད་པ། །མཁས་གྲུབ་བགྲང་ལས་འདས་པ་འབྱུང་བའི་གནས། །རྒྱལ་བས་བསྔགས་པ་དཔལ་ལྡན་ཁ་ཆེའི་ཡུལ། །ཡུལ་དེ་མཛེས་པའི་རྒྱན་མཆོག་མཁས་གྲུབ་ཆེ། །མདོ་སྔགས་བསྟན་པའི་བདག་པོར་མངའ་གསོལ་བ། །མ་ཏི་བྷ་ཏྲ་ཞེས་བྱའི་པཎ་ཆེན་དེའི། །ཞབས་པད་དྲི་མ་མེད་པའི་ཟེའུ་འབྲུ་ལ། །སྤྱི་བོས་རེག་པའི་བློ་གྲོས་སྦས་པ་ངས། །རྒྱལ་བ་དེ་ཡི་ཞལ་གྱི་པདྨོ་ལས། །འདུལ་བ་སྡེ་བཞིའི་སྙིང་པོ་འདུལ་བའི་མདོ། །ལེགས་པར་ཐོས་ཤིང་ཉམས་སུ་བླངས་པ་ལས། །ད་ལྟ་དམ་ཆོས་འདུལ་བའི་སྣོད་དུ་གྱུར། །མདོ་སྡེའི་སྙིང་པོ་རྒྱལ་སྲས་སེམས་བསྐྱེད་དང༌། །རླབས་ཆེན་སྤྱོད་པ་ཞལ་གྱི་པདྨོ་ལས། །ཡང་ཡང་ཐོབ་ཤིང་ཉམས་སུ་བླངས་པ་ལས། །ད་ལྟ་བྱང་སེམས་སྡོམ་པའི་སྐལ་བ་ཐོབ། །སངས་རྒྱས་ཀུན་གྱི་གསང་བ་ཀུན་འདུས་པ། །དཔལ་ལྡན་འདུས་པའི་སྨིན་བྱེད་དབང་བཞི་ཡི། །ས་བོན་མཁས་གྲུབ་ཞལ་ལས་ལེགས་ཐོབ་པས། །ད་ལྟ་གསང་སྔགས་སྡོམ་པའི་སྐལ་བ་ཐོབ། །རིགས་མཐོ་གཟུགས་མཛེས་རྒྱལ་པོའི་སྲས་པོ་ངས། །འཛམ་གླིང་མཛེས་བྱེད་མ་ཏི་པཎ་ཆེན་དྲུང༌། །མཐའ་བྲལ་ལྟ་བའི་ས་བོན་བཞག་པ་ལས། །ཨེ་མ་ཧོ་ད་ལྟ་ཐར་པའི་ལམ་བཟང་རྙེད། །ཚུལ་འདི་བསམས་ཚེ་མ་ཏི་པཎ་ཆེན་དེའི། །བཀའ་དྲིན་མཉམ་མེད་ད་ལྟ་ཡིད་ལ་དྲན། །དྲན་པའི་མོད་ལ་འཁོར་བས་ཉམ་ཐག་བདག །ཐེག་པ་དམན་དང་འཁོར་བའི་གཡང་ལས་དྲོངས། །འདི་དོན་དྲན་ཡང་མ་རུང་སྐྱེ་བོའི་ཚོགས། །ཕལ་ཆེར་ལོག་པའི་ཕྱོགས་སུ་ལྟུང་བས་ན། །ད་ལྟའི་བར་ལ་གཏེར་བཞིན་སྦས་ནས་བཞག །ཚེ་འདི་ནུབ་རིའི་ཉི་བཞིན་གྱུར་ཚེ་བཀོད། །ཅེས་ཇི་སྐད་གསུངས་པ་ཉིད་དོ། །དེའི་ཚེ་བླ་མ་འདི་ནུབ་རིའི་རྒྱལ་པོའི་སྲས་སུ་འཁྲུངས་པ་ཉིད་ཀྱི་ཚུལ་ཡང་གསལ་བས་གསུངས་སོ། །མང་ཡུལ་དུ་བཞུགས་དུས་ཆོས་རྗེ་ཤེས་རབ་བཟང་པོ་ལ་གསུང་ཆོས་མང་དུ་གསན་ཞིང༌། དེའི་དགེ་འདུན་རྣམས་ལའང་ཉིད་ཀྱི་གདམས་པས་ཚིམ་པར་མཛད་དོ། །དེར་ཁོང་དཔོན་སློབ་ཀྱིས་དེ་ཚོར་བཞུགས་པའི་ཞུ་བ་ཕུལ་བ་ལ། ད་གྲྭ་ཚང་མ་གི་འདྲ་བ་བཞག་ནས་ད་འདིའི་དགོན་པ་ག་ལ་འཛིན་དགོངས་པ་བྱུང་གསུངས། ཡང་དེའི་དུས་ཀྱི་ཚེ། ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཟས་གཙང་སྲས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །བཀའ་དྲིན་དྲན་ནོ་སླར་ཡང་འཁོར་བ་ལས། །ལན་ཅིག་མིན་པར་ཡང་ཡང་བསྐྱབ་ཏུ་གསོལ། །རྒྱལ་བའི་སྲས་པོ་དཔལ་ལྡན་རྡོ་རྗེ་འཛིན། །ཤེས་རབ་སེང་གེ་པཎ་ཆེན་དགེ་འདུན་གྲུབ། །ཐག་རིང་ས་མཐའི་ཡུལ་དུ་མདུན་ན་དྲན། །དྲན་པའི་མོད་ལ་ཐུགས་རྗེའི་ལྕགས་ཀྱུས་དྲོངས། །ཞེས་པ་ལ་སོགས་པ་དང༌། ཤེས་རབ་སེདྒེ་དེ་སྲས་དགེ་འདུན་གྲུབ། །བཀའ་དྲིན་ཡོན་ཏན་དྲན་པའི་སྟོབས་ཉིད་ལས། །ཞེས་བྱ་བ་ལ་སོགས་པའི་མགུར་མའང་མང་དུ་མཛད།

                    རྗེ་བཙུན་ཤེས་རབ་སེང་གེ་གཤེགས་པའི་དུས་མངའ་རིས་སུ་རྨི་ལམ་ཤིན་ཏུ་གསལ་བར་བྱུང་གསུངས་ཏེ་རང་དང་གཞན་གྱི་འདས་མ་འོངས་རྣམས་གསལ་བར་གཟིགས་པའི་མངོན་མཁྱེན་མངའ་བར་སྣང་ངོ༌། །མངའ་རིས་སྐོར་དུ་ལོ་དྲུག་བདུན་ཙམ་བཞུགས་ཏེ། བླ་མ་མཇལ་བའི་དགོངས་པས་དབུས་གཙང་དུ་ཕྱི ར་ཕེབས། བྱང་གི་བདེ་གླིང་ཞེས་བྱ་བར་དབུ་མའི་སྟོང་ཐུན་དེ་བརྩམས། ཕྱི ས་ཀཱ་རི་ཀའི་ཊཱིཀ་ཆེན་ཞིག་ཀྱང་མཛད། བྱང་ཆུབ་ལམ་རིམ་གྱི་ཡིག་སྣ་དུ་མ་དང༌། མ་ཅིག་གི་གཅོད་སྐོར་དང༌། སྒྲུབ་ཐབས་ཆེ་ཆུང་དུ་མ་དང༌། ཐུགས་སྐྱོ་ཤས་ཆེ་ཞིང་གསུང་བདེ་བས་ཉམས་མགུར་དང་བསྟོད་པའང་དུ་མ་ཞིག་མཛད་སྣང་སྟེ་བརྩམ་ཆོས་ལ་པོ་ཏི་གཉིས་ཙམ་ཡོད་དོ། །གཙང་དུ་ཕེབས་ནས་ཐམས་ཅད་མཁྱེན་པ་དང་ཡབ་སྲས་མཇལ་ཞིང་ཆོས་ཀྱི་བགྲོ་བ་མང་དུ་མཛད། སླར་ཡང་བསམ་གཏན་དགའ་ལྡན་ཆོས་རྫོང་ལ་སོགས་པའི་རི་ཁྲོད་རྣམས་སུ་ལོ་བཅུ་སྐོར་གྱི་བར་དུ་ཐུགས་དམ་ལ་བཞུགས་པར་མཛད་དེ། ངས་དལ་འབྱོར་རྙེད་དཀའ་རང་ཡང་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་བསྒོམས་ཤིང༌། དེ་བཞིན་དུ་ལམ་རིམ་གྱི་དམིགས་སྐོར་མཐའ་དག་ཡུན་རིང་དུ་བསྒོམས་ནས་མྱོང་བ་ཐོན་ངེས་བྱས་གསུངས། དགུང་ལོ་དྲུག་ཅུ་རེ་གྲངས་ནས་འཇད་ཀྱི་བྱང་ཆུབ་ཆོས་ལུང༌། རོག་པ་ཆང༌། བོ་དོང་གི་ལུང་ནག་ཤེལ་དཀར། བོར་ཐོག །ལྷུན་པོ་རྩེ། བྱང་ཆེན། རྟ་ནག་རི་མཁར། སྒྲོལ་མ་སྡིངས། ཉ་རི་དགའ་བ་ཚལ། ཕུར་མོ་ཆོས་རྫོང༌། རྒྱལ་ཆེན་རྩེ། ལྷན་བ་སོ། གནས་རྙིང༌། མན་ལུང༌། ཁྲོམ་མདའ་དགོན་གསར། འབྲོང་རྩེ། བཀྲ་ཤིས་ལྷུན་པོ་ལ་སོགས་པ་རྣམས་སུ། ལམ་རིམ་ཆེ་ཆུང༌། བསླབ་བྱ་ཆེ་ཆུང༌། ཚུལ་ཁྲིམས་ལེའུ་དང༌། རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པའི་རྣམ་བཤད། འདུས་པའི་བསྐྱེད་རྫོགས། འཁོར་ལོ་སྡོམ་པའི་བསྐྱེད་རྫོགས། གཅོད་ཁྲིད་དང་ལྟ་ཁྲིད་ལ་སོགས་པའི་ཆོས་མང་དུ་གསུངས་ཏེ། ཁྱིམ་པ་དང་རབ་ཏུ་བྱུང་བ་མང་པོ་ལ་ཕན་གདགས་པ། ལམ་རིམ་དང་ལྟ་ཁྲིད་གསུངས་པ་དགེ་བའི་བཤེས་གཉེན་འདི་བས་མང་བ་མ་བྱུང་བ་འདུག་ཟེར།

                    ཐམས་ཅད་མཁྱེན་པའི་ཞལ་ནས། འུ་ཅག་གིས་མི་ཚེ་རིལ་པོར་འདུལ་བ་བཤད་པ་བས། དྲུང་འདུལ་བ་པས་བསླབ་བྱ་ཚར་རེ་བཤད་པ་དྲག་པར་འོང་གི་སྣང་གསུངས། འདུལ་འཛིན་རིན་པོ་ཆེའི་ཞལ་ནས། ནུབ་གཅིག་རྨི་ལམ་དུ་ཉི་ཤུ་ལྔ་མཆོད་ཅིག་བྱེད་ཀྱི་འདུག་པས། དེར་ཆོས་རྗེ་རིན་པོ་ཆེ་ཆིབས་མཛོ་ཞིག་ལ་ཆིབས་ནས་ཕེབས་བྱོན་པ་ལ་གསོལ་བ་བཏབ་པས། ང་ཡང་ཇོ་བོ་ཡབ་སྲས་ལ་དད་ཀྱི། ཁྱོད་རང་ཡང་ཇོ་བོ་ཡབ་སྲས་ལ་དད་པ་སྒོམས་ཤིག་ཅེས་གསུང་བ་ཞིག་རྨིས། སང་དེ་ནས་ངའི་རོ་སྟོད་གཟེར་བ་ཞིག་ཡོང་གི་ཡོད་པ་དེ་གཏན་མ་བྱུང༌། ཡང་ནུབ་གཅིག་མནལ་ལམ་དུ་དགེ་བའི་བཤེས་གཉེན་འབྲོམ་སྟོན་པས་བཀའ་གདགས་གླེགས་བམ་གྱི་འགོ་ནས་མཇུག་གི་བར་ཚང་མར་གནང་བ་ཞིག་རྨིས་ཏེ། ངའི་ལུང་དེ་ཁས་གོ་ཆོད་པ་ཡིན་གསུངས། ཡང་ཞལ་ནས། ད་རྩ་རླུང་བསྒྲིབས་ནས་ཆོས་བཤད་རེ་བྱས་པ་ཡིན། མངའ་རིས་སུ་སྡོད་དུས་ཞག་ལྔ་དྲུག་རེའི་བར་དུ་ཟ་བ་བཟའ་དགོས་པ་མ་བྱུང་ཞེས་གསུངས་ཏེ། ཏིང་འཛིན་ཕུན་སུམ་ཚོགས་པ་མངའ་བ་ལགས་པར་གདའ། ཡང་ཉིན་གཅིག་ཆོས་གྲྭར། ངས་བལ་པོ་ཁ་ཆེ་ཛ་ལན་དྷ་ར་རྣམས་སུ་འགྲོ་མྱོང་གསུངས་ཏེ། དེ་ལ་སོགས་པའི་འདས་པའི་དུས་ཀྱི་གཏམ་ཤོར་འོང་གི་སྣང༌། བྱང་ཆུབ་ཆོས་ལུང་དུ་བཞུགས་པའི་དུས།ད་སང་ཕོད་འགྲོ་བར་ཡོད་པས། ཆོས་ཉན་འདོད་ཡོད་པ་རྣམས་ད་ལོ་ཉན་པ་ལེགས་ཞེས་གསུངས། དེའི་གཏམ་དེ་ཁ་ཅིག་གིས་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྙན་དུ་གསོན་པས་ཞལ་ནས་ཁོང་གི་དེ་ལ་ཏིག་པོ་མི་བདོག ཁོང་སྔར་ཞག་བདུན་ནས་འཆི་བར་ཡོད་པ་ཡིན་ཟེར་ཏེ་བཞུད་པས། ཡང་ལོག་བྱུང་གསུངས། དེའི་རྗེས་ཁོང་པ་གྲོངས་རུང་བདེ་བ་ནས་བདེ་བར་འགྲོ་བ་ཡིན་ཏེ་གསུངས་སོ། །ཡོས་ལོའི་དགུན་ཐམས་ཅད་མཁྱེན་པའི་བཀའ་ལུང་ཕེབས་པས་བཀྲ་ཤིས་ལྷུན་པོར་བཞུགས་ནས་གསུང་ཆོས་མང་དུ་གསུངས། ཡབ་སྲས་གཉིས་ཀྱིས་བསྙེན་པར་རྫོགས་པའང་བཞི་བཅུ་ལྷག་ཙམ་བསྒྲུབས། དེ་དུས་ཆོས་རྗེ་རིན་པོ་ཆེས་ཀྱང་བཀའ་ལུང་གནང་ཞིང༌། སློབ་དཔོན་རྣམ་པས་ཀྱང་གསོལ་བ་བཏབ་སྟེ། དབྱར་དགུན་བཀྲ་ཤིས་ལྷུན་པོར་ཕེབས་པ་གནང་དགོས། གཟིམ་ཁང་ཞིག་ཀྱང་རྩིག་པ་ཡིན་ཞུས་པས་ལེགས་པར་ཞལ་གྱིས་བཞེས་ཏེ། ཐམས་ཅད་མཁྱེན་པ་མྱ་ངན་ལས་འདའ་ཁའི་བར་དུ་བཞུགས་པས་མཛད་དོ། །

                    ཐམས་ཅད་མཁྱེན་པ་སྐུ་ཁམས་ཆེར་བསྙེལ་དུ་སོང་བ་ན། སློབ་དཔོན་རྣམ་པ་ལ་གདན་འདྲེན་ཐོངས་ཞེས་བཀའ་སྩལ་པས། འདུལ་འཛིན་རིན་པོ་ཆེས་གཙོ་མཛད། འཆད་ཉན་པ་རྣམས་ཞབས་དྲུང་དུ་འཁོད་པ་ལ། ངེད་རང་རེ་ཞིག་སྡོད་བསམ་པ་ཡིན་ཏེ་ད་འགྲོ་བར་སྣང༌། འོ་ནའང་འགྱོད་པ་མེད་པར་ཚེའི་དུས་བྱེད་པ་ཡིན། ཁྱེད་སློ བ་དཔོན་རྣམ་པས་ཀྱང་བཀྲ་ཤིས་ལྷུན་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་མཛད་འཚལ། སྨོན་ལམ་དེ་དང་ངའི་དགོངས་རྫོགས་གཉིས་སྦྲགས་པས་འོང༌། རྟེན་གསུམ་བཞེང་དགོས་པ་ནི་མེད། ངའི་རུས་བུ་འདི་སྲེགས་ལ་མི་འཁྲུགས་པའི་སྟོང་སྐུ་ཞིག་ཐོབ། སྒྲོལ་མ་རང་ཡང་འདིར་ཤོག་གསུངས་ནས་བཙུན་ཆུང་འདིས་ལོ་སུམ་ཅུ་ལྷག་ཅིག་བར་དུ་ངའི་གཡོག་བྱས་པ་ཡིན། འདི་ལ་ཁྱེད་རྣམ་པས་བགོས་སྐལ་མི་ཕམ་པ་ཞིག་ཀྱང་བྱིན་གསུངས་ནས་ལྡེ་མིག་རྣམས་སློབ་དཔོན་རྣམ་པའི་དྲུང་དུ་འཕངས་པར་གདའ། དེ་ནས་སློབ་དཔོན་རྣམ་པས་གདན་ས་འདི་ཇི་ལྟར་བགྱི་བ་བཀའ་ལུང་གནང་དགོས་ཞུས་པས། རྗེའི་ཞལ་ནས་དྲུང་འདུལ་བ་པ་དང༌། ཁྱེད་རང་དཔོན་སློབ་ཀྱིས་བརྟག་པ་བྱས་ནས་གང་ལེགས་པ་ཞིག་ལ་གྱིས་ཤིག་གསུངས། མྱང་ངན་ལས་འདས་ཁར་འདུལ་བ་འཛིན་པས་ཐུགས་དམ་གསལ་འདེབས་འདྲ་དགོས་ལགས་སམ་ཞུས་པས་མི་དགོས་བར་གདའ་ཞེས་གསུངས། དེ་ནས་རྗེ་དགེ་འདུན་གྲུབ་ཞིང་གཤེགས་ནས་འདུལ་འཛིན་བློ་གྲོས་སྦས་པས་རྗེ་དགེ་འདུན་གྲུབ་ཀྱི་དགོངས་རྫོགས་དང༌། དགོན་གནས་མི་ཉམས་པར་བྱ་བའི་ཕྱི ར་གདན་ས་བསྐོ་བ་སོགས་ཐུགས་ཁུར་ཆེ་བཞེས་མཛད་དོ། །དེ་ལྟར་ན་རྒྱལ་སྲས་འདུལ་འཛིན་ཆེན་པོ་འདི་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་གྲྭ་ཚང་གི་དང་པོའི་རྩ་བ་འཛིན་པ། བར་དུ་མི་ཉམས་པར་སྐྱོང་བ། མཐར་འཕྲིན་ལས་སྤེལ་ཞིང་དགོངས་རྫོགས་དང་གདན་སའི་བསྐོ་བཞག་གི་བར་དུ་མཛད་དེ། ཆོས་རྗེ་ཉིད་དང་བཀའ་དྲིན་ཁྱད་པར་མེད་ཅིང༌། བུ་སློབ་སྦྱིན་བདག་རྣམས་ཀྱིས་ཡབ་སྲས་དབྱེར་མེད་དུ་འཁུར་བར་མཛད་པ་ཡིན་ནོ། །

                    དགུན་ཆོས་གཉིས་པ་ལ་འདུལ་འཛིན་རིན་པོ་ཆེས་རིམ་ལྔའི་དམར་ཁྲིད་ཞལ་ཤེས་ཀྱིས་བརྒྱན་པ་ཞིག་དགེ་བའི་བཤེས་གཉེན་བློ་མཆོག་ཏུ་གྱུར་པ་དྲུག་ཅུ་ལྷག་ཙམ་ལ་གསུངས་པ་མཛད། གསུང་ཆོས་དེ་ཐོན་ནས་རྟ་ནག་ཨོ་རྒྱན་རྫོང་དུ་ཐེགས་ཏེ་ཟླ་གཅིག་ཙམ་གྱི་བར་དུ་བཞུགས་ཤིང༌། ཆོས་ཀྱང་མང་དུ་གསུངས། དཔྱིད་གཞུག་ལྷུན་པོ་རྩེར་སྤྱན་དྲངས།དེར་དགེ་འདུན་བརྒྱ་ཕྲག་མང་པོ་ལ་མདོ་སྔགས་ཀྱི་གདམས་པ་ཟབ་དགུ་ཅོག་གིས་ཚིམ་པར་མཛད། དེར་སྐུ་ཁམས་ཅུང་མི་བདེ་བའི་རྣམ་པ་ཞིག་ཀྱང་བྱུང༌། ཅུང་ཟད་སྙུན་པའི་འཕྲོ་ཉིད་ལ་བཀྲ་ཤིས་ལྷུན་པོའི་དབྱར་ཆོས་ལ་ཕེབས་པ་གནང༌། ཕེབས་མ་ཐག་ན་གཟིམ་ཁང་སེར་པོར་སྐུ་མཚམས་ལ་བཞུགས། དེར་ལྷ་རྗེ་ཞིག་ཀྱང་ཞབས་དྲུང་དུ་བོས། ཁྱོད་ཀྱིས་ངའི་ནད་གཞི་འདི་ལ་ཕན་པའི་ཐབས་འདུག་ན་གྱིས། སྡོད་རྩིས་ནི་མི་བྱེད། ལུས་གོག་པོ་འདིས་རང་གཞན་གྱི་དོན་གང་ཡང་མི་འོང་བར་འདུག་པས། ང་འདི་ནས་དགའ་ལྡན་དུ་འགྲོ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཞབས་དྲུང་ན་མཁས་གྲུབ་ཐམས་ཅད་མཁྱེན་པ་དང་རྗེ་བཙུན་ཤེས་རབ་སེདྒེ་གཉིས་ཀྱང་བཞུགས་འདུག །ལྷ་བུ་གཞོན་ནུ་ཞིག་གི་ལུས་བླངས་ནས་ཆོས་ཉན་ནོ། །

                    འགྲོ་བ་མང་པོའི་དོན་བྱེད་པ་ཡིན། དེ་ནས་རྒྱ་གར་ཤར་ཕྱོགས་སུ་སྐྱེ་བ་ལེན་དེར་ཡང་རྗེའི་སྤྲུལ་པ་ཞིག་གིས་རྗེས་སུ་འཛིན། འཕོ་བའི་ལམ་གྱིས་ས་ལམ་བགྲོད་པ་ཞིག་འོང་བར་སྣང་ཞེས་གསུངས་པར་གདའ། ལྷ་རྗེ་དེས་གྲྭ་པ་རྣམས་ལ་སྙུན་གཞི་འདི་འཆོས་ཐུབ་པར་འདུག་སྟེ། ཞལ་སྔ་ནས་བཞུགས་པའི་ཐུགས་འདུན་ཡེ་མི་འདུག་པས་གསོལ་བ་ཐེབས་པ་རང་ནི་དཀའ་བར་གདའ། སྐུ་རིམ་ཞིག་བྱས་ན་ཁྱད་ཨེན་རེ་ཨེ་ཡོང་ཟེར་བས། ཉི་ཤུ་གསུམ་གྱི་རིང་གསོལ་དཔོན་སྒྲོལ་མས་མང་ཇའི་སྦྱིན་བདག་མཛད་དེ། ཚོགས་པས་སྨན་བླའི་ཆོ་ག་མཛད། དེ་སྐུ་མདུན་དུ་གསན་པས་ལྷ་རྗེ་ལའང་བཀྱོན་ཏེ་ཁྱོད་ཀྱིས་ང་ལ་གནོད་པོ་ཞིག་བྱས། ང་སང་དང་དེ་རིང་གཉིས་ཀྱང་དེ་རིང་འཆི་བ་ལ་འདམ་པ་ལ་གསུངས། ཉི་ཤུ་ལྔའི་ཉིན་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་སྣམ་རས་བུབས་གཉིས་ཙམ་དང༌། ཕྱག་དཔེ་པོ་ཏི་བཞི་ཙམ་འདུག་པ་ཚོགས་སུ་འབུལ་བ་མཛད། ཉི་ཤུ་དྲུག་ལ་ཐོས་བསམ་གླིང་དུ་སྲོད་ཇ་གཅིག་གི་སྟེང་དུ་སྐུ་རིམ་བགྱི་བའི་ཞལ་ཏ་ཞུས་པས། ང་ལ་རིམ་གྲོ་གཏན་ནས་བྱེད་མི་དགོས་པ་ཡིན་ཏེ། ད་འོ་ན་དཔལ་ལྡན་ས་གསུམ་མ་ཐོན་ལ་རྗེ་ཉིད་ལ་གསོལ་བ་ཐོབ་ཅིག་གསུངས། དེ་ནས་དགུང་ལོ་དོན་དྲུག་པ་ཤིང་ལུག་ཟླ་བ་ལྔ་པའི་ཉེར་བརྒྱད་ཀྱི་ནམ་ལངས་སུ་ཉེ་བ་ན་འཕོ་བ་མཛད་དེ། བྱམས་པའི་མདུན་སར་འཇམ་དཔལ་སྙི ང་པོའི་ཞབས་དྲུང་དུ་གཤེགས་པར་མཛད། དེའི་ཚེ་འཇའ་དང་འོད་ལ་སོགས་པའི་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ༌། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་འདོད་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཡབ་སྲས་འདི་གཉིས་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདི་གཉིས་ཀྱི་རྣམ་ཐར་ལྟར་ཚུལ་ཁྲིམས་དག་ཅིང་ལྟ་གྲུབ་གཙང་བའི་སྒོ་ནས་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་ལ་བརྩོན་པ་ལྷུར་བླང་བར་བྱའོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།