རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བཅུ་གཅིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:19:44     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

262203419828328873.jpg

                    དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པས་བཀྲ་ཤིས་ལྷུན་པོ་རང་དུ་རེ་ཤིག་བཞུགས་དགོས་པར་གསོལ་བ་བཏབ་ཀྱང་ལོ་ལྟར་སྟོན་དཔྱིད་གཉིས་སུ་ཕུར་བུ་ལྕོག་གི་ཆོས་གྲྭ་ཆེན་མོར་ལམ་རིམ་གྱི་ཁྲིད་འཆག་མེད་མཛད་པ་དེ་སྐུ་ཚེ་འདིའི་མཛད་པའི་གཙོ་བོ་ཡིན་པས་ཇི་སྲིད་འཚོའི་བར་དུ་མ་འཆག་པར་མཛད་བཞེད་པ་དང༌། ཉེ་ཆར་དབང་ཕྱོགས་བསྟན་པའི་སྒྲོན་མེ་རྗེ་ལྕང་སྐྱ་རིན་པོ་ཆེ་དབུས་སུ་ཕེབས་ཉེ་བས་བདག་ཉིད་ཆེན་པོ་གཉིས་ཞལ་འཛོམས་ནས་བསྟན་པའི་གནད་ལས་བརྩམས་པའི་བཀའ་བགྲོ་བར་བཞེད་པར་ཡུན་རིང་བཞུགས་པར་ཞལ་གྱིས་མ་བཞེས་པར་དབུས་ཕྱོགས་སུ་ཕེབས་རྗེ་ལྕང་སྐྱ་རིན་པོ་ཆེ་དང་ཞལ་འཛོམ། གངས་རིའི་ཁྲོད་འདིར་རྒྱུད་སྡེ་བཞིའི་ནང་ནས་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་དབང་རྒྱུན་ཆད་དུ་ཉེ་བ་རྗེ་ལྕང་སྐྱ་རིན་པོ་ཆེ་ལ་དེའི་རྒྱུན་བཞུགས་པས་གསོལ་བ་བཏབ་ནས་དེའི་དབང་གསན་པར་མཛད། རྗེ་ལྕང་སྐྱ་རིན་པོ་ཆེས་ཀྱང་བླ་མ་རིན་པོ་ཆེ་འདི་ལ་མཁས་གྲུབ་རིན་པོ་ཆེ་ནས་བརྒྱུད་པའི་ཀྱཻ་རྡོར་ལྷ་དགུའི་རྒྱུན་ཡོད་པར་མཁྱེན་ནས་དེའི་དབང་ཞུ་བར་མཛད། དེ་ལྟར་འཇམ་མགོན་བསྟན་པའི་སྲོག་ཤིང་རྣམ་པ་གཉིས་པོ་འདི་ཕན་ཚུན་ཡིད་ཆེས་ཀྱི་དད་པ་ཐོབ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ནས་བླ་མ་རིན་པོ་ཆེ་འདི་པས་ཕུར་བུ་ལྕོག་ཏུ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་ཤིང༌། ཆོས་ཀྱི་རྔ་བོ་ཆེ་བརྒྱུད་མར་བརྡུངས། འཇིག་རྟེན་ཀུན་གྱི་རྨོངས་པའི་མུན་པ་སེལ་བའི་ཆོས་ཀྱི་སྒྲོན་མེ་རྒྱུན་དུ་སྦར། སྙིགས་མའི་འགྲོ་བ་ཉམ་ཐག་ཡོངས་ལ་དུག་གསུམ་གྱི་ནད་སེལ་བའི་ཆོས་ཀྱི་སྨན་སྦྱིན་རྒྱུན་མ་ཆད་པར་མཛད། ཡིད་སྲུབས་བདག་པོ་དཔུང་བཅས་པས་གཡོ་བར་མི་ནུས་པར་འཇམ་མགོན་བསྟན་པའི་སྲོག་ཤིང་བཟུང༌། རྒྱལ་བ་སྲས་བཅས་ཀུན་གྱི་མཛད་པ་གང་གི་སྙིང་སྟོབས་ལྷག་བསམ་ཁྱེར་ནས་འཇམ་མགོན་བསྟན་པའི་སྙིང་པོ་འཛིན་པ་ལ་ནམ་ཡང་གཡོ་བ་མེད་པར་བཞུགས།

                    དེ་ནས་བླ་མ་རིན་པོ་ཆེ་འདི་པ་དགུང་ལོ་བརྒྱད་ཅུར་ཕེབས་པ་ལྕགས་མོ་སྦྲུལ་གྱི་ལོ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་གཙང་དུ་སྤྱན་དྲངས་ནས་རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་ཀྱི་དོན་དུ་གསོལ་བ་བཏབ། འཇམ་མགོན་བསྟན་པའི་སྙིང་པོ་འདི་གསན་པ་ལ་བླ་མ་རིན་པོ་ཆེ་འདི་སྐུ་དྭངས་ཤིང་བར་ཆད་མི་འབྱུང་བ་ཞིག་གི་ཕྱིར་ཞབས་བརྟན་སྐུ་རིམ་རླབས་ཆེན་པོ་སྒྲུབ་པར་མཛད། བླ་མ་རིན་པོ་ཆེ་འདི་པས་ཀྱང་སྐུ་ན་ཕེབས་ཆེ་ཞིང་སྤྱན་མི་གསལ་ཙམ་ཡོད་ཀྱང་པཎ་ཆེན་ཐམས་ཅད་མཁྱེན་པ་འཇམ་མགོན་བསྟན་པའི་བདག་པོར་སོང་གཤིས་རྩོལ་བ་ཆེན་པོས་དཀའ་བ་ཁྱད་དུ་བསད་ནས་རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་རྒྱས་པར་གནང༌། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་འཇམ་དཔལ་ཞལ་ལུང་གི་ཁྲིད་ཅིག་ཀྱང་གནང་དགོས་པར་གསོལ་བ་བཏབ། རྣམ་སྣང་མངོན་བྱང་གི་དབང་དང༌། ཀྱཻ་རྡོར་ལྷ་དགུའི་དབང་ཞིག་ཀྱང་གནང་དགོས་པར་གསོལ་བ་བཏབ་ཅིང༌། བླ་མ་རིན་པོ་ཆེ་སྐུ་ན་མཐོ་བས་བར་ཆད་བྱུང་དོགས་ནས་ཞབས་བརྟན་སྐུ་རིམ་རྒྱ་ཆེན་པོ་མཛད། བླ་མའི་སྐུ་ཚེ་སྤེལ་ཕྱི ར་ཚེ་དཔག་མེད་ལྷ་དགུའི་དབང་ཞིག་ཀྱང་འབུལ་བར་མཛད་པས་བསྟན་པའི་བདག་པོ་གཉིས་ཀ་ཐུགས་བསྐྱེད་རླབས་ཆེ་བས་བར་ཆད་ཀྱི་མཚན་མ་མེད་པར་རྣམ་སྣང་མངོན་བྱང་གི་དབང་དང༌། ཀྱཻ་རྡོར་ལྷ་དགུའི་དབང་གཉིས་ཀྱང་རྒྱས་པར་གནང་ཞིང༌། དེ་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད་ཆོས་ཐུན་བཅུ་བདུན་ལ་རྫོགས་པ་ཞིག་རྩི་ཤག་དང་བཅས་རྒྱས་པར་གནང༌། འཇམ་དཔལ་ཞལ་ལུང་གི་བཀའ་ཁྲིད་གྲུབ་པའི་སེམས་བསྐྱེད་ཚར་མ་ཐག་རྒྱལ་བ་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་ལྷ་རི་སྒང་དུ་འཁྲུལ་བྲལ་གསལ་དྭངས་སུ་ཕེབས་པ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་ངོས་འཛིན་གྱི་ལུང་ཕེབས་ནས་དེ་འཕྲལ་བཀྲ་ཤིས་ལྷུན་པོར་གདན་དྲངས། བླ་མ་རིན་པོ་ཆེ་འདི་པས་ཀྱང་རྒྱལ་བ་ཐམས་ཅད་མཁྱེན་པ་ཞལ་མཇལ་ནས་དབུས་སུ་ཕེབས་ཏེ་སྟོན་དཔྱི ད་ཀྱི་ལམ་ཁྲིད་སྔ་མུས་བཞིན་གནང༌། དེ་ནས་གོང་ས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་དབུས་སུ་སྤྱན་དྲངས་ནས་སྙེ་ཐང་བདེ་བ་ཅན་དུ་བཞུགས་སྐབས་བླ་མ་རིན་པོ་ཆེ་འདི་པ་དང༌། རྒྱུད་སྨད་མཁན་པོ་ངག་དབང་ཆོས་གྲགས་གཉིས་གོང་ས་མཆོག་གི་ཡོངས་འཛིན་དུ་གདན་དྲངས། བླ་མ་རིན་པོ་ཆེ་འདི་པ་སྐུ་ན་ཕེབས་ཆེ་བས་ཞབས་ཕྱི་འགྲུབ་རེ་མེད་ཀྱང་རྟེན་འབྲེལ་གྱི་ཁྱད་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་སྙེ་ཐང་དུ་ཕེབས་ཏེ་ཁྲི་འདོན་མཛད། རྒྱལ་བ་མཆོག་ལ་སྤྱིར་སེམས་ཅན་ཐམས་ཅད་དང༌། སྒོས་ཁ་བ་ཅན་པ་རྣམས་ཀྱི་མགོན་དུ་ཞབས་པད་བརྟན་ཅིང་ཐུགས་བསྐྱེད་རྒྱ་ཆེན་དགོས་པའི་གསོལ་འདེབས་མཛད་ནས་ལམ་སྒྲོན་གྱི་ལུང་དང་ཚེ་དབང་གདུགས་དཀར་སྒྲོལ་མ་འཇམ་དབྱངས་རྣམས་ཀྱི་རྗེས་གནང་འབུལ་བར་མཛད།

                    དེ་ནས་ཕུར་བུ་ལྕོག་ཏུ་ཕེབས་ཏེ་དགུན་གྱི་རིང་བཅད་རྒྱར་བཞུགས། དཔྱིད་ཆོས་སྔ་མུས་ལྟར་ཚུགས་རྩིས་མཛད་པར་སྐུ་ན་ཕེབས་ཆེ་བའི་ཁར་ཆབ་ཀྱི་སྙུན་གཞི་ཀྱང་བཞེས་པས་ཞབས་འབྲིང་པ་རྣམས་ཀྱིས་འདི་ལོ་བཀའ་ཆོས་སྐུ་གཟུགས་ཀྱིས་ལྕོགས་རེ་མི་འདུག་པས་འཐེན་དགོས་ཞེས་གསོལ་བ་བཏབ་ཀྱང་གསན་དུ་མ་བཞེད་པར་ང་ཆོས་ཁྲིའི་ཐོག་ཏུ་ཤི་ན་བསམ་པ་རྫོགས་པ་ཡིན་གསུངས་ནས་ཆོས་བཙུགས། དེ་ནི་དུས་རྒྱུན་དུ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ཞིང་གཤེགས་ཁར་ཆོས་ཁྲིའི་ཐོག་ཏུ་ཕེབས་ནས་དགེ་འདུན་ལ་ཞལ་བསྟན། ཆོས་གསུང་འཕྲོ་ལ་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དང༌། སྐྱབས་མེད་པ་རྣམས་ཀྱི་སྐྱབས་དང༌། འཁྲ་ས་མེད་པ་རྣམས་ཀྱི་འཁྲ་སར་ཤོག་གསུངས་ནས་ཐལ་མོ་ཤག་གི་ཕྱེ་ནས་ཞིང་གཤེགས་པ་ཡིན། ང་ཡང་དེ་འདྲ་ཞིག་ལ་སྨོན་ལམ་འདེབས། ཞེས་ཡང་ཡང་གསུང་གི་ཡོད། དེ་ནས་ཆོས་ཐུན་རེ་གཉིས་ཙམ་ལས་གནང་མ་ཐུབ། ཟླ་བ་བཞི་པའི་ཚེས་བརྒྱད་ལ་སེམས་བསྐྱེད་ཀྱི་ཚོགས་དབུར་ཕེབས། ཚེས་བཅུ་བཞི་དང་བཅོ་ལྔ་ལ་སྨྱུང་གནས་ཀྱི་སྡོམ་པ་སྩལ། དེ་ནས་ཆབ་ཀྱི་སྙུན་གཞི་ཇེ་ལོད་དུ་སོང་གསུང་གློ་ཆེ་ཞིང་བཞེང་བཞུགས་དཀའ་ཙམ་བྱུང་ཡང་ཐུགས་བདེ་ཞིང་སྤྲོ་བའི་ཉམས་ཁོ་ན་མཛད།

                    བསྟན་པ་རིན་པོ་ཆེའི་རྒྱུན་དང་སླད་ཀྱི་རྟེན་འབྲེལ་ལ་དགོངས་ནས་གསེར་སྦྱངས་པ་འབའ་ཞིག་ལས་གྲུབ་པའི་བཀའ་འགྱུར་རིན་པོ་ཆེ་བཞེང་བར་བཞེད་ནས། ཕྱག་ན་ཡོད་པའི་གསེར་རྣམས་གུང་པཎྜི་ཏར་གནང་ནས་བཞེང་དགོས་པའི་བཀའ་དང༌། དེ་ཡང་ད་ལོ་རང་བྱེ ད་དགོས་ཕེབས་པར། ཁོང་ནས་ཀྱང་གུས་པ་ཆེན་པོས་བཀའ་སྤྱི་བོས་ནོས་ཏེ། མཐིང་ཤོག་བཟང་པོ་ལ་གསེར་སྦྱངས་འབའ་ཞིག་ལས་གྲུབ་པའི་པོད་བརྒྱ་དང་བཅུ་གཅིག་ཆ་ཚང་དང༌། བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་དང༌། སྔགས་རིམ་ཆེན་མོ་གཉིས་པོད་རེ་བཅས་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩིར་སྤུངས་པ་ལྟ་བུ། དབུ་ཁང་དང་པོར་ཕན་ཚུན་དབུ་ལྷ་ཚོན་བྲིས་ལྕགས་སྒོར་གྱི་དཀྱིལ་དུ་མུ་ཏིག་གི་ཕྲ་ལྡན་བཟང་གོས་གསེར་མ་སྤུས་ལེགས་ཀྱི་ཞལ་ཁེབས་ཉིས་བརྩེགས། གདོང་དར་གསུམ་བརྩེགས་མདོ་རྟགས་རྣམས་པར་བྱིན། གླེགས་ཤིང་མཚལ་གྱིས་བྱུགས་པ་ཡས་སྤང་གི་མཐོངས་ལ་རྟེན་འབྲེལ་སྙིང་པོ་དང༌། གདོང་སྣེ་ཕན་ཚུན་དུ་གཟུངས་སྔགས་ལཉྪ་འབུར་དུ་ཡོད་པ་ལ་གསེར་ཤོག་དང༌། དེ་ཕྱིན་ལ་གསེར་གྱི་མེ་ཏོག་རིས་ཀྱིས་མཛེས་པ། གླེགས་ཐག་ཐད་མ་མཛོད་གོས་ངུར་སྨིག་གིས་གཏུམས་པ་ཟངས་ཚ་གསེར་མའི་གླེགས་ཆབ་རྡོ་རྗེ་གཟུགས་རྐོས་མ་ཕྲ་ལྡན། ཆོས་ཁྲི་ཚོན་རྩི་གསེར་ཤོག་གིས་བྱུག་པ་བཅས་གསར་དུ་བསྐྲུན་པའི་རྒྱུར་གསེར་ཐུར་སྲང་བཞི་བརྒྱ་དང་གསུམ། བཟང་གོས་གསེར་མ་སྤུས་ལེགས་ཡུག་ཕྱེད་དང་ལྔ་དང༌། མཛོད་གོས་ངུར་སྨྲིག་ཡུག་ལྔ། གོས་ལིང་དང་ཆུ་རྩེ་འདྲེས་མ་ཡུག་ཉི་ཤུ། མུ་ཏིག་སྤུས་ལེགས་སྲན་མ་ཙམ་རྡོག་ཉིས་བརྒྱ་དང་ཉི་ཤུ་རྩ་དྲུག་རྣམས་ངོ་ཐོག་དང༌། ཨེ་པ་དང་སྙེ་མོ་བའི་བྲིས་པ་ལྟོ་གར་བ་བཞི་དང་བྱིངས་བྲིས་ཤོག་པ་བསྡོམས་མི་དགུ་བཅུ་གོ་བརྒྱད། དགེ་བཤེས་ཞུས་དག་པ་བརྒྱད། ལྷ་བྲིས་པ། ཤིང་རྐོ ས་པ། གསེར་དངུལ་བཟོ་པ། ཚེམ་བུ་བཅས་བཟོ་ཕྲན་མི་ཉི་ཤུ་རྩ་གཅིག ལག་གཡོག་མི་ཉི་ཤུ་རྩ་བདུན་བཅས་ཀྱི་ལས་རྒྱུན་རིང་གི་ཕོགས་དང་ཟུར་གསོལ། གླ་ཡོན་དང༌། ལེགས་གནང༌། འཛུགས་སྒང་གྲོལ་གསུམ་གྱི་སྟོན་མོ་གནང་ཆ་དང༌། གཞུང་སར་གླེགས་ཤིང་དང་ཤོག་བུའི་རིན་ཕུལ་བ་བཅས་ལ་དངུལ་གྱི་མཎྜལ་སྣེ་འདོགས་ཅན། ན་བཟའ་ཆ་འགྲིག དངུལ་དང་གོས་ཆེན། ཕོ་མོའི་རྒྱན་གོས། རྟ་སྒར་འཁོར། དྲེའུ། མཛོ་མོ། ཁ་བཏགས་ཆེ་ཆུང་སོགས་ཡང་ཏིག་དངུལ་རྐྱང་ཐོག་དངོས་པོའི་རིན་གོང་བསྣན་པ་བཅས་ཁྱོན་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་ལྔ་ཞོ་དོ་སྐར་ལྔ་བཅས་ཕུལ་ནས་བཀའ་འགྱུར་རིན་པོ་ཆེ་གསར་བཞེང་རྨད་དུ་བྱུང་བ་གནང༌། ལི་ཐང་གི་བཀའ་འགྱུར་མཚལ་པར་མ་དེ་ཤིན་ཏུ་དག་པ་ཡོད་འདུག་པས། དེ་ཡང་ཚར་གཅིག་བཞེངས་ཐུབ་པ་གྱིས་ཞེས་བཀའ་གནང༌། ཉེ་གནས་རབ་འབྱམས་པས་ཀྱང་དེ་འཕྲལ་དུ་ལི་ཐང་དུ་པར་བརྒྱག་རྒྱུའི་བཀོད་པ་མཛད། 

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།