མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-09 21:16:41     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 168526773371505757.jpg

                    རྗེ་ཐམས་ཅད་མཁྱེན་པས་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྩལ་ཅིང་། རྗེའི་ཐུགས་སྲས་མཁས་གྲུབ་དམ་པས་ནུབ་ཛཱ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ལ་ཐུག་གི་བར་ཁྱབ་པས་རྗེ་བདག་ཉིད་ཆེན་པོ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་བརྒྱུད་ཚུལ་ཡང་དེ་སྙེད་བྱུང་མོད། དེང་སང་ཡོངས་སུ་གྲགས་པ་ནི་བདེ་ལམ་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་རྒྱུན་གཉིས་སུ་བཞུགས་པ་ལས། བདེ་ལམ་གྱི་ཁྲིད་རྒྱུན་ལྟར་དཔལ་དབེན་ས་སྙན་བརྒྱུད་ཀྱི་བླ་མ་གོང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བརྒྱུད་རིམ་ལྟར་གྱི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་མདོར་བསྡུས་བརྗོད་ཟིན་ནས། འཇམ་དཔལ་ཞལ་ལུང་གི་རྒྱུད་འདེབས་ལས་འབྱུང་བ་ལྟར་རྗེ་རིན་པོ་ཆེ་ནས་མཁས་གྲུབ་ཤེས་རབ་སེདྒེ་དང༌། དེ་ནས་རྗེ་དགེ་འདུན་གྲུབ་སོགས་ལ་རིམ་གྱིས་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་བརྗོད་པ་ནི། མཁས་གྲུབ་ཆེན་པོ་ཤེས་རབ་སེདྒེའི་ཞབས། ཞེས་བསྔགས་པ། མཁས་གྲུབ་ཆེན་པོ་ཤེས་རབ་སེདྒེ་ནི་གཙང་གི་སའི་ཆ་སྲད་ཀྱི་གུར་མ་ཞེས་བྱ་བར་ཡབ་དམ་པ་དམར་པོ་ཞེས་བྱ་བ་དང༌། ཡུམ་ཆོས་སྐུ་བཀྲ་ཤིས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་མཐུས་ཁྱིམ་གྱིས་འདུ་འཛི་ལ་མི་དགའ་ཞིང་དམ་པའི་ཆོས་འཚོལ་བ་ལ་ངང་གིས་གཞོལ་བ་ཞིག་བྱུང་ངོ༌། །དེ་ནས་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་ན་ནི་དལ་འབྱོར་གྱི་ལུས་ཐོབ་པའི་དུས་འདིར་འཁོར་བ་ལས་ཐར་པའི་ཐབས་ཤིག་བྱ་དགོས་པར་འདུག །དེ་ཡང་དེང་བྱ་སང་བྱའི་ངང་དུ་ལུས་ན་ཚེ་འདིའི་སྣང་ཤས་ཀྱིས་བསླུས་ནས་དལ་བ་སྟོང་ལོག་ཏུ་སོང་སྟེ་འཆི་བའི་ཉེན་ཡོད་པས་འཕྲལ་རང་དུ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་མདོ་སྔགས་གསུང་རབ་རྣམས་ལ་ཐོས་བསམ་སྒོམ་གསུམ་ཚུལ་དང་མཐུན་པ་ཞིག་བྱེད་དགོངས་པ་དང༌། མནལ་ལམ་དུ་རྗེ་བཙུན་སྒྲོལ་མས་ད་མྱུར་དུ་རབ་ཏུ་བྱུང་ན་ལེགས་སོ་ཞེས་བསྐུལ་བ་ལ་བརྟེན་ནས་དགུང་ལོ་བཅུ་བཞི་བཞེས་པའི་ཚེ་སངས་རྒྱས་སྨན་པའི་རྒྱལ་པོའི་རྣམ་འཕྲུལ་མཁན་ཆེན་གྲུབ་པ་ཤེས་རབ་གྱིས་མཁན་པོ་མཛད། ལས་སློ བ་དུས་གོ་བ་དགེ་འདུན་དང་བཅས་པའི་དབུས་སུ་དགེ་བསྙེན་གྱི་སྡོམ་པ་དང༌། བར་མ་རབ་བྱུང་གི་ཚུལ་ཁྲིམས་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ཤེས་རབ་སེདྒེ་ཞེས་འདོགས་པར་གནང༌། སྔར་ནས་ངོ་ཚ་དང་བག་ཡོད་ལ་གནས་པའི་སྟེང་དུ། འདི་ནས་བཟུང་སྟེ་དགེ་ཚུལ་གྱི་བསླབ་བྱ་རྣམས་ལ་ལེགས་པར་སློབ་པར་མཛད་པས་གཞོན་ནུ་ནས་བཙུན་པའི་མཆོག་ཏུ་གྱུར་པ་ཞིག་བྱུང༌། དེ་ནས་སློབ་དཔོན་མཁས་པ་ཞིག་ལ་བརྟེན་ནས་ཕྱག་བྲིས་སློབ་པ་དང་འབྲི་བ་ལ་སྦྱངས་བརྡར་གནང་བས་ཚེགས་མེད་པར་མཁྱེན་པར་གྱུར། དེ་འཕྲལ་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པ་ཐུགས་ལ་བཟུང་སྟེ་ཞལ་འདོན་ལན་མང་དུ་གནང་བའི་ཚེ། ལན་ཅིག་གཟིགས་སྣང་ལ་ནུབ་ཕྱོགས་ནས་བླ་གོས་ངུར་སྨྲིག་བཞེས་པ། དབུ་གཙུག་ཏོར་དང་བཅས་པ། ཕྱག་ན་བསིལ་བྱེ ད་དང་ལྷུང་བཟེད་བསྣམས་པ་ཞི་ཞིང་འཛུམ་པ་ཞིག་བྱོན་ནས་བྱིན་གྱིས་བརླབས་པའི་དག་པའི་མཚན་མ་བཟང་པོ་བྱུང་སྟེ། དེ་ནི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དང་འཇལ་བའི་ལྟས་སུ་མངོན་ཞེས་རྗེ་ཉིད་གསུངས། དེ་ནས་མཁས་པ་ཆེན་པོ་གཡག་ཕྲུག་པ་སངས་རྒྱས་དཔལ་དེ་ཉིད་མཁན་ཆེན་གྲུབ་པ་ཤེས་རབ་མཇལ་བར་ཕེབས་པ་ལ་མཁན་ཆེན་པས་རྗེ་འདི་ཉིད་ཀྱིས་གཙོ་མཛད་པའི་བློ་གསལ་འགའ་ཞིག་སྦྱོར་གཏད་གནང་སྟེ་ཁྱེད་ཀྱིས་བློ་གསལ་དོན་གཉེར་ཅན་འདི་རྣམས་རེ་ཞིག་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་སྐྱོངས་ཤིག་ཅེས་བཀའ་སྩལ་བ་བཞིན་ཞལ་གྱིས་བཞེས་ནས་དེ་བཞིན་མཛད་པས་དམ་པ་འདི་ཉིད་ཀྱིས་མཁས་པ་ཆེན་པོ་སངས་རྒྱས་དཔལ་ལ་བརྟེན་ནས་བྱམས་ཆོས་ལྔ་དང༌། དབུ་མ་རིགས་ཚོགས་དྲུག །འཇུག་པ་རྩ་འགྲེལ། སྤྱོད་འཇུག །ཚད་མ་མདོ་དང་སྡེ་བདུན་སོགས་ལ་སྦྱངས་པ་མཛད་པས་དེ་དག་གི་ཚིག་དོན་ལ་མཁས་པར་གྱུར་ཅིང་མཁས་པ་ཆེན་པོ་སངས་རྒྱས་དཔལ་བས་ཀྱང་རྗེ་འདི་ལ་མཁས་གྲུབ་ཆེན་པོར་མཚན་གསོལ། དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་ཚེ་སྣར་ཐང་དུ་ཚིགས་སྔ་མའི་མཁན་པོ་མཁན་ཆེན་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་མཛད་ཅིང༌། གཞན་ཡང་ལས་ཀྱི་སློ བ་དཔོན། གསང་སྟེ་སྟོན་པ། གྲིབ་ཚོད་པ། ཁ་སྐོ ང་གི་དགེ་འདུན་རྣམས་ཚང་བའི་དབུས་སུ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་བསྟན་པ་རིན་པོ་ཆེ་ལ་ཞུགས་ལ་ཡོངས་སུ་རྫོགས་པའི་དཔལ་ཐོབ།

                    དེ་ནས་བཟུང་སྟེ་དགེ་སློང་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་པར་མཛད་པས་འཇིག་རྟེན་གྱི་ཡོན་གནས་དམ་པར་གྱུར། གཞན་ཡང་སྣར་ཐང་དུ་བཞུགས་སྐབས་སུ་གཙོ་བོར་སྔར་སྨོས་པའི་མཚན་ཉིད་ཀྱི་གཞུང་རྣམས་ལ་སྦྱོང་བར་མཛད་ཅིང༌། ཞར་ལ་དེའི་མཁན་སློབ་སོགས་ལ་དབང་དང་རྗེས་གནང་དང༌། ལུང་དང་བཤད་པ་སོགས་ཆོས་བཀའ་རྣམ་གྲངས་མང་པོ་གསན་པར་མཛད་པས། གནས་དེའི་མཁན་སློབ་དགེ་འདུན་གྱི་སྡེ་དང་བཅས་པ་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར། དེ་ནས་སྔོན་གྱི་སྨོན་ལམ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་གསན་པས་རྐྱེན་བྱས་ནས་དབུས་སུ་ཕེབས། རིམ་གྱིས་ར་ས་འཕྲུལ་སྣང་དང་ར་མོ་ཆེ་སོགས་ཀྱི་རྟེན་རྣམས་མཇལ་ཏེ་ཕྱག་དང་བསྐོར་བ་སྨོན་ལམ་འདེབས་པ་རྣམས་ལ་ནན་ཏན་ཆེན་པོ་གནང༌། དེ་དུས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ན་དབུས་གཙང་ཁམས་གསུམ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཆོས་དོན་དུ་གཉེར་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ཕེབས། དེ་ནས་གཟིམ་ཁང་དཀར་མོར་རྗེ་རིན་པོ་ཆེ་མཇལ་བར་ཕེབས་པས་རྗེ་ཐམས་ཅད་མཁྱེན་པའི་སྐུ་གཟིགས་པ་ཙམ་གྱིས་སངས་རྒྱས་ཀྱི་འདུ་ཤེས་འཁྲུངས་ཏེ་དད་གུས་བཅོས་མ་མིན་པ་འཁྲུངས། དུས་དེ་ནས་བཟུང་སྟེ་རྗེ་ཐམས་ཅད་མཁྱེན་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པ་སོགས་མདོ་སྔགས་ཀྱི་དམ་པའི་ཆོས་མང་པོ་གསན། དེ་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཐུན་རྐྱེན་དང་བཅས་ནས་སྐྱོར་མོ་ལུང་དུ་མཁན་པོ་བསམ་གཏན་དོན་གྲུབ་པའི་དྲུང་དུ་འདུ་བ་དང་མངོན་པ་གསན་པ་ལ་རྫོངས་པ་གནང༌། རྗེ་འདི་ཉིད་ཀྱིས་དེར་ཕེབས་ཏེ་འདུལ་མངོན་གཉིས་ལ་གསན་སྦྱོང་མཐར་ཕྱིན་པར་མཛད། དེ་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོ་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་འོན་མདའ་བཀྲ་ཤིས་དོ་ཁར་གདན་དྲངས་པའི་ཕྱགས་ཕྱིར་རྗེ་འདི་ཉིད་ཀྱིས་ཕེབས་ནས་དེར་དབུ་མ་རྩ་ཤེའི་རྣམ་བཤད་དྲང་ངེས་རྣམ་འབྱེད། ཚད་མ་རྣམ་ངེས་ཀྱི་དཀའ་གནས། རྩ་ལྟུང་རྣམ་བཤད་རྣམས་གསན། དེ་རྗེས་ཆོས་རྗེ་གུང་ཐང་པ་མཛེས་པ་དཔལ་ལ་ཆོས་གསན་པར་ཕེབས་པའི་དྲུང་དུ་འཁོར་ལོ་སྡོམ་པ་ལུས་དཀྱིལ་དབང་གསན་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཡང་དེར་བྱོན་ནས་རྗེ་རིན་པོ་ཆེ་དང་མཇལ། དེ་ནས་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཕྱིར་དགེ་ལྡན་དུ་ཕེབས། རྗེ་འདི་པས་རྒྱལ་བ་ཙོང་ཁ་པའི་བཀའ་བཞིན་དུ་གསང་ཕུར་ཕེབས་ནས་རྗེ་དགེ་འདུན་གྲུབ་པ་སོགས་བཤེས་གཉེན་མང་པོ་ལ་ལེགས་བཤད་ཀྱི་དགའ་སྟོན་ཐོག་མར་སྩལ་ཅིང༌། དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་བདག་འཇུག་གི་ཆོ་ག་མང་དུ་མཛད།

                     དེ་ནས་སྣོན་གྱི་འཆད་དགོན་ཞེས་པར་ཕེབས་ཏེ་ཆོས་འཆད་ཉན་ལ་བརྩོན་པར་མཛད་པའི་ཚེ་མནལ་ལམ་དུ་དཔལ་ལྡན་ཆོས་གྲགས་ཀྱིས་བྱིན་གྱིས་བརླབས་ནས། རིགས་ཀྱི་བུ། དེ་རིང་ནས་ཁྱོད་ཀྱི་ཚེའི་ཕྱེད་རྫོགས་སོ་ཞེས་གསུངས་ཏེ་མི་སྣང་བར་གྱུར། མནལ་ལམ་དེའི་ལྟས་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་ལ་བརྟེན་ནས་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་དགུང་ལོ་རེ་གསུམ་ཐུབ་པའི་ལྟས་སུ་མངོན་ཞེས་རྗེ་ཉིད་གསུངས་སོ། །དེ་ནས་བར་ཆད་ཀྱི་མཚན་མ་རྩུབ་པ་ཞིག་བྱུང་བ་ན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་པས་མནལ་ལམ་དུ་ནམ་མཁའ་ལ་སྒྲོལ་མའི་སྙིང་པོ་ཡི་གེ་བཅུ་གསེར་གྱི་མདོག་ཅན་ཞིག་གསལ་བར་གཟིགས་ཤིང༌། གཞན་ཡང་ནམ་མཁའ་ལས་སྒྲོལ་མ་དཀར་མོའི་སྒོ་ནས་ཚེ་བསྲིང་ཐབས་སློབ་དཔོན་ངག་དབང་གྲགས་པའི་གཞུང་ལ་བརྟེན་ནས་གྱིས་ཤིག་པའི་སྒྲ་གསལ་བར་བྱུང༌། དེས་བསྐུལ་མ་བྱས་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་མན་ངག་ཞུ་བ་གནང་སྟེ་ཞག་རེ་བཞིན་སྙིང་པོ་སྤེལ་ཚིག་དང་བཅས་པ་སྟོང་ཕྲག་དྲུག་རེའི་ལྗགས་བཟླས་རྒྱུན་དུ་གནང༌། དེའི་ཚེ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། རྗེ་དགེ་འདུན་གྲུབ་པས་དྲུང་ཡིག་གནང་ནས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ལེགས་པ་ཞིག་ཐུགས་རྩོམ་ཡང་གནང༌། དེ་ནས་གྲུབ་པའི་གནས་མཆོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་རྡོ་རྗེ་འཆང་གི་ངོ་བོ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཞབས་དྲུང་དུ་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་གཉིས་ཀྱི་དོན་རྣམས་ཉམས་ལེན་དུ་དྲིལ་བ་གསུང་བཤད་དང་བཅས་པ་གསན་པས་ཐུགས་རང་དབང་མེད་པར་ཕྲོགས་ཏེ། བཤེས་གཉེན་བསྟེན་ཚུལ་ནས་ལྷག་མཐོང་ལ་སློབ་པའི་བར་གྱི་ལམ་རྣམས་དམིགས་པའི་རིམ་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་པས་ལམ་ཐུན་མོང་བ་ལ་ཐུགས་ངེས་ཆེན་པོ་འཁྲུངས་ཤིང༌། ཁྱད་པར་སློབ་དཔོན་ཀ་མ་ལ་ཤཱི་ལའི་བཞེད་པ་རྒྱུ་འབྲས་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དང༌། སློབ་དཔོན་ཞི་བ་ལྷའི་བཞེད་པ་བདག་གཞན་བརྗེ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གཉིས་ལ་བརྟེན་ནས་སྨོན་པ་སེམས་བསྐྱེད་ལ་ལེགས་པར་སྦྱངས། དེ་ལ་བརྟན་པ་ཐོབ་ནས་སྨོན་པ་སེམས་བསྐྱེད་ཆོ་གས་གཟུང་སྟེ་ཕར་ཕྱིན་དྲུག་དང་བསྡུ་བ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ལ་སློབ་པར་མཛད།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།