རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བཅུ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:23:32     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 327140103195357364.jpg

                    དེ་སྐབས་གོང་ས་ལྷ་མིའི་འདྲེན་པ་མཆོག་ཕོ་བྲང་ཆེན་པོའི་གསེར་ཁྲི་ལ་མངའ་གསོལ་བའི་སྐབས་ཡིན་པས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཡང་དབུས་སུ་ཆིབས་ཁ་བསྐྱོད་ནས་ཕོ་བྲང་པོ་ཏ་ལར་བཞུགས་པའི་སྐབས་བླ་མ་རིན་པོ་ཆེ་འདི་པའང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བཞེད་ཆེ་བ་བྱུང་ཞིང༌། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་རང་ལ་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པ་ནི་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པའི་བསོད་ནམས་ཀྱི་ཞིང་དམ་པ་ཡིན་པས། རང་ཉིད་ཆེན་པོའི་གོ་ས་ཇི་འདྲ་ཞིག་ལ་གནས་ཀྱང་ཆེ་འགྱིང་མི་བྱ་བར་བླ་མ་བསྟེན་ཚུལ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པའི་ཕྱིར་ཕུར་བུ་ལྕོག་ཏུ་ཆིབས་བསྐྱོད་ནས་བླ་མ་རིན་པོ་ཆེའི་གཟིམ་ཆུང་དུ་ཕེབས་ཏེ་སྐུ་ཚེ་བསྲིང་བའི་ཕྱིར་ཚེ་དབང་ཞིག་ཕུལ། དེ་ནས་མཎྜལ་དང་སྐུ་གསུང་ཐུགས་རྟེན། དངོས་པོ་སྦམ་མཐོ་བ་བཅས་འབུལ་བར་མཛད་དེ་ཞབས་པད་ཡུན་རིང་བརྟན་དགོས་པའི་གསོལ་འདེབས་མཛད།

                    གོང་ས་ལྷ་མིའི་འདྲེན་པ་མཆོག་ནས་མགྲོན་གཉེར་དགེ་སློང་བསྐལ་བཟང་ཆེད་གནང་གིས་དངུལ་གྱི་མཎྜལ་དང་སྐུ་གསུང་ཐུགས་རྟེན་དངོས་འབུལ་བཅས་ཞབས་པད་ཡུན་རིང་བརྟན་དགོས་ཞེས་ཞུ་བར་མཛད། དེ་སྐབས་བླ་མ་རིན་པོ་ཆེ་འདི་ཆབ་གཞིའི་བསྙུན་བབ་ལྕི་བས་ཐ་མལ་པ་རང་བཞིན་ཡིན་ན་གསུང་བགྲོས་གནང་རེ་མེད་པའི་ཚོད་དུ་གྱུར་ཀྱང༌། བླ་མ་རིན་པོ་ཆེ་ནི་ཐུགས་སྣང་གང་ཡང་མེད་པར། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་བསྟན་པའི་གནད་ལས་བརྩམས་པའི་གསུང་གླེང་ཆེས་མང་བ་དང༌། ལྷག་པར་ཚད་མ་རྣམ་འགྲེལ་གྱི་རིགས་པའི་དཀའ་གནད་ཕྲ་མོ་བརྩམས་ཏེ་འབེལ་གཏམ་ཆེས་ཞིབ་ཅིང་རྒྱས་པར་མཛད། ཡོངས་འཛིན་བློ་བཟང་ཆོས་འཕེལ་ལའང་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིགས་པ་ལས་བརྩམས་པའི་བཀའ་འདྲི་མང་དུ་གནང་ཞིང༌། སྐུ་བསྙུན་པའི་ཚུལ་མེད་པར་དགྱེས་ཉམས་ཤིན་ཏུ་ཆེ་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཆོས་གྲྭ་ཆེན་མོའི་བཞུགས་ཁྲིར་སྤྱན་དྲངས། དེ་སྐབས་གློ་བུར་དུ་དད་འདུས་ཆེས་མང་བ་ལ་ཆོས་སྟོན་པར་གསོལ་བ་འདེབས་པར་མཛད་ཅིང༌། མཎྜལ་སྐུ་གསུང་ཐུགས་རྟེན་དངོས་འབུལ་རྒྱ་ཆེན་པོ་དང་བཅས་ཞབས་པད་ཡུན་རིང་དུ་བརྟན་ཏེ་འཇམ་མགོན་བསྟན་པའི་སྲོག་ཤིང་དུ་གཡོ་བ་མེད་པར་བཞུགས་དགོས་ཞེས་གསོལ་བ་འདེབས་པར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཕོ་བྲང་དུ་ཆིབས་ཁ་བསྐྱོད། དེ་ནས་ཞག་ཁ་ཤས་ནས། རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ཕོ་བྲང་ཆེན་པོའི་གསེར་ཁྲིར་མངའ་གསོལ་བ་ལ་ལེགས་འབུལ་རྒྱས་པ་ཞིག་བྱེད་དགོས་ཞེས་བཀའ་ཕེབས། འབུལ་ཐོའི་འགོ་བརྗོད་ཀྱང་བླ་མ་རིན་པོ་ཆེ་ཉིད་ཀྱིས་རྒྱས་པར་བཀའ་སྩལ། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལའང་དངོས་འབུལ་གཏོས་ཆེ་བར་མཛད་རྒྱུར་ཞུ་ཡིག་འགོ་བརྗོད་བླ་མ་རིན་པོ་ཆེ་ཉིད་ཀྱིས་མཛད། བཀའ་འགྱུར་གསེར་མ་གསར་བཞེངས་ཀྱི་སྐུ་ཡོན་ཚང་མ་འཕྲལ་འབུལ་བྱེད་དགོས་པ་དང༌། སེ་ར་སྨད་ཀྱི་གྲྭ་ཁང་གསར་བཞེངས་ལ་ཟུག་སྟོན་རྒྱས་པ་ཞིག་ཀྱང་འཕྲལ་དུ་གྱིས་ཞེས་ཉེ་གནས་ལ་བཀའ་ཕེབས། ཉེ་གནས་རབ་འབྱམས་པས་ཀྱང་བླ་མ་རིན་པོ་ཆེའི་བཀའ་གང་ཕེབས་ཐམས་ཅད་འཕྲལ་རང་དུ་གྲུབ་པར་མཛད་དེ། འདི་དང་འདི་ལྟ་བུ་བགྱིས་སོ་ཞེས་སྙན་དུ་གསོལ། དེ་ནས་ཞབས་འབྲིང་བ་རྣམས་ནས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་རི་ཁྲོད་ཁག་བཅས་ལ་ཞབས་བརྟན་སྐུ་རིམ་ནར་མར་བསྒྲུབས། སྦྱིན་བདག་ཆེན་པོ་རྡོ་རིང་ནི་ཡོན་དང་བཀའ་བློན་མདོ་མཁར་བ་སོགས་དད་ལྡན་ཚང་མས་བླ་མ་རིན་པོ་ཆེ་ཉིད་ལ་མཎྜལ་ཕུལ་ཏེ་གསོལ་བ་འདེབས་པ་དང་རང་རང་གི་འབྱོར་པ་དང་བསྟུན་པས་དགེ་འདུན་གྱི་སྡེ་རྣམས་ལ་བསྙེན་བཀུར་ཏེ་ཞབས་བརྟན་སྐུ་རིམ་སྒྲུབ་པ་ལ་ཚང་མས་བརྩོན་པ་ཆིག་བསྒྲིལ་དུ་བྱས་སོ། །

                    དེ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་རྗེ་རིན་པོ་ཆེས་གང་གསུངས་པ་དེ་ཁོ་ན་ལྟར་ཕྱག་ལེན་ལ་ཐེབས་པར་མཛད་དེ། དང་པོར་རྒྱལ་བའི་བསྟན་པ་ལ་ཞུགས་ནས་སྡོམ་པ་གསུམ་རིམ་གྱིས་བཞེས་ཤིང་ཐུབ་པའི་བཅས་མཚམས་ལས་ནམ་ཡང་འདའ་བ་མེད་པ་གཞིར་བཟུང་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་ཐོས་པ་ཕུ་ཐག་ཆོད་པ་མཛད། སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མདོ་སྔགས་གཉིས་ཀའི་སྙན་བརྒྱུད་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པ་གསན། བར་དུ་ཚེ་འདི་བློས་བཏང་སྟེ་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཉམས་ལེན་མཐར་ཕྱིན་པར་མཛད། རང་ཉིད་མི་ཉམས་པའི་གདེང་ཐོབ་པའི་མཐར་སྐལ་བ་དང་ལྡན་པ་དག་ལ་དགེ་ཚུལ་གྱི་བསླབ་བྱ་ཀཱ་རི་ཀ་ནས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མཐར་ཐུག་ཟུང་འཇུག་འགྲུབ་པའི་བར་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ། རྒྱ་ཆེར་བཤད་ཅིང༌། ཆོས་ཚིག་བཞི་པ་ཞིག་ཡན་ཆད་ཁ་ཕྱི་བ་ལྟར་མ་སོང་བར་རང་གི་རྒྱུད་འདུལ་བའི་ཕྱིར་དུ་ཉམས་ལེན་གྱི་གནད་དུ་བསྡུད་ཏེ་བྱང་ཆུབ་ལམ་གྱི་རིམ་པ་ཉིད་ལ་བསྒྲིལ་ནས་སྟོན་པར་མཛད་ཅིང༌། དབུགས་ཕྱི་ནང་དུ་རྒྱུ་བ་ཚུན་ཚད་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་རྒྱལ་བའི་བསྟན་པ་རྒྱས་པའི་ཐབས་ཁོ་ནར་མཛད་དེ་ནུབ་ཕྱོགས་ཁ་ཆེའི་ཡུལ་ནས། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དང་གླིང་བར་ཚུན་ཆད་ས་ཆེན་པོའི་ཁྱོན་འདི་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་གཙང་མ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཉམས་ལེན་སྙིང་པོར་བྱེད་པས་ཁྱབ་པར་མཛད་དོ། །

                    མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་རྗེ་བཙུན་བླ་མ་དགེ་ལེགས་རྒྱ་མཚོའི་རྣམ་པར་ཐར་པ། རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མའི་འགྲེལ་པ། རྟེན་འབྲེལ་བསྟོད་པའི་ཊཱིཀྐ། འཇམ་པའི་དབྱངས་ཀྱིས་རྗེ་བླ་མར་དངོས་སུ་གནང་བའི་གདམས་པ་མདོར་བསྡུས་ཀྱི་ཊཱིཀྐ། མི་ཕམ་མགོན་པོར་བསྟོད་པ་ཚངས་པའི་ཅོད་པན་གྱི་དོན་འགྲེལ། སྟ ག་ཚང་ལོ་ཙཱ་བའི་བརྒལ་ལན། བརྒྱད་སྟོང་པའི་དོན་སློབ་དཔོན་སེང་བཟང་དང་ཕྱོགས་གླང་གཉིས་ཀྱི་འཆད་ཚུལ། སྡོམ་པ་གསུམ་གྱི་ཉེར་ལྟུང་ངོས་བཟུང་ནས་བཤགས་སྡོམ་བྱེད་ཚུལ། དྲིས་ལན་སོམ་ཉི་གཅོད་པའི་རལ་གྲི། གསུང་མགུར་བསླབ་བྱའི་རིམ་པ། སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་ཚུལ། བྱང་ཆུབ་ལམ་རིམ་ལས་བརྩམས་པའི་དྲིས་ལན། འཇིགས་བྱེད་གཙོ་རྐྱང་གི་མངོན་རྟོགས། སེང་གདོང་མ་དང་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས། བདག་མེད་པའི་ཆོས་ཀྱི་ཕྱག་རྒྱ་གཏན་ལ་འབེབས་ཚུལ། ཐིག་ལེ་བཅུ་དྲུག་གི་ཆོས་སྐོར་དང་སྒྲོལ་མ་བཅུ་གཉིས་ཀྱི་གཏོར་འབུལ། འཇམ་དབྱངས་ནང་སྒྲུབ་ཀྱི་སྒྲུབ་ཐབས། སྒྲོལ་དཀར་གྱི་བསྙེན་ཡིག་དང་དེའི་བུམ་སྒྲུབ། གསང་འདུས་འཇམ་རྡོར་སྒྲུབ་ཐབས་འདོད་འཇོའི་བུམ་བཟང༌། དེའི་བུམ་སྒྲུབ། དེའི་དཀྱིལ་འཁོར་སྒྲུབ་པ་དང་བདག་འཇུག་ངག་འདོན། དེའི་ཞི་རྒྱས་ཀྱི་སྦྱིན་སྲེག །འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་བསྐྱེད་རྫོགས་རིན་ཆེན་ཕྲེང་བ། གསང་གདུས་བསྐྱེད་རིམ་དངོས་གྲུབ་སྙིང་པོ། དེའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་སྙིང་པོ། འཇིགས་བྱེད་བསྐྱེད་རིམ་ཟ་མ་ཏོག་གི་སྙིང་པོ། དེའི་རྫོགས་རིམ་རྣལ་འབྱོར་བཞི་ཉམས་སུ་ལེན་ཚུལ། དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་པའི་རིམ་པ་དང་པོའི་དམར་ཁྲིད། གྲུབ་ཆེན་ཀུན་ཏུ་དགེ་བའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་དམིགས་རིམ། འཁོར་ལོ་སྡོམ་པའི་བསྙེན་ཡིག །འཇམ་ལུགས་ཚེ་དབང་རིགས་ལྔའི་ཟུར་འདེབས། རྡོར་སེམས་བུམ་སྒྲུབ་དང་རིམ་སྒྲུབ་བྱེད་ཚུལ། མ་ཎི་བུམ་སྒྲུབ། སྒྲོལ་མ་མཎྜལ་བཞི་པ་སོགས་ཉེར་མཁོའི་རིགས། རིགས་གསུམ་སྤྱི་སྒྲུབ། རྡོ་རྗེ་འཆང་དོན་ཡོད་མཁས་གྲུབ་ཀྱི་རྣམ་ཐར། བྱང་ཆུབ་ལམ་རིམ་གྱི་ཁྲིད་ཡིག །སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག །རྒྱལ་བ་མི་ཕམ་པའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྨོན་ལམ་སོགས། གསོལ་འདེབས་བསྟོད་ཚོགས་ཀྱི་རིམ་པ་དང་འདོད་གསོལ་བརྟན་བཞུགས་ཀྱི་རིམ་པ། རྟེན་གསུམ་གསར་བཞེངས་ཀྱི་དཀར་ཆག །སྨོན་ཚིག །རྒྱབ་ཡིག །མཆོད་རྫས་གསར་བཞེངས་ཀྱི་འདོད་གསོལ། ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་དོགས་གཅོད། གྲྭ་ས་ཆེན་པོ་བཞི་དང་རྒྱུད་སྟོད་སྨད་ཆགས་ཚུལ། གཏོར་འབུལ་གྱི་རིམ་པ། བཅའ་ཡིག་གི་རིམ་པ། པཎ་ཆེན་ཐམས་ཅད་མཁྱེན་པའི་དོགས་གཅོད་གསུང་ལན། བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གྱི་གདམས་ངག་ཐོར་བུ་ཟིན་བྲིས་སུ་བཀོད་པ། བསྔོ་བ་དོན་གཉེར་ཕུན་ཚོགས་རྣམས་མཛད་དོ། །

                   དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་དགུང་ལོ་གྱ་གཅིག་ཏུ་ཕེབས་པ་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཡར་ངོའི་ཚེས་གཉིས་ཀྱི་ཉིན་སྐུའི་བཀོད་པ་བསྡུས་ཏེ་འོད་གསལ་ལ་བཞུགས། འོད་གསལ་དེ་ལས་བཞེངས་མ་ཐག་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྗེ་བཙུན་བྱམས་པ་མགོན་པོ་དང༌། རྗེ་ནམ་མཁའ་དྲི་མ་མེད་པ་དང་རྗེ་འཇམ་དཔལ་སྙིང་པོ་འཁོར་དང་བཅས་པའི་ཆོས་ཀྱི་མདུན་སར་ཕེབས་སོ། །དེ་ལྟར་འཇམ་མགོན་བསྟན་པའི་སྲོག་ཤིང་བླ་མ་རིན་པོ་ཆེ་འདིས་མཆོག་དམན་ཐམས་ཅད་ལ་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་བས་བརྒྱུད་འཛིན་གྱི་སློབ་མས་སའི་སྟེང་ཐམས་ཅད་ཁྱབ་ཅིང༌། བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་ནི་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ངག་དབང་བྱམས་པ་ལ་གསོལ་བ་འདེབས་ཤིང༌། བླ་མ་རིན་པོ་ཆེ་འདིའི་མཛད་པ་རྣམ་ཐར་རྣམས་བསམས་ལ་རྗེས་སུ་བསླབ་པར་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།