པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:35:27     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

714335955634760807.jpg 

                    དེ་ནས་དགུང་ལོ་དྲུག་ཏུ་ཕེབས་པ་ཆུ་མོ་ཕག་གི་ལོ་ཟླ་བ་དང་པོའི་ཚེས་བཅུ་གཅིག་གི་ཉིན་གྲུབ་པའི་དབང་ཕྱུག་སྔགས་ཆེན་ཞལ་སྔ་ནས་བློ་བཟང་བཟོད་པ་ཡོངས་འཛིན་དུ་མངའ་གསོལ་ཏེ། ཐོག་མར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ནང་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། དབྱངས་ཅན་མའི་བསྟོད་པ་ལྷའི་གླུ་དབྱངས། འཇམ་དཀར་གྱི་སྒྲུབ་ཐབས་ཤེས་རབ་མཆོག་སྦྱིན། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ནོར་བུ་ཆུ་ཤེལ་དང་བློ་གསལ་ཀུནྡའི་དགའ་བྱེད། སྨྲ་སེང་གི་སྒྲུབ་ཐབས་རྨོངས་པའི་རྙོག་སེལ་ནོར་བུ་ཆུ་དྭངས་མ་དང་ཤེས་རབ་གསལ་བྱེད། དབྱངས་ཅན་མའི་སྒྲུབ་ཐབས། འཇམ་དབྱངས་ཀྱི་བསྟོད་པ་ཤེས་རབ་གསལ་བྱེད། འཇམ་དཀར་གྱི་བསྟོད་པ་བློ་གྲོས་མིག་འབྱེ ད་ཀྱི་ཐུར་མ་དང༌། རྗེའི་གསུང་ཐོར་བུ་ནས་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་ཀྱི་ལུང་གསན་པར་མཛད་དོ། །དེ་ནས་ཡོངས་འཛིན་རིན་པོ་ཆེ་འདི་ལ་བདེ་གསང་འཇིག་གསུམ་གྱི་དབང་དང་རྗེས་གནང་མང་པོ་དང༌། བཀའ་འགྱུར་རིན་པོ་ཆེའི་ལུང་དང༌། རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་གསན་པས་རྩ་བའི་བླ་མ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །དེ་ནས་རྗེ་འདི་པ་དགུང་ལོ་བདུན་དུ་ཕེབས་པ་ཤིང་ཕོ་བྱི་བའི་ལོ་བཀྲ་ཤིས་ལྷུན་པོའི་དགེ་འདུན་ཚང་མས་འདུས་པ་རྒྱ་མཚོའི་དབུས་སུ་མི་འཇིགས་སེང་གེའི་ཁྲི་ལ་ཕེབས་ནས་དགེ་འདུན་ཚང་མར་ཕྱག་དབང་དང་ཆོས་ཀྱི་བདུད་རྩི་གནང་དགོས་ཞེས་ཡང་ཡང་གསོལ་བ་བཏབ་པ་ན་ཡོངས་འཛིན་རིན་པོ་ཆེ་བློ་བཟང་བཟོད་པ་ལས་བསླབ་སྡོམ་བཞེས་ཏེ་ངུར་སྨྲིག་གི་རྒྱལ་མཚན་གསོལ་ནས་ཟླ་བ་དགུ་པའི་ཚེས་བཅུའི་ཉིན་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྤྱན་དྲངས་ཏེ་གཙུག་ལག་ཁང་ཆེན་པོར་མི་འཇིགས་སེང་གེའི་ཁྲི་ལ་ཕེབས་ནས་ཚངས་པའི་དབྱངས་ཀྱིས་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་ཏེ་བདེན་པའི་མཐུ་བརྗོད་པའི་ལྗགས་བསྔོ་གནང་ཞིང་དགེ་འདུན་ཚང་མར་ཕྱག་དབང་སྩལ་བས་དགེ་འདུན་རྣམས་ཐུགས་ཡིད་ཚིམ་པར་མཛད། རྒྱལ་བ་མཆོག་ནས་ཀྱང་དགེ་འདུན་གྱི་སྡེ་ཆེན་པོའི་དབུས་སུ་ཆོས་ཀྱི་བདུད་རྩི་གནང་བའི་དབུ་ཚུགས་པ་ལེགས་ཞེས་རྟེན་འབྱུང་གི་དངོས་པོ་རྒྱལ་ཆེ་བསྩལ་ཞིང༌། མི་དབང་བསོད་ནམས་སྟོབས་རྒྱལ་སོགས་ཆེ་དགུ་ཚང་མས་སྲིད་ན་དཀོན་པའི་འབྱོར་པའི་ཁྱད་པར་སྣ་ཚོགས་པ་ཕུལ་ཏེ་མཆོད།དེ་ནས་རྗེ་འདི་ཉིད་དགུང་ལོ་བཅུ་གཉིས་སུ་ཕེབས་པ་ས་མོ་སྦྲུལ་གྱི་ལོ་སྔགས་ཆེན་ཞལ་སྔ་ནས་བློ་བཟང་དཔལ་འབྱོར་གྱིས་དབུས་སྔགས་གྲྭའི་དགེ་འདུན་ཚང་མས་ཞབས་བརྟན་གསོལ་འདེབས་ཤིག་གི་བཀའ་རྩོམ་ཞུས་པར།

                   ཨོཾ་བདེ་ལེགས་སུ་གྱུར་ཅིག །བློ་གྲོས་དཔག་བསམ་ལྗོན་པའི་རྩ་བ་བརྟན། །བཟང་པོའི་ཡལ་ག་ལོ་མ་མེ་ཏོག་རྒྱས། །དཔལ་ལྡན་ཡེ་ཤེས་འབྲས་བུས་འགྲོ་བ་ཀུན། །ཚིམ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །དགེ་ལེགས་ཡོན་ཏན་ཀུན་གྱི་གཞིར་གྱུར་པའི། །བློ་བཟང་རྒྱལ་བའི་བསྟན་པ་འཛིན་པ་ལ། །དཔལ་ལྡན་མཁས་ཀུན་གཙུག་གི་རྒྱན་གྱུར་པ། །ཡེ་ཤེས་མཚན་ལྡན་ཞབས་ལ་གསོལ་བ་འདེབས། །བློ་བཟང་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས་པ་ལས། །དཔལ་ལྡན་ཡེ་ཤེས་སྣང་བ་འབུམ་འཕྲོ་བས། །གདུལ་བྱའི་ཉོན་མོངས་མུན་པ་མ་ལུས་པ། །སེལ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཐུབ་མཆོག་ཟས་གཙང་སྲས་པོའི་བསྟན་པ་དང༌། ཁྱད་པར་བློ་བཟང་རྒྱལ་བའི་རིང་ལུགས་ཀུན། །སྤེལ་ཞིང་འགྲོ་རྣམས་ཐར་ལམ་འགོད་མཛད་པའི། །དཔལ་ལྡན་ཡེ་ཤེས་དབང་པོ་ཞབས་བརྟན་ཤོག །དེང་ནས་བདག་སོགས་འགྲོ་བ་མ་ལུས་པ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། མདོ་སྔགས་ཟུང་འབྲེལ་ཉམས་ལེན་མཐར་ཕྱིན་ཏེ། །ས་བཅུ་རིམ་བགྲོད་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པ་དང༌། བླ་བརྒྱུད་གསོལ་འདེབས་ཁ་སྐོང་དུ་བཅུག་ཆོག་པའི་ཚིགས་བཅད་གཅིག་དགོས་ཞུས་པར། བློ་བཟང་རྒྱལ་བའི་རིང་ལུགས་པདྨོའི་ཚལ། །དཔལ་ལྡན་ཡེ་ཤེས་འོད་ཀྱིས་རྒྱས་མཛད་པའི། །རིས་མེད་འགྲོ་བའི་འདྲེན་པ་ཀུན་གྱི་གཙོ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་གནང་སྟེ་འདི་གཉིས་ནི་སྐུ་ཚེ་འདིའི་བཀའ་རྩོམ་གྱི་ཐོག་མ་ཡིན་ཞིང༌། །དེ་སྔ་སྙན་ངག་ལ་སྦྱོང་བར་མ་མཛད་ཀྱང་སྙན་ངག་གི་ཚིག་རྒྱན་ངོ་མཚར་བའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཐོགས་མེད་དུ་གནང་བ་འདི་འདྲ་བ་ངོ་མཚར་ཆེའོ་ཞེས་མཁས་པ་རྣམས་ཡ་མཚན་དུ་འཛིན་ཅིང༌། སྐུ་ཚེ་འདིར་མཁས་གྲུབ་སྨྲ་བའི་ཉི་མ་སླར་དངོས་སུ་བྱོན་པ་འདྲ་བ་ཞིག་ངེས་པར་འབྱུང་ངོ་ཞེས་དགེ་འདུན་ཚང་མ་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ། རྗེ་འདིའི་བསྟོད་བསྔགས་འབའ་ཞིག་བརྗོད་པས་གཏམ་གཞན་གླེང་བའི་གོ་སྐབས་ཕྲོགས་པ་ལྟ་བུར་གྱུར་ཏོ། །

                    དེ་ནས་རྗེ་འདི་པ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བར་ཤིན་ཏུ་རིངས་པར་གྱུར་ནས་ལོ་འདིར་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་མཇལ་ཞིང་དགེ་ཚུལ་གྱི་སྡོམ་པ་ཞུ་བ་སོགས་ཀྱི་ཆེད་དུ་ཕེབས་ཆོག་པ་དགོས་ཞེས་རྒྱལ་དབང་མཆོག་ལ་ཞུ་བར་མཛད་པ་ན་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ཡང་ཐུགས་ཤིན་ཏུ་དགྱེས་ནས་དེས་ཀྱང་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་མཇལ་འདོད་སྐོམ་པ་ཆུ་འདོད་ལྟ་བུར་ཡོད་པས་དབུས་ཕྱོགས་སུ་ཕེབས་བཞེད་པ་ཅིས་ཀྱང་ལེགས་ཞེས་མགྲོན་གཉེར་ཡོན་ཏན་ལེགས་གྲུབ་སོགས་དྲུང་འཁོར་ཁ་ཤས་ཕེབས་བསུར་གཏོང་བ་གནང༌། དེ་ནས་བཀྲ་ཤིས་ལྷུན་པོ་ནས་ཆིབས་བསྐྱོད་དེ་ལམ་བར་གྱི་དད་ལྡན་ཐམས་ཅད་མཐོང་ཐོས་དྲན་རེག་གི་སྒོ་ནས་སྨིན་གྲོལ་ལ་བཀོད་ཅིང༌། ཟླ་བ་བཞི་པའི་ཚེས་བཅུའི་ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་ཏེ་རྒྱལ་བ་ཡབ་སྲས་གསེར་ཞལ་ལྷན་རྒྱས་ནས་ལྷ་མི་ཐམས་ཅད་ཚིམ་པར་མཛད། དེ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཕེབས་ཏེ་སངས་རྒྱས་དངོས་དང་དབྱེར་མ་མཆིས་པ་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་གངས་རིའི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོས་མཁན་སློབ་སྦྲགས་མ་མཛད། ཡོངས་འཛིན་བློ་བཟང་བཟོད་པས་དུས་གོ་བ་དང་དེ་མོ་སྤྲུལ་པའི་སྐུ་སོགས་གངས་རིའི་ཁྲོད་ཀྱི་འདུལ་འཛིན་མཆོག་ཏུ་གྱུར་པ་བཅུ་ཚོགས་ཀྱི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཏེ་སྟོན་པ་ཐུབ་པའི་དབང་པོའི་གདུང་འཚོབ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུར་དབང་བསྐུར་བར་མཛད་དོ། །དེ་སྐབས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ལ་འཇམ་དབྱངས་ཨ་ར་པ་ཙ་ན་དང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཀྱི་རྗེས་གནང་དང༌། རྗེ་བདག་ཉིད་ཆེན་པོའི་བསྟན་པའི་སྙིང་པོ་ལམ་རིམ་བསྡུས་དོན་དང༌། ཤེས་རབ་བློ་འཕེལ་གྱི་གདམས་པའི་མཆོག་དགའ་ལྡན་ལྷ་བརྒྱ་མ་བཅས་གསན་ཞིང༌། དབང་ལུང་མན་ངག་མཐའ་དག་སླར་བུམ་པ་གང་བྱོའི་ཚུལ་དུ་རིམ་གྱིས་ཞུས་ཆོག་པ་དགོས་ཞེས་ཞུ་བར་མཛད།

                   དེ་ནས་གཙང་དུ་ཆིབས་ཁ་བསྐྱོད་དེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་རྒྱལ་བསྟན་མི་ནུབ་པའི་སྲོག་ཤིང་དུ་གཡོ་བ་མེད་པར་བཞུགས་ཤིང༌། གདུལ་བྱ་རྣམས་ལ་འདོམས་ཕྱིར་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་གྱིས་དུས་འདའ་བར་མཛད། དེ་ནས་རྗེ་བདག་ཉིད་ཆེན་པོའི་མཛད་པ་རྣམ་ཐར་ལྟར་དང་པོར་རྒྱ་ཆེན་ཐོས་པ་མང་དུ་འཚོལ་བར་བཞེད་ནས་ཡོངས་འཛིན་བློ་བཟང་བཟོད་པ་ལ་མདོ་སྔགས་ཀྱི་ཆོས་ནར་མར་གསན་ཞིང༌། རྗེ་འདི་པ་དགུང་ལོ་བཅོ་ལྔར་ཕེབས་པ་ཆུ་ཕོ་སྤྲེའུའི་ལོ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོར་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེན་པོ་ཞུ་བའི་ཕྱིར་ཟླ་བ་ལྔ་པའི་ནང་དུ་སྐུ་མདུན་དུ་བཅར་ཆོག་པ་དགོས་ཞེས་ཞུ་བར་མཛད་པར། རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས་ཕེབས་བསུ་གནང༌། རྗེ་འདིས་བཀྲ་ཤིས་ལྷུན་པོ་ནས་ཆིབས་ཁ་བསྐྱོད་དེ་ཟླ་བ་དྲུག་པའི་ཚེས་ལྔའི་ཉིན་ཕོ་བྲང་ཆེན་པོར་ཕེབས། ཟླ་བ་དྲུག་པའི་ཚེས་བཅུ་གཉིས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ནས་ཆོས་ཀྱི་དབུ་བཙུགས་ཏེ་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། མི་ཏྲ་བརྒྱ་རྩ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། མགོ་ཆེན་བཅུ་གསུམ། འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་སྤྱི་བཀའ་དང་ཟུར་བཀའ་མཐའ་ཡས་པ་གསན། བདེ་མཆོག་འཁོར་བསྒྱུར་གྱི་དབང་གི་སྐབས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་འཁོར་ལོ་སྡོམ་པའི་སྐུར་དངོས་སུ་བཞེངས་ནས་དབང་བསྐུར་པའི་བྱ་བ་མཛད་པར་གཟིགས་པ་སོགས་དག་པའི་གཟིགས་སྣང་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་བྱུང༌། ཟླ་བ་དགུ་པའི་ཚེས་བརྒྱད་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསལ་པའི་དབུ་ཚུགས་ཏེ། ཚེས་བརྒྱད་ཀྱི་ཉིན་སློབ་མ་རྗེས་འཛིན་དང༌། དགུ་ལ་སྟ་གོན་གནང༌། དེ་ནས་ཚེས་བཅུ་བཞིའི་བར་ལ་ས་ཆོག་དང་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པར་མཛད། ཚེས་བཅོ་ལྔ་ནས་དུས་འཁོར་གྱི་དབང་དངོས་གཞི་བྱིས་པ་ལྟར་འཇུག་པའི་དབང་བདུན། དབང་གོང་མ། གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་མཁས་སྒྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་དབང་ཟབ་མོ་ཕྱག་ལེན་རྣམ་པར་དག་པ་རྒྱས་པར་སྩལ་ཏེ་རིགས་ལྡན་འཇམ་དཔལ་གྲགས་པ་སླར་ཡང་གངས་ཅན་འགྲོ་བའི་མགོན་དུ་བྱོན་པ་ཡིན་པ་ལྟར་འཇིག་རྟེན་ཀུན་ལ་དེ་ལྟར་ཡིན་ནོ་ཞེས་གོ་བར་བྱ་བའི་ཕྱིར་དཔལ་དུས་ཀྱི་འཁོར་ལོའི་བདག་པོར་དབང་བསྐུར་བར་མཛད་དོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།