པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:46:12     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

575557663115211229.jpg

                     དེ་ནས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་གཞིས་བྱེས་ཀྱི་དགེ་འདུན་བགྲང་བ་ལས་འདས་པ་ལ་ཕྱག་དབང་དང་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་བར་མཛད་ཅིང༌། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ལྟར་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་མཐར་ཕྱིན་པ་ཞིག་མཛད་བཞེད་ནས་རྣམ་འགྲེལ་གྱི་རིགས་ལུང་གོང་འཕེལ་ཐོག་མངོན་རྟོགས་རྒྱན་ཐུགས་ལ་བཟུང་སྟེ་ཕར་ཕྱིན་གྱི་གསན་སྦྱོང་དང༌། དབུ་མ་འཇུག་པ་ཐུགས་ལ་བཟུང་སྟེ་དབུ་མའི་གསན་སྦྱོང་དང༌། འདུལ་བ་མདོ་རྩ་བ་ཐུགས་ལ་བཟུང་སྟེ་འདུལ་བའི་གསན་སྦྱོང་དང༌། མངོན་པ་མཛོད་ཐུགས་ལ་བཟུང་སྟེ་མངོན་པའི་གསན་སྦྱོང་རྣམས་དང་རྒྱ་གར་མཁས་པའི་གཞུང་རྣམས་དང༌། རྗེ་ཡབ་སྲས་ཀྱི་གཞུང་རྣམས་ལ་ལེགས་པར་གཟིགས་ཏེ་མཐའ་ཆོད་པར་མཛད་ཅིང༌། འཛམ་བུའི་གླིང་གི་སའི་ཆ་མཐའ་དག་ནས་འདུས་པའི་ཆོས་དོན་གཉེར་བ་རྣམས་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་བརྒྱུད་མར་སྩལ། བསྟན་པའི་གསལ་བྱེད་རྗེ་ལྕང་སྐྱ་རིན་པོ་ཆེ་ནས་བསྐུལ་མ་མཛད་པ་ལྟར་སྔགས་ཁང་དུ་བདེ་མཆོག་གི་ཆོ་ག་གསར་འཛུགས་མཛད་རྒྱུར། སྔགས་པ་ཚོགས་ཡོངས་ལ་བདེ་མཆོག་གི་དབང་ཆེན་སྩལ་ནས་སྔགས་ཁང་དུ་བདེ་མཆོག་གི་ཆོ་ག་འཛུགས་པར་མཛད། སྔགས་པའི་དགེ་བཤེས་དྲག་རིམ་ནས་བདེ་མཆོག་གི་བསྙེན་པ་བྱེད་དགོས་བའི་བཀའ་འདོམས་མཛད་དེ་བསྙེན་སོང་མང་དུ་བྱུང་བ་ན་རྗེ་ཉིད་དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་པ་ཆུ་ཕོ་རྟའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་ནས་བདེ་མཆོག་སྒྲུབ་མཆོད་ཀྱི་དབུ་ཚུགས་ཏེ་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་དུ་མི་ཉམས་པའི་བཀའ་འདོམས་མཛད། རྗེ་རྒྱལ་བ་གཉིས་པའི་བསྟན་པའི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་མཐར་ཐུགས་མ་རྒྱུད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་བསྟན་པ་གསལ་བར་མཛད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཞིག་གོ །

                    དེ་ནས་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་དུས་འཁོར་གྱི་སྒྲུབ་མཆོད་འཛུགས་པར་མཛད་དེ་ཇི་སྲིད་རྒྱལ་བསྟན་ནམ་གནས་པར་ནག་པ་ཟླ་བའི་ནང་དུ་དུས་འཁོར་སྒྲུབ་མཆོད་ཆག་མེད་ཡོང་བའི་བཀའ་འདོམས་མཛད། དེའི་ཆེ་སྔོན་ཤམྦྷ་ལར་རིགས་ལྡན་འཇམ་དཔལ་གྲགས་པས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་སྐལ་ལྡན་གྱི་སློབ་མ་བྱེ་བ་ཕྲག་མང་པོ་དཀྱིལ་འཁོར་ཆེན་པོར་འཛུད་པར་མཛད་པ་ལྟར་རྗེ་འདིས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་ཆེས་ཆེར་རྒྱས་པར་བྱ་བའི་རྟེན་འབྲེལ་དུ་བཀྲ་ཤིས་ལྷུན་པོའི་དགེ་འདུན་ཚང་མ་དུས་འཁོར་སྒྲུབ་མཆོད་ཀྱི་ཐོག་དཀྱིལ་འཁོར་མཇལ་བ་དང་རྗེ་ཉིད་ཀྱི་བྱིན་རླབས་ཞུ་བཅས་ལ་གཏོང་བར་མཛད། དེ་སྐབས་གནས་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ཆེས་ཆེར་དགྱེས་པའི་རྟགས་སུ་ནམ་མཁའ་འཇའ་སྤྲིན་འཁྲིགས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །དེ་ནས་རྣམ་འདྲེན་རྒྱལ་བའི་དབང་པོས་སྤྱན་འདྲེན་ཞུས་ཏེ་དབུས་ཕྱོགས་སུ་ཕེབས། ཟླ་བ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་རྗེ་འདིས་མཁན་སློབ་སྦྲགས་མ་མཛད་ཡོངས་འཛིན་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱིས་དུས་གོ་བ་མཛད། དེ་མོ་སྤྲུལ་པའི་སྐུ་རིན་པོ་ཆེ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་གངས་ཅན་འགྲོ་བའི་མགོན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ཞེས་ཐུབ་དབང་སླར་ཡང་ཕྱོགས་འདིར་བྱོན་པ་ཇི་ལྟ་བ་བཞིན་ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར་ཏོ། །དེ་ཉིན་དཀར་ཕྱོགས་ཀྱི་ལྷ་རྣམས་ཆེས་ཆེར་དགའ་སྟེ། ད་ནི་ཐུབ་པའི་བསྟན་པ་འཕེལ་ཞིང་སྙིགས་མའི་འགྲོ་བ་རྣམས་མགོན་དང་བཅས་པར་གྱུར་ཏོ་ཞེས་དགའ་བའི་ཅ་ཅོའི་སྒྲ་འོག་མིན་གྱི་བར་དུའང་བསྒྲགས་ཤིང༌། སྐྱེ་བོ་ཐ་མལ་པ་རྣམས་ཀྱི་མཐོང་སྣང་དུའང་ནམ་མཁའི་ཁྱོན་ཐམས་ཅད་འཇའ་སྤྲིན་གྱིས་ཁྱབ་པར་གྱུར་པ་ཞིག་བྱུང་བས་མཆོག་དམན་བར་མའི་འགྲོ་བ་ཐམས་ཅད་རྒྱལ་བ་ཡབ་སྲས་གཉིས་ཀ་ལ་མི་བྱེད་པའི་དད་པ་ཐོབ་པར་གྱུར་ཏོ། །

                    དེ་ནས་རྒྱལ་བ་ཡབ་སྲས་གཉིད་ཀ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་ཏེ་རྗེ་འདིས་རྒྱལ་བ་མཆོག་ལ་འཁྲུངས་རབས་སོ་བཞི་པ་སོགས་ལུང་མང་པོ་དང༌། ལམ་རིམ་བདེ་ལམ་མྱུར་ལམ་སོགས་འཇམ་མགོན་རྒྱལ་བ་གཉིས་པའི་སྙན་བརྒྱུད་ཀྱི་མན་ངག་རྒྱ་ཆེར་འབུལ་བར་མཛད། རྗེ་འདི་ནི་བསྟན་པའི་དོན་ལ་དཀའ་བ་ཅི་བྱུང་ཡང་སྐྱོང་ངལ་མི་མཛད་པར་དེའི་ཚེ་ཕྱོགས་མཐའ་དག་ནས་འདུས་པའི་ཆོས་དོན་གཉེར་པ་རྣམས་ལ་རང་རང་གི་འདོད་པ་ལྟར་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཞིང༌། ལྷག་པར་བསྙེན་རྫོགས་བསྒྲུབ་བྱ་སྟོང་ཕྲག་བརྒལ་བ་བྱུང་ཡང་བསྟན་པའི་རྩ་བ་སོ་སོ་ཐར་པ་ཡིན་པའི་དཀའ་བ་ཅི་བྱུང་ཡང་བཟོད་གསུངས་ནས་ཉིན་མང་པོར་སྦྲེལ་ནས་གནང་ཞིང་རེས་འགའ་གུང་ཡོལ་ནས་ཚུགས་པ་སྲོད་ཐུན་ཡོལ་གྱི་བར་དུ་གནང་དགོས་པ་བྱུང་ཡང་སྐྱོ་ངལ་མི་མཛད་པར་ཐུགས་སྤྲོ་ཞིང་གནང་བ་ནི་རྒྱལ་བའི་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཞིག་གོ །དེ་ནས་རྒྱལ་བ་མཆོག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་མའི་དབང་དང༌། གདུགས་དཀར་ལྷ་སོ་བདུན་མའི་དབང་དང༌། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང༌། མགོན་པོ་རྒྱན་ཅན་གྱི་རྗེས་གནང་དང་། སྒྲུབ་ཐབས་བརྒྱ་རྩའི་ནང་ནས་འོད་ཟེར་ཅན་མ་དང་འཇམ་དབྱངས་སྨྲ་སེང་སོགས་རྗེས་གནང་འགའ་ཞིག་འབུལ་བར་མཛད་ཅིང༌། གཞན་མ་དོན་གཉེར་ཅན་མང་པོར་དབང་ལུང་མན་ངག་མཐའ་ཡས་པ་སྩལ། དེ་ནས་གཙང་དུ་ཆིབས་བསྐྱོད་མཛད་རྒྱུར་ཕོ་བྲང་ནས་ཕེབས་ཏེ་འབྲས་སྤུངས་འདུ་ཁང་ཆེན་མོར་འབྲས་སྤུངས་ཚོགས་ཆེན་གྱི་ཐོག་ཕྱོགས་འདུས་མང་པོའི་དགེ་འདུན་སྟོང་ཕྲག་མང་པོར་ལམ་གཙོའི་ཁྲིད་སྩལ་དེ་ནས་རིམ་གྱིས་ལམ་བར་གྱི་དད་ལྡན་སེར་སྐྱ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་འབེབས་པར་མཛད་ཅིང༌། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ནས་འཁོར་གསུམ་གྱི་བྱ་བས་རོལ་པར་མཛད། དེ་ནས་མི་ཟད་ཅེས་པ་མེ་ཕོ་ཁྱིའི་ལོ་སྔགས་ཆེན་ཞལ་སྔ་ནས་སོགས་སྔགས་གྲྭའི་དགེ་འདུན་ཚང་མས་གསོལ་བ་བཏབ་ནས་ཕོ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཉི་འོད་འཁྱིལ་པར་ཡོངས་འཛིན་རིན་པོ་ཆེ། ཕྱག་མཛོད་ཆེན་མོ། གྲྭ་ཚང་བླ་མ་བཞི། སྔགས་པ་ཚོགས་ཡོངས་གཞན་ཡང་སྐལ་ལྡན་ཁ་ཤས་བཅས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སློབ་མ་རྗེས་བཟུང་ནས་གོང་ཆེན་བདག་པོ་ཆེན་པོའི་དབང་གི་བར་རྒྱས་པར་སྩལ་ཏེ་རིགས་ལྡན་འཇམ་དཔལ་གྲགས་པ་སླར་ཡང་གངས་རིའི་ཁྲོད་དུ་ཕེབས་ནས་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་རྒྱུད་ཆེན་གསལ་བར་མཛད་དོ་ཞེས་ས་སྟེང་མ་ལུས་གྲགས་པས་ཁྱབ་པར་གྱུར་ཏོ། །

                    དེ་ནས་ཟླ་བ་ལྔ་པའི་ནང་དུ་བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་སྐུ་མདུན་དུ་བཅར་ཏེ་མཎྜལ་ཕུལ་ནས་རྗེ་ཉིད་ཞབས་པད་ཡུན་རིང་བརྟན་པའི་གསོལ་བ་བཏབ་ཅིང༌། འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་མཐར་ཐུག་པ་མདོ་སྔགས་ཀྱི་མན་ངག་མཐའ་དག་རྒྱ་ཆེར་སྤེལ་བར་མཛད་པ་དང༌། ལྷག་པར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་གཟབ་བཤད་རྒྱས་པ་ཞིག་སྩོལ་བར་གསོལ་བ་བཏབ་པས་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ངོ་མཚར་བཀོད་པར་གྲྭ་ཚང་བླ་མ་བཞི་དང༌། སྔགས་གྲྭའི་དགེ་བཤེས་དྲག་གྲས་འགའ་ཞིག་བདག་ཅག་སྐྱིད་གྲོང་རི་ཁྲོད་པ་རྣམས་བཅས་ལ་སྔགས་རིམ་ཆེན་མོའི་བཤད་ལུང་ཆོས་ཐུན་ཉི་ཤུ་སྐོར་ཞིག་རྒྱས་པར་སྩལ། ཆོས་ཚུགས་པའི་འགོར་བླ་མ་ཡི་དམ་སྲུང་མར་བཅས་པ་ལ་ཚོགས་མཆོད་དང༌། གྲུབ་ནས་གཏང་རག་གི་ཚོགས་མཆོད་དང་མཎྜལ་རྒྱས་པར་ཕུལ། རྗེ་འདིས་འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་མཐར་ཐུག་པ་རྣམས་མང་ཙམ་ཡང་ཉམས་པ་ལ་ཕྱོགས་པ་གསོ་བར་མཛད་པས་བསྟན་པ་ལ་བྱ་བ་བླ་ན་མེད་པ་མཛད་དོ། །དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་གསན་ནས་ལེགས་སོའི་གནང་སྐྱེས་འཇའ་ས་གསེར་ཐམ་སོགས་ཕེབས་ཏེ། རྗེ་འདིའི་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་ས་གསུམ་མ་ལུས་ཁྱབ་པར་གྱུར་ཏོ། །དེ་ནས་རིམ་གྱིས་ལོ་རེ་བཞིན་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་ལ་དབྱར་གནས་ཀྱི་ཐོག་ཤིང་རྟ་ཆེན་པོའི་གཞུང་རྣམས་ཀྱི་བཤད་ལུང་དང༌། ལྷག་པར་སྐྱེས་རབས་སོ་བཞི་པའི་གཟབ་བཤད་ཆེས་རྒྱས་པ་དང༌། ལམ་རིམ་ཆེན་མོའི་བཤད་ལུང༌། ལམ་རིམ་བདེ་ལམ་གྱི་ཁྲིད། བློ་སྦྱོང་དོན་བདུན་མའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བླ་མ་མཆོད་པའི་ཁྲིད། རྒྱུད་སྡེ་བཞི་དང་འབྲེ ལ་བའི་དབང་དང་ལྷག་པའི་ལྷ་མང་པོའི་རྗེས་གནང་རིམ་པ་སྩལ། དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེན་པོ་གསན་ཕྱིར་དབུས་སུ་སྤྱན་དྲངས་ཏེ་ཕོ་བྲང་ཆེན་པོར་ཕེབས་ནས་རྒྱལ་བ་མཆོག་སྐུ་འཁོར་རགས་རིམ་དང་བཅས་པ་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཡོངས་རྫོགས། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་སྟ་གོན་དང་བཅས་པ། དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་ལུགས་ཀྱི་དབང་སྟ་གོན་དང་བཅས་པ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཡོངས་རྫོགས། རྣམ་འགྲེལ། འདུལ་བ། ཕར་ཕྱིན། དབུ་མ། མཛོད་རྣམས་ཀྱི་ལུང་དང༌། རྡོ་རྗེ་འཇིགས་བྱེ ད་ཀྱི་བསྐྱེད་རིམ་གྱི་ཁྲིད། དམ་ཅན་ཆོས་ཀྱི་རྒྱལ་པོའི་རྗེས་གནང༌། ལྷ་མོ་དམག་ཟོར་མའི་རྗེས་གནང༌། དཔལ་མགོན་ཞལ་བཞི་པའི་རྗེས་གནང༌། ལྕམ་སྲིང་གི་རྗེས་གནང༌། དཔལ་ལྷའི་རྗེས་གནང༌། མགོན་པོ་ཕྱག་བཞི་པའི་རྗེས་གནང་རྣམས་རིམ་གྱིས་འབུལ་བར་མཛད།

  རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།