པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:41:22     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 625900460895120324.jpg

                    དེ་ནས་དེད་དཔོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་རང་ཡུལ་དུ་ལོག་པ་ལྟར་རྗེ་འདི་པ་འཕགས་མཆོག་ཕྱག་ན་པདྨོའི་ཞལ་གྱི་བུམ་བཟང་ལས་འོངས་པའི་མདོ་སྔགས་བཤད་ཀྱི་བདུད་རྩིས་ཐུགས་ལེགས་པར་ཚིམ་ནས་གངས་རིའི་མགོན་པོ་རྒྱལ་བ་མཆོག་ལ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་བ་ལྟར་སྲིད་ན་དཀོན་པའི་ཡོ་བྱད་ཀྱི་ཁྱད་པར་མཐའ་ཡས་པས་མཆོད། དབུས་ཕྱོགས་ཀྱི་སྐལ་བ་དང་ལྡན་པ་མཐའ་དག་ཞལ་གྱི་དཀྱིལ་འཁོར་མཐོང་བ་དང༌། གསུང་གི་བདུད་རྩི་ཐོས་པ་དང༌། ཕྱག་གིས་རེག་པས་རང་རང་གི་སྐལ་བ་དང་འཚམ་པར་སྨིན་གྲོལ་ལ་འགོད་པར་མཛད་ནས་གཙང་དུ་ཆིབས་ཁ་བསྐྱོད་དེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། དེ་ནས་རྒྱལ་བ་མཆོག་གི་བཀས་བསྡུས་གྲྭ་ནས་བཟུང་གཞུང་ལུགས་ཆེན་མོ་རྣམས་གསན་སྦྱོང་མཛད་དགོས་པར་བསྐུར་མ་མཛད་པ་ཐུགས་ལ་བཅངས་ཏེ། དགུང་ལོ་བཅུ་དྲུག་པ་ཆུ་བྱ་ལོ་ཟླ་བ་དྲུག་པའི་ཚེས་བཞི་ནས་བསྡུས་གྲྭའི་གསན་སྦྱོང་གི་དབུ་བཙུགས་པ་རིང་པོར་མ་ཐོགས་པར་རིགས་པའི་སྒོ་ཕྱེ་སྟེ་མཁས་པ་མཐའ་དག་དྲི་མ་མེད་པའི་རིགས་པའི་ང་རོས་སྐྲག་པར་མཛད། ལོ་གཅིག་ལ་བསྡུས་གྲྭའི་གསན་སྦྱོང་མཐར་ཕྱིན་པར་མཛད་དེ་དགུང་ལོ་བཅུ་བདུན་པ་ཤིང་ཁྱི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚད་མ་རྣམ་འགྲེལ་གྱི་མཐའ་དཔྱོད་ལ་སྦྱོང་བའི་དབུ་ཚུགས། རྗེ་འདི་པ་བསྡུས་གྲྭའི་གསན་སྦྱོང་མཛད་པའི་གོང་ཙམ་ནས་ཡོངས་འཛིན་བློ་བཟང་བཟོད་པ་ཞིང་གཤེགས་ཏེ། རིགས་པ་སྨྲ་བའི་གཙུག་ནོར་དཀྱིལ་ཁང་ཞལ་སྔ་ནས་བློ་བཟང་ཆོས་འཕེལ་ཡོངས་འཛིན་དུ་ཕེབས་ཏེ་གསན་སྦྱོང་གི་ཞབས་བསྐུལ་ཞུས་དེ་ནས་རྣམ་འགྲེལ་གྱི་མཐའ་དཔྱོད་མྱུར་བར་མཐར་ཕྱིན་ཏེ་རྣམ་འགྲེལ་གྱི་གཞུང་ལ་སྦྱོང་བར་བཞེད་པ་ན་རྣམ་འགྲེལ་རྩ་བ་དང་རྗེ་སྨོན་ལམ་དཔལ་བའི་རྣམ་འགྲེལ་གྱི་ཊཱིཀྐ་གཉིས་སྦྱར་ཏེ་སྦྱོང་བར་མཛད་ཅིང༌། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་གཉིས་ལའང་ལེགས་པར་གཟིགས་ཏེ་གཞལ་བྱའི་གནས་གསུམ་ཚད་མ་གསུམ་གྱིས་གཏན་འབེབས་པ་ལ་དཔལ་ལྡན་ཆོས་ཀྱི་གྲགས་པ་སླར་ཡང་འོངས་པ་བཞིན་དྲི་མ་མེད་པའི་རིགས་པའི་ང་རོ་རེ་རེས་ཀྱང་གངས་རིའི་ཁྲོད་ཀྱི་མཁས་པར་རློམས་པ་མཐའ་དག་གི་སྤོབས་པ་ལན་དུ་མཛད་དོ། །

                    དེ་ནས་རྗེ་ཉིད་དགུང་ལོ་ཉི་ཤུར་ཕེབས་པ་མེ་མོ་གླང་གི་ལོ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོར་ཐུགས་རྫོགས་བཞེས་པར་ཕེབས་པར་ཐག་ཆོད་ཀྱང་བསྟན་འགྲོ་སྤྱིའི་གེགས་ཆགས་ཀྱིས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ལོ་དེའི་ཟླ་བ་གཉིས་པའི་ཚེས་གསུམ་ལ་ཞིང་གཤེགས་པ་གསན་པས་ཐུགས་ངལ་ཚད་མེད་པ་མཛད་ཅིང་དགོངས་རྫོགས་རྒྱ་ཆེན་པོ་སྒྲུབ་པར་མཛད། དེ་ནས་ལོ་དེའི་ཟླ་བ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ། རིགས་པ་སྨྲ་བའི་གཙུག་གི་ནོར་བུ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱིས་མཁན་པོ་མཛད། ཐོས་བསམ་གླིང་ཞལ་སྔ་ནས་བློ་བཟང་བཀྲ་ཤིས་ཀྱིས་ལས་སློབ། ཤར་རྩེ་ཞལ་སྔ་ནས་བློ་བཟང་མཁས་མཆོག་གིས་གསང་སྟོན། དཀྱིལ་ཁང་ཞལ་སྔ་ནས་བློ་བཟང་བརྩོན་འགྲུས་ཀྱིས་དུས་གོ་བ། སྔགས་ཆེན་ཞལ་སྔ་ནས་བློ་བཟང་དཔལ་འབྱོར་གྱིས་ལྷུང་བཟེད་འབྲིམ་པ་མཛད་ནས་ཁ་སྐོང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་བཞེས་ཏེ་ཐུབ་པའི་དབང་པོ་སླར་ཡང་གངས་རིའི་ཁྲོད་དུ་བྱོན་པ་ཇི་ལྟ་བར་གྱུར་ཏོ། །དེ་ནས་འཇམ་མགོན་བསྟན་པའི་སྲོག་ཤིང་རྗེ་བཙུན་བླ་མ་ངག་དབང་བྱམས་པ་གདན་དྲངས་ནས་ཐོག་མར་བྱང་ཆུབ་ལམ་རིམ་བདེ་ལམ་གྱི་ཁྲིད་མྱོང་ཁྲིད་དུ་མཛད་དེ་རྒྱས་པར་གསན། དེ་ནས་ལམ་རིམ་ཆེན་པོའི་བཤད་ལུང་གསན་པས་རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏེ་གངས་རིའི་ཁྲོད་འདིར་བྱང་ཆུབ་ལམ་རིམ་འཆད་པ་ལ་སུས་ཀྱང་འགྲན་དུ་མེད་པ་མཁས་གྲུབ་སྨྲ་བའི་ཉི་མ་སླར་ཡང་བྱོན་པ་ཇི་ལྟ་བར་གྱུར་ཏོ། །དེ་ནས་རིམ་བཞིན་རྗེ་བཙུན་ངག་དབང་བྱམས་པའི་ཞབས་དྲུང་དུ་དཔལ་གསང་བ་འདུས་པའི་དབང་དང་འདུས་པའི་རྩ་རྒྱུད་འགྲེལ་པ་བཞི་སྦྲགས་ནས་འཆད་པའི་བཤད་སྲོལ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བ་གོང་ན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་གསན།

                    དེ་ནས་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་ཁྲིད་དང༌། དཔལ་འཁོར་ལོ་སྡོམ་པའི་དབང་དང༌། དེའི་རིམ་གཉིས་ཀྱི་ཁྲིད། བདེ་མཆོག་དྲིལ་བུ་ལུགས་ཕྱི་ནང་གཉིས་ཀའི་དབང་དང༌། དེའི་རིམ་གཉིས་ཀྱི་ཁྲིད། དཔལ་རྡོ་རྗེ་འཇིགས་བྱེ ད་ཆེན་པོའི་རིམ་གཉིས་ཀྱི་ཁྲིད། བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་དང་མན་ངག་བཅས་གནང་སྟེ། རྗེ་བཙུན་བླ་མ་ངག་དབང་བྱམས་པས་རྗེ་འདི་གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ་ཏོ། །དེ་ནས་སྔགས་གྲྭའི་དགེ་འདུན་ཚང་མས་གསོལ་བ་ནན་གྱིས་བཏབ་ནས་རྗེ་འདི་སྔགས་ཁང་དུ་ཕེབས་ཏེ་སྔགས་པ་ཚོགས་ཡོངས་ཀྱི་ཐོག སྐལ་བ་དང་ལྡན་པ་གཞན་མང་པོ་བཅས་དགེ་འདུན་དྲུག་བརྒྱ་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བཞི་སྟ་གོན་དང་བཅས་པ་རྒྱས་པར་སྩལ། དེ་ནས་རྗེ་བཙུན་བླ་མ་ངག་དབང་བྱམས་པས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་ལ་ལམ་རིམ་གྱི་ཁྲིད་རྒྱས་པ་ཞིག་གནང་དགོས་སོ་ཞེས་བསྐུལ་མ་མཛད་པ་ལྟར་ཚོགས་ཆེན་ལ་ལམ་རིམ་གྱི་ཁྲིད་རྒྱས་པ་སེམས་བསྐྱེད་མཆོད་པ་དང་བཅས་པ་གནང༌། དེ་ནས་ལྕང་སྐྱ་རིན་པོ་ཆེ་ཕེབས་ཏེ་རྗེ་འདི་ཚོགས་དབུར་སྤྱན་དྲངས་ནས་ཞབས་བརྟན་རྒྱས་པ་འབུལ་བར་མཛད་ཅིང་ཆོས་ཀྱི་བདུད་རྩི་སྩོལ་དགོས་པར་གསོལ་འདེབས་མཛད་པ་ལྟར་གཟིམ་ཆུང་ཉི་འོད་འཁྱིལ་དུ་ལྕང་སྐྱ་རིན་པོ་ཆེ་འཁོར་བཅས་དང༌། དེ་སྐབས་བདག་ཀྱང་སྐྱབས་མགོན་མཆོག་གི་ཞལ་མཇལ་བར་འོངས་པ་དུས་འགྲིག་སྟེ་བདག་ཅག་རྣམས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཆེས་རྒྱས་པར་སྩལ། གཞན་ཡང་ལྕང་སྐྱ་རིན་པོ་ཆེ་ལ་སྔགས་ཀྱི་ཟབ་ཆོས་མང་དུ་གནང་ཞིང༌། ལྕང་སྐྱ་རིན་པོ་ཆེ་འདི་ཉིད་མདོ་སྔགས་ཐམས་ཅད་མཁས་པའི་ཕུལ་དུ་ཕྱིན་པ་སུས་ཀྱང་འགྲན་དུ་མེད་པ་ཞིག་ཡིན་ཡང་རྗེ་བླ་མ་མཆོག་འདིའི་དབང་བཤད་རྣམས་ལ་ཐུགས་ཤིན་ཏུ་དགྱེས་ནས་ལེགས་སོ་བརྗོད་པར་མཛད།

                   དེ་ནས་བདག་གིས་གསོལ་བ་བཏབ་སྟེ་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་བདག་དང་ཟླ་བོ་རི་ཁྲོད་པ་བཅུ་དྲུག་ཙམ་ཞིག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད་ལག་རྗེས་སྒྱུ་ལུས་མཆོད་པ་དང་བཅས་པ་རྒྱས་པར་སྩལ། དེ་ནས་ཚོགས་ཆེན་ལ་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་སྩལ། རིམ་གྱིས་ཚོགས་ཆེན་ལ་གདུགས་དཀར་གྱི་དབང་ཆེན། ཚེ་དཔག་མེད་ལྷ་དགུའི་དབང་ཆེན། ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་ཆེན། དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་དབང་ཆེན་རྣམས་སོ་སོར་སྟ་གོན་དང་བཅས་རྒྱས་པར་སྩལ། དེ་ནས་ལྕང་སྐྱ་རིན་པོ་ཆེས་དབུས་སུ་སྤྱན་དྲངས་ཏེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་དགོས་པར་གསོལ་བ་བཏབ་པ་ན་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་དུ་སློབ་མ་རྗེས་འཛིན་གྱི་ཆོ་ག་མཛད། དེ་ནས་ཚོམས་ཆེན་དུ་ལྕང་སྐྱ་རིན་པོ་ཆེས་དབུས་དགེ་འདུན་ཉིས་སྟོང་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་སྟ་གོན་དང་བཅས་པ་ཡོངས་སུ་རྫོགས་པ་གནང་སྟེ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ། །དེ་ནས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་དབུས་ཕྱོགས་ཀྱི་དགེ་འདུན་རྣམས་ལ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་སྩལ་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དོ། །དེ་ནས་གཙང་དུ་ཕེབས་བཞེད་པ་ན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྤྱན་དྲངས་ཏེ་གསེར་ཁྲིའི་སྟེང་ནས་བསྟན་པའི་རྩ་བ་སོ་སོ་ཐར་པའི་མདོ་འཆད་པ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་བཀའ་གདམས་བསྟན་པའི་འབྱུང་གནས་རྭ་སྒྲེང་དུ་ཕེབས་ཏེ་སྙུག་མར་གནས་པ་དང་ཕྱོགས་འདུས་ཀྱི་དགེ་འདུན་བགྲང་བ་ལས་འདས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཇོ་བོའི་སྐུ་འདྲ་དབུ་ཡོན་མར་གྲགས་པ་ལ་མཆོད་འབུལ་རྒྱ་ཆེན་པོ་དང་བཅས་གསོལ་འདེབས་ཤུགས་དྲག་མཛད་པ་ན་དག་པའི་གཟིགས་སྣང་དང་ཇོ་བོ་ཕྱིང་དཀར་བ་དགྱེས་པའི་མཚན་མ་ངོ་མཚར་བ་མང་དུ་བྱུང༌། ཡར་ལམ་དགའ་ལྡན་རབ་རྒྱས་སུ་ཆིབས་བསྐྱོད་དེ་ཞག་བཅོ་ལྔ་ཙམ་གཞུགས་ནས་ཆོས་འཁོར་རྒྱ་ཆེ་བསྐོར། དེ་སྐབས་རྒྱལ་བ་མཆོག་གི་སྤྲུལ་པའི་སྐུ་ཐོབ་རྒྱལ་ལྷ་རི་སྒང་དུ་ཕེབས་པ་ཕྱི་ཆར་དུ་མ་གྲགས་ཀྱང་རྒྱལ་བ་ཡབ་སྲས་གཉིས་ཡེ་ཤེས་སྒྲིབ་པ་མེད་པས་གཅིག་གིས་གཅིག་གསལ་བར་གཟིགས་ཏེ་ལྷ་རི་སྒང་པའི་ཡུམ་སྲས་བཅས་རྗེ་འདི་པ་མཇལ་དུ་བྱོན་པ་ན་རྒྱལ་བ་ཡབ་སྲས་གཉིས་ཞལ་མཇལ་ཏེ་གསང་བ་ཟབ་མོའི་བཀའ་མཆིད་མཛད་ཅིང་མྱུར་དུ་གསེར་ཁྲི་ལ་མངའ་གསོལ་བའི་རྟེན་འབྲེལ་བསྒྲིག་པར་མཛད་དོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།