མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-09 21:21:42     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

222654797547263026.jpg

                     གཞན་ཡང་མདོ་སྡེ་དུ་མ་དང་བསླབ་བཏུས་སོགས་བྱང་སེམས་སྡེ་སྣོད་དགོངས་འགྲེལ་དང་བཅས་ལ་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་ཤིན་ཏུ་ཆེ་བ་འཁྲུངས། དེ་ནས་རྗེ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་བློ་བཟང་གྲགས་པའི་དཔལ་ཉིད་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ཆོས་སྐོར་རྣམས་གསུངས་པར་གསོལ་བ་འདེབས་པ་གནང་བས། རྗེ་བླ་མ་བློ་བཟང་གྲགས་པའི་དཔལ་གྱིས་རྒྱལ་བའི་སྲས་པོ་བཟང་སྐྱོང་ལ་རྗེ་བཙུན་འདི་ཉིད་ཀྱི་རྒྱུད་ཡོངས་སུ་སྨིན་པར་མཛོད་ཅིག་ཅེས་བཀའ་སྩལ་བ་ཞལ་གྱིས་བཞེས་ཏེ། འཕགས་ལུགས་ཀྱི་འདུས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བཞི་རྫོགས་པར་བསྐུར་བར་མཛད། དེ་ནས་རྗེ་བདག་ཉིད་ཆེན་པོས་ཚུལ་ཁྲིམས་ལེའུ་དང་བླ་མ་ལྔ་བཅུ་པ་རྩ་ལྟུང་བཅུ་བཞི་པ་རྣམས་ཀྱི་རྣམ་བཤད་གསུངས། རྗེ་འདི་ཉིད་ཀྱིས་དེ་དག་ཚིག་དོན་ཐུགས་ལ་བཟུང་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བར་མཛད་པའི་ངང་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཉིད་ལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ་དང་བཤད་རྒྱུད་ལྔ་སྒྲུབ་ཐབས་མདོར་བྱས་མདོ་སྲེ་གཉིས་རྣམ་གཞག་རིམ་པ་དང་རིམ་ལྔ་སོགས་འཕགས་ལུགས་ཀྱི་འདུས་པའི་གདམས་པ་རྣམས་དང༌། རྗེ་མར་པ་དང་འགོས་ལ་སོགས་པ་བོད་ཀྱི་བླ་མ་རྣམས་ཀྱིས་མཛད་པའི་མན་ངག་དང་གཞུང་བཤད་དང༌། འདུས་པ་ཡེ་ཤེས་ཞབས་ལུགས་དང་གཤིན་རྗེ་གཤེད་སྐོར་དང༌། འཁོར་ལོ་སྡོམ་པ་དང་ཀྱཻ་རྡོ་རྗེ། དུས་ཀྱི་འཁོར་ལོ་རྣམས་ཀྱི་འགྲེལ་བཤད་དང་བཅས་པ་རྣམས་དང༌། དེ་དག་གི་མན་ངག་རྣམས་གསན་ནས་བརྩོན་པ་ཆེན་པོས་སྦྱངས་པས་སྤྱིར་རྒྱུད་སྡེ་བཞི་དང༌། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེའི་དོན་ལ་མཁས་པའི་ཕུལ་ཏུ་ཕྱིན་པར་གྱུར། དེ་དུས་རྗེ་བདག་ཉིད་ཆེན་པོས་འགྲེལ་པ་བཞི་སྦྲགས་ཕྱག་ཏུ་བསྣམས་ནས་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་བཀའ་ལན་འགའ་ཞིག་སྩལ་བ་ན།  མཁས་པ་གཞན་སུས་ཀྱང་ཞལ་གྱིས་བཞེས་མ་ནུས་པའི་ཚེ། རྗེ་འདི་ཉིད་ཀྱིས་དེ་ལྟ་བུ་བདག་གིས་བགྱིའོ་ཞེས་ཞལ་གྱིས་བཞེས་པར་མཛད་པ་ན་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས་གསང་བ་འདུས་པའི་གསེར་སྐུ་ཁྱད་འཕགས་དང༌། འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་འབག་འཆམ་གོས་དབྱུག་ཏོ་ཞབས་པ་སོགས་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོས་རྗེ་འདི་ལ་ཁྱོད་རང་གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་འཆད་ཉན་མཛོད་དང༌། གནོད་སྦྱིན་མ་ཆེན་མོ་ཞིག་གིས་སྦྱིན་བདག་གི་གཙོ་བོ་བྱེད་པར་འདུག་ཅེས་ལུང་བསྟན་ཡང་གནང་ངོ༌། །

                   རྗེ་འདིས་དེ་དུས་དང་གཞན་གྱི་ཚེ་ཡང་རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། ཆོས་རྗེ་ལེགས་པ་རྒྱལ་མཚན་སོགས་ཡོངས་འཛིན་དམ་པ་མང་པོ་ལ་དབང་དང་རྗེས་གནང༌། ལུང་དང་བཤད་པ་མན་ངག་སོགས་དམ་པའི་ཆོས་མཐའ་ཡས་པ་ཞིག་གསན་པར་མཛད། དེ་དུས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ནས་མི་ཡི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་རྗེ་འདི་ཉིད་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་བཞེངས་ན་འདི་ནས་གྲོགས་དན་ཞུ་བས་འདི་ཕྱོགས་སུ་ཕེབས་པར་ཞུ་ཞེས་པའི་བཀའ་ཤོག་ཕེབས་པ་ཐུགས་ཤིན་ཏུ་དགྱེས་ནས་དེ་འཕྲལ་སྣེའུ་གདོང་དུ་ཕེབས་པར་མིའི་དབང་པོས་རྗེ་རིན་པོ་ཆེའི་བཀའ་འབུམ་བཞེངས་གྲོགས་བདག་རྐྱེན་བཟང་པོ་གནང་ཞིང༌། ཞར་ལ་ཁྲ་འབྲུག་གི་གཙུག་ལག་ཁང་ཡང་འཇལ་བར་གནང༌། བཀའ་འབུམ་བཞེངས་གྲུབ་པ་དང་དེ་ཉིད་བསྣམས་ནས་སྐྱིད་ཤོད་དུ་ཕེབས་པ་ན་ཕེབས་ལམ་དུ་རྗེ་རིན་པོ་ཆེའི་གསུང་རབ་ཀྱི་གླེགས་བམ་འགའ་ཞིག་ལུས་པ་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་མངོན་སུམ་དུ་བྱོན་ནས་གླེགས་བམ་མྱུར་དུ་ལོངས་ཤིག་ཅེས་བསྐུལ་བས་དེ་འཕྲལ་ལེན་པར་ཕེབས་པས་ཕྱག་ཏུ་འབྱོར། དེ་ནས་བཟུང་སྟེ་ཆོས་སྐྱོང་འདིས་འཕྲིན་ལས་ཚུལ་བཞིན་བསྒྲུབ་ཅིང་ལུང་བསྟན་ཡང་མང་དུ་མཛད་པ་ཡིན་པར་སྣང༌། དེ་ནས་གསང་ཕུར་ཕེབས་ཏེ་གླིང་སྟོད་ཀྱི་མཐོང་སྨོན་གྲྭ་ཚང་གི་སློབ་དཔོན་ལོ་ཤས་གནང་ནས་མདོ་ཕྱོགས་ཀྱི་བཤད་ཉན་མཛད་པས་བསྟན་པ་ལ་ཕན་ཐོགས་རབ་བྱུང༌། དེ་ནས་རྗེ་འདི་ཉིད་དང་རྗེ་དགེ་འདུན་གྲུབ་གཉིས་ཀས་གཙང་ཕྱོགས་སུ་ཕེབས། རེ་ཞིག་སྣར་ཐང་དུ་བཞུགས་ནས་ཕར་ཚད་ལ་སོགས་པ་མཚན་ཉིད་ཀྱི་འཆད་ཉན་གནང་བས་གྲྭ་པ་མང་དུ་འདུས། དེ་དུས་རྫོང་དཔོན་སངས་རྒྱས་སྐྱབས་ཀྱིས་སྦྱིན་བདག་མཛད་ནས་སྣར་ཐང་དང་བྱང་ཆེན་གཉིས་དང༌། རྟ་ནག་དགེ་སྦྱོང་དཀར་པོས་སྦྱིན་བདག་མཛད་ནས་རི་ཁུད་དང༌། འཕྱོང་རྒྱས་སྟག་རྩེ་བ་ཧོར་དཔལ་འབྱོར་བཟང་པོ་དེ་དུས་བསམ་གྲུབ་རྩེའི་རྫོང་དཔོན་ཡིན་པས་ཁོང་གིས་སྦྱིན་བདག་མཛད་ཅིང༌། བསམ་གྲུབ་ཆོས་སྡེ་བྲག་དམར་ཕུལ་བས་གནས་དེ་རྣམས་སུ་རྗེ་འདི་ཉིད་ཀྱིས་སྒྲོན་གསལ་སོགས་སྔགས་ཕྱོགས་དང༌། རྗེ་དགེ་འདུན་གྲུབ་པས་ཕར་ཚད་སོགས་མདོ་ཕྱོགས་ཀྱི་བཤད་པ་མཛད་པས་དགེ་བཤེས་ཐོན་ཆེ་རབ་བྱུང༌། དེ་ནས་སྔར་བྱང་ཆེན་དུ་བཞུགས་དུས་དཔོན་སློབ་གཉིས་ཀ་ལ་གཞན་གྱིས་བྱད་ཁ་ལྟ་བུའི་སྐུ་དོག་ཤིན་ཏུ་ཆེ་བའི་མཚན་མ་བྱུང་བས་དེ་དུས་རྗེ་འདི་ཉིད་བསམ་གྲུབ་རྩེའི་གཟིམ་ཆུང་བདེ་གསལ་དུ་སྐུ་སྙུན་པའི་ཚུལ་བསྟན།

                   དེའི་ཚེ་རྣལ་འབྱོར་གྱི་དབང་ཕྱུག་བཟང་པོ་རྒྱལ་མཚན་གདན་དྲངས་ཏེ་ཁོང་གིས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་ཐུན་མོང་མ་ཡིན་པ་མཛད། དེ་འཕྲལ་སྙུན་དྭངས་ནས་སྔར་བཞིན་རྒྱུད་ཀྱི་འཆད་ཉན་ལ་བརྩོན་པར་གནང་ཞིང༌། རྗེ་དགེ་འདུན་གྲུབ་པས་ཀྱང་བྱང་ཆེན་དུ་ཕེབས་ནས་སྒྲོལ་དཀར་གྱི་བསྙེན་སྒྲུབ་བརྩོན་པར་མཛད། དེ་དུས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་གནས་རྙིང་དུ་ལྷན་ཅིག་ཏུ་ཕེབས་པ་ལ་རྗེ་ཤེས་རབ་སེང་གེ་དཔོན་སློབ་གཉིས་ཀྱིས་མཇལ་བར་ཕེབས་ཏེ། རྒྱལ་མཚན་རིན་པོ་ཆེར་ཁོང་རང་གིས་གནང་བའི་མངོན་པ་ཀུན་བཏུས་ཀྱི་རྣམ་བཤད་སོགས་གསུང་ཆོས་མང་པོ་ཡང་གསན། དེ་ནས་རྗེ་ཤེས་རབ་སེང་གེ་དཔོན་སློབ་བསམ་གྲུབ་རྩེར་ཕེབས། རྗེ་དགེ་འདུན་གྲུབ་པ་ལ་སྟོད་ལྷོར་ཆོས་བར་ལ་ཕེབས་པའི་སྐྱེལ་མར་རྗེ་འདི་ཉིད་ཀྱིས་ཆུ་འདུས་བར་དུ་ཕེབས། དེ་ནས་ཕྱིར་ལོག་ཕེབས་དུས་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་འདི་ཉིད་ལ་ཕྱག་ཕུལ་ཏེ་ཞབས་སྤྱི་བོར་བླངས་ནས་ཡུན་རིང་དུ་བཞུགས་པའི་གསོལ་བ་བཏབ་སྟེ་གྲྭ་པ་མཚན་ཉིད་པ་རྣམས་ཁྲིད་ནས་ཤེས་དཀར་ཕྱོགས་སུ་ཕེབས། རྗེ་འདི་ཉིད་ཀྱིས་གྲྭ་པ་སྔགས་པ་རྣམས་འཁྲིད་ནས་བསམ་གྲུབ་རྩེར་ཕེབས་ཏེ་རེ་ཞིག་བཞུགས་ནས་རྒྱུད་ཀྱིས་འཆད་ཉན་འཕེལ་བར་ཡོད་པའི་ཚེ། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྔར་ལུང་བསྟན་གནང་བ་བཞིན་གནོད་སྦྱིན་མོའི་སྤྲུལ་པ་བདག་མོ་ཤཱཀྱ་དཔལ་གྱིས་གདན་དྲངས། དེར་ཆོས་རྗེ་འཕགས་འོད་ཡོན་ཏན་རྒྱ་མཚོ་སོགས་ལ་གསང་འདུས་དང་བདེ་མཆོག་སོགས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་ཞིག་གསུངས་ཏེ་ཁོང་དཔོན་སློབ་རྣམས་དགེ་ལྡན་པའི་ཆོས་རྒྱུད་འཛིན་པ་ལ་བསྒྱུར། འཕགས་འོད་ཡོན་ཏན་རྒྱ་མཚོ་རྡོ་རྗེ་སློབ་དཔོན་དུ་བསྐོས་ཏེ་གནས་དེར་རྒྱུད་ཀྱི་འཆད་ཉན་བཙུགས། བྱིན་རླབས་ཀྱི་རྟེན་དུ་སྔར་རྗེ་རིན་པོ་ཆེས་གནང་བའི་དམ་ཅན་ཆོས་རྒྱལ་ཞལ་འབག་དང༌། འཆམ་གོས་དབྱུག་ཏོ་བཅས་གནང༌། དེ་ནས་སྲད་ཀྱི་སའི་ཆར་དགའ་ལྡན་ཕོ་བྲང་ཞེས་པའི་དགོན་གནས་བཏབ་སྟེ་རྒྱུད་ཀྱི་རྒྱལ་པོའི་འཆད་ཉན་འཛུགས་པར་མཛད་ནས་འདུལ་འཛིན་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་བཞག་མཛད།

                   བྱིན་རླབས་ཀྱི་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་གནང༌། དེ་ནས་དབུས་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྒྱུད་ཀྱི་འཆད་ཉན་བཙུགས། དེ་ནས་དམ་པའི་ཆོས་ཀྱིས་འབྱུང་གནས་ཞ་ལུར་ཕེབས་ཏེ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དཔལ་མཆོག་དང་རྩེ་མོ་དང་རྡོར་དབྱིངས་སོགས་རྒྱུད་སྡེ་འོག་མ་རྣམས་ཀྱི་དབང་དང་རྒྱུད་བཤད། ལུང་དང་མན་ངག་དཔག་ཏུ་མེད་པ་གསན་ཅིང་དེ་དག་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། དེ་ནས་སླར་ཡང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། རྒྱལ་ཚབ་རིན་པོ་ཆེར་དུས་འཁོར་གྱི་ཆོས་སྐོར་གསན་པའི་ཐུགས་འདུན་ཡོད་པ་ལ་དགེ་སྦྱོང་དཀར་པོས་རྟ་ནག་ཏུ་གདན་དྲངས་ཏེ་རི་ཁུད་ཆོས་སྡེ་ཕུལ་བས་དེ་ཉིད་ཞལ་བདག་གནང་སྟེ་ལོ་ཁ་ཤས་འཆད་ཉན་འཕེལ་བར་བཞུགས། དེ་དུས་རི་བོ་དགེ་འཕེལ་དུ་ཕེབས་ནས་ཀུན་མཁྱེན་ཤེས་རབ་དཔལ་བཟང་ཡབ་སྲས་ཀྱི་དྲུང་དུ་ཡང་ཆོས་བཀའ་མང་པོ་གསན་པར་མཛད། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།