པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:55:47     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

364059334446916973.jpg

                    དེ་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་སློབ་དཔོན་ཨ་བྷྱ་ཡ་ཀ་ར་རྗེས་སུ་བཟུང་སྟེ་གསང་ཆེན་རྡོ་རྗེ་ཐེག་པའི་དབང་གི་ཆུ་བོ་མང་པོ་གཅིག་ཏུ་བསྡུས་པ་རྡོ་རྗེ་ཕྲེང་བར་གྲགས་པའི་སྟ་གོན་དང་བཅས་པ་ཡོངས་སུ་རྫོགས་པ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོར་འབུལ་བ་གནང་སྟེ། དེ་ཡང་ཐོག་མར་སློབ་མ་རྗེས་འཛིན། དེ་ནས་སློབ་མ་སྟ་གོན། དེ་ནས་གསང་འདུས་འཇམ་པའི་རྡོ་རྗེའི་དབང་ཆེན་ནས་བཟུང་བར་མ་ཆད་པར་རིམ་གྱིས་གནང་སྟེ་རྡོ་རྗེ་ཕྲེང་བ་ནས་བཤད་པའི་དབང་ཞེ་གཉིས་དང༌། ཀྲི་ཡ་ས་མུཙྪ་ནས་བཤད་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པར་འབུལ་བར་མཛད། དེ་ནས་གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཞེད་སྲོ ལ་མི་ཏྲ་བརྒྱ་རྩར་གྲགས་པའི་ལྷ་རྣམས་ཀྱི་དབང་ཡོངས་སུ་རྫོགས་པ་དང༌། སྒྲུབ་ཐབས་རྒྱ་མཚོ་རྗེས་གནང་ཡོངས་སུ་རྫོགས་པ་དང༌། མགོན་པོའི་བཀའ་ཆེན་བཅུ་གསུམ་ཡོངས་རྫོགས་དང༌། གཞན་ཡང་ལྷག་པའི་ལྷ་མང་པོའི་དབང་དང་རྗེ་གནང་བཟླས་ལུང་མན་ངག་ལམ་ཁྲིད་སོགས་མཐའ་ཡས་པ་གནང་སྟེ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་མདོ་སྔགས་བསྟན་པའི་བདག་པོར་མངའ་གསོལ་ལོ། །དེ་ནས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་དབུས་ཕྱོགས་ཀྱི་དགེ་འདུན་བགྲང་བ་ལས་འདས་པ་དང༌། དབུས་ཕྱོགས་ཀྱི་སྐྱེ་བོ་ཁྱིམ་པ་དད་ལྡན་བགྲང་བ་ལས་འདས་པ། ཕྱོགས་འདུས་ཀྱི་སེར་སྐྱ་བགྲང་བ་ལས་འདས་པ་དག་ལ་ཞལ་གྱི་དཀྱིལ་འཁོར་བསྟན་ཏེ་སྐུ་མཐོང་བ་དང༌། གསུང་ཐོས་པ་དང་ཕྱག་གིས་གང་གི་མགོ་ལ་རེག་པ་ཐམས་ཅད་རིམ་གྱིས་སྨིན་ཅིང་གྲོལ་པའི་འཕྲིན་ལས་མཛད། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་རང་ལ་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ལྷག་པའི་མཆོད་ཡུལ་དམ་པ་ཡིན་ཞིང༌། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་བས་བླ་མའི་སྐུའི་བ་སྤུ་གཅིག་མཆོད་པ་དང༌། བླ་མའི་འདྲ་འབག་མཆོད་པ་བསོད་ནམས་ལྷག་པས་བདག་ལེགས་སུ་འདོད་པ་དག་གིས་རང་ཉིད་ཆེན་པོའི་གོ་ས་ཅི་འདྲ་ཞིག་ལ་གནས་པ་ཡིན་ཡང་རང་ལ་ཆོས་སྟོན་པའི་བླ་མ་ལ་གུས་པ་འདི་ལྟར་བྱ་དགོས་སོ། །ཞེས་འདོམས་པའི་ཕྱིར་ཕུར་བུ་ལྕོག་ཏུ་ཕེབས་ཏེ་རྗེ་བཙུན་བླ་མ་ངག་དབང་བྱམས་པའི་སྐུ་གདུང་ལ་མཆོད་ཚོགས་རྒྱ་ཆེན་པོས་མཆོད་པར་མཛད་ཅིང༌། བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་དགོངས་པ་ཡོངས་སུ་བཀང་བའི་ཕྱིར་ཆོས་ར་ཆེན་མོའི་ཁྲི་ལ་ཕེབས་ཏེ་དད་འདུས་ཀྱི་སེར་སྐྱ་སྟོང་ཕྲག་བརྒལ་བར་སེམས་བསྐྱེད་གནང་ཞིང༌། བྱམས་མགོན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་ཇི་ལྟར་གསུང་བ་ལྟར་རྒྱལ་བསྟན་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་ཕྱོགས་ཐམས་ཅད་དུ་འཕེལ་ཞིང་རྒྱས་པ་དང༌། ལམ་འདི་སྟོན་པའི་བཤེས་གཉེན་དམ་པ་ཐམས་ཅད་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པ་དང༌། མཐའ་དབུས་སྐྱེ་འགྲོ་མ་ལུས་ལམ་བཟང་འདི་ལ་ཞུགས་ཏེ་སྨིན་ཅིང་གྲོལ་བའི་ཐུགས་སྨོན་རྒྱ་ཆེར་མཛད།

                    དེ་ནས་ཕོ་བྲང་ཆེན་པོར་ཕེབས་ནས་གངས་ཅན་འགྲོ་བའི་མགོན་པོ་རྒྱལ་དབང་མཆོག་ལ་མཐའ་དབུས་སྐྱེ་འགྲོ་མ་ལུས་དམ་པའི་ཆོས་ཀྱིས་ཚིམ་པར་མཛད་པ་དང༌། མགོན་པོ་ཐུགས་རྗེ་ཅན་ཉིད་ཀྱིས་སྔོན་ཡུན་རིང་པོ་ནས་ཕྱག་མཚན་དུ་བཟུང་བའི་བྱང་ཕྱོགས་གངས་རིའི་ལྗོངས་འདི་ལུགས་གཉིས་ཀྱིས་སྐྱོང་ཚུལ་འདི་ལྟར་མཛད་དགོས་སོ་ཞེས་ཞལ་ཏ་ཞིབ་རྒྱས་སུ་ཞུ་བར་མཛད་ནས་རྒྱལ་བ་ཡབ་སྲས་གཉིས་ཀ་ཕན་ཚུན་ཐུགས་འཁྲེང་བཞིན་པས་སྐྱབས་འཇུག་ཞུ་བར་མཛད་དེ་རྗེ་འདིས་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་སྙུག་མར་གནས་པ་དང༌། ཕྱོ གས་ཕྱོ གས་ནས་འདུས་པའི་དགེ་འདུན་བགྲང་བ་ལས་འདས་པ་ལ་ཆོས་ཀྱི་འཁོར་ལོ་བརྒྱུད་མར་བསྐོར་ཞིང༌། རྗེ་འདི་ཉིད་ལ་འཛམ་གླིང་ཡངས་པའི་ས་ཆེན་པོའི་ཁྱོན་ལ་གནས་པའི་སྐྱེ་བོ་མཐའ་དག་གིས་རང་རང་གི་ཡོ་བྱད་གཅེས་པ་གང་ཡོད་འབུལ་བར་བྱེད་པས་གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེའི་བང་མཛོད་དང༌། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་པ་ལྟ་བུ་མཆིས་པ་རྣམས་ནམ་ཡང་ཆུད་མི་ཟ་བའི་ཕྱིར་དད་ལྡན་སོ་སོའི་ཚོགས་རྫོགས་པའི་ཐབས་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་བའི་ཐབས་འབའ་ཞིག་ཏུ་སྦྱོར་བར་མཛད་དེ་སྐུ་གསུང་ཐུགས་རྟེན་བཞེང་བ་དང༌། རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་དང༌། དབུལ་ཕོངས་རྣམས་ལ་གང་ལ་གང་འདོད་ཀྱི་སྦྱིན་པ་མཛད་ཅིང༌། ལྷག་པར་སྐབས་འདིར་རྒྱལ་བའི་བསྟན་པ་ལ་སྲི་ཞུ་བླ་ལྷག་ཏུ་མཛད་བཞེད་པ་དང༌། སྔོན་སངས་རྒྱས་མཐོང་བའི་དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་དགའ་ཞིང་མགུ་བར་བྱ་བ་དང༌། སྟོབས་འབྱོར་ཅན་རྣམས་ལ་སྔོན་བསགས་བསོད་ནམས་ཀྱི་མཐུས་འབྱོར་པ་ཐོབ་པ་རྣམས་ཚུལ་འདི་ལྟར་དུ་ཆུད་མི་ཟ་བར་བྱ་དགོས་སོ་ཞེས་འདོམས་པར་བྱ་བའི་ཕྱིར་གསེར་ཞོ་སྟོང་ཕྲག་མང་པོ་བཞུ་བཏུལ་མཛད་དེ་རྒྱལ་བའི་བཀའ་གངས་ཅན་དུ་འགྱུར་རོ་ཅོག་ཐམས་ཅད་དང༌།

                   དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འགྲེལ་པའི་ཕྱིར་དུ་མདོ་སྔགས་ཀྱི་བསྟན་བཅོས་ཇི་སྙེད་ཅིག་མཛད་པ་རྣམས་དང༌། གཞན་ཡང་འཕགས་ཡུལ་གྱི་པཎ་གྲུབ་བགྲང་བ་ལས་འདས་པས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་མཛད་པ་མཐའ་ཡས་པ་ཡོད་པ་ལས་གངས་རིའི་ལྗོངས་འདིར་སྔོན་ཆད་བསྟན་བཅོས་འགྱུར་རོ་ཅོག་ཐམས་ཅད་དང༌། ཁམས་གསུམ་གྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡོངས་རྫོགས་དང༌། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་ཡོངས་རྫོགས་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་འབུམ་ཡོངས་རྫོགས་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཡོངས་རྫོགས་དང༌། རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་ཡོངས་རྫོགས་དང༌། རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་ཡོངས་རྫོགས་རྣམས་མཐིང་ཤོག་བཟང་པོའི་ངོས་ལ་གསེར་འབའ་ཞིག་གིས་བྲིས་པ་གླེགས་བམ་སོ་སོར་ན་བཟའ་གདོང་དར་གླེགས་ཤིང་སྐུ་རགས་རྣམས་ཁྱད་པར་དུ་འཕགས་པ་པོད་བཞི་བརྒྱར་ཉེ་བ་གསར་བསྐྲུན་མཛད་དེ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཀོད་པའི་གདན་ཁྲི་བཟང་པོ་ལ་བཞུགས་སུ་གསོལ་ཏེ་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་ཅིང༌། བསླབ་གསུམ་ལྡན་པའི་དགེ་འདུན་སྟོང་ཕྲག་མང་པོ་དང་ལྷན་ཅིག་ཏུ་ཇི་སྲིད་བྱམས་མགོན་དབུས་འགྱུར་ཚུལ་དུ་མ་བྱོན་བར་དུ་གནས་འདིར་རྒྱལ་བསྟན་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་བདེན་ཚིག་བརྗོད་ཅིང་རབ་ཏུ་གནས་པ་རྒྱས་པར་མཛད་དོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།