རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:11:33     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 28363811256457924.jpg

                    དེའི་ཚེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་བླ་མ་རིན་པོ་ཆེ་འདི་པ་ལ་ཁྱེད་རང་ལ་འདི་ཁའི་དགེ་འདུན་རྣམས་དད་མོས་ཆེ་བར་འདུག་པས་ལམ་རིམ་གྱི་ཁྲིད་ཅིག་གནང་བར་མཛོད། ཆོས་མཐོ་མཐོ་ཟབ་ཟབ་མང་པོ་ལས་གདུལ་བྱ་བློ་མཐོ་དམའ་ཐམས་ཅད་ལ་ཆོས་ལམ་རིམ་འདི་རང་ཕན་ཆེ་ཞེས་བཀའ་སྩལ། བླ་མ་རིན་པོ་ཆེ་ཀྱང་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་བཞིན་ཟླ་བ་དྲུག་པའི་ཚེས་བཞི་ནས་བདུན་པའི་ཚེས་བཞིའི་བར་ཟླ་བ་གཅིག་གི་རིང་བདག་ཅག་དད་ལྡན་ལྔ་བརྒྱ་སྐོར་ལ་ལམ་རིམ་བདེ་ལམ་གྱི་ཁྲིད་རྒྱས་པ་དང༌། དེ་ནས་ལམ་རིམ་ཆེན་མོའི་བཤད་ལུང་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཆོས་མང་དུ་སྩལ་ཅིང་གཞུང་ལུགས་ལ་སྦྱོང་བའི་བློ་གསར་བ་རྣམས་ལ་རྗེ་བཙུན་སྒྲོལ་མའི་རྗེས་གནང་ཞིག་དགྱེས་བཞིན་སྩལ། ལམ་ཁྲིད་གྲུབ་པའི་སེམས་བསྐྱེད་མཆོད་པའི་ཉིན་དགེ་འདུན་ཉིས་སྟོང་ཙམ་ཚོགས་ཏེ་སྟེང་འོག་བར་གསུམ་ཐམས་ཅད་དགེ་འདུན་གྱིས་གང་བས་སེམས་བསྐྱེད་རྒྱས་པ་གནང་བར་མེ་ཏོག་གི་ཆར་ཆེན་པོ་བབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། དེའི་ཚེ་དོན་གཉེར་ཅན་འགའ་ཞིག་གིས་བླ་མ་མཆོད་པའི་ཁྲིད་ཅིག་ཞུས་པ་ན་དབང་ཆེན་ཐོབ་པ་རྣམས་ལ་གནང་རྩིས་ཀྱིས་ཚོམས་ཆེན་དུ་གྲ་བསྒྲིགས་ཀྱང་དགེ་འདུན་ཐམས་ཅད་འུར་ལངས་ཀྱིས་བཀག་མ་ཐུབ་པར་བདེ་ལེགས་ཁང་གསར་གྱི་ཕྱིའི་ཁྱམས་གང་བ་ན་བླ་མ་རིན་པོ་ཆེའི་བཞུགས་གདན་ཡང་རབ་གསལ་ནས་ཕྱིར་འཕངས་ཏེ་ཕྱིའི་ཁྱམས་སུ་ཁྲི་བཤམས་ནས་བླ་མ་མཆོད་པའི་ཁྲིད་གནང༌། དེའི་ཚེ་འདི་ལྟར་གསུང་སྟེ་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་མ་འདི་ནི་སྤྱིར་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་ཚང་བ་དང༌། ལྷག་པར་བླ་མེད་ཀྱི་བསྐྱེད་རྫོགས་གཉིས་ཀའི་ལམ་གྱི་གནད་ཚང་བ་ཡིན་པས་སྔགས་ཀྱི་དབང་ཆེན་མ་ཐོབ་པ་ལ་བཤད་མི་རུང་ཡང་ཁྱེད་ཅག་དགེ་འདུན་རྣམས་འདི་ཙམ་གྱི་དད་པ་ཆེ་བ་མཛད་ན་ངས་བླ་མ་མཆོད་པའི་ཁྲིད་ལེགས་པར་བཏང༌། ཁྱེད་རྣམས་ལ་ཕན་ཐོག་ན་ང་སྣོད་མིན་ལ་གསང་བ་བཤད་པས་དམྱལ་བར་ཤོར་ཡང་བཟོད་གསུང་སྟེ། ཚུལ་འདི་ནི་ཐུགས་བྱང་ཆུབ་སེམས་ཀྱི་དབང་དུ་གྱུར་པའི་རྣམ་ཐར་ཡིན་པས་ཤིན་ཏུ་ངོ་མཚར་རོ། །རང་གི་དོན་དུ་ཐར་པའི་བདེ་བའང་མི་བཞེད་ལ། སེམས་ཅན་གྱི་དོན་དུ་འགྱུར་ན་དམྱལ་བའི་མེ་ནང་དུའང་འཇུག་པར་སྤྲོ་བ་ནི་རྒྱལ་སྲས་བདག་ཉིད་ཆེན་པོའི་སྙིང་སྟོབས་བླ་ན་མེད་པ་སྟེ། ཚུལ་འདིས་བླ་མ་རིན་པོ་ཆེའི་ཐུགས་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་བློ་ཆུང་རྣམས་ཀྱིས་རྗེས་སུ་ཡི་རང་ཙམ་ཡང་བྱ་བར་དཀའ་བ་ཡོད་པ་འབྲས་བུའི་རྟགས་ཀྱིས་ཤེས་པར་བྱས་ལ་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འདོད་པ་རྣམས་ཀྱིས་བླ་མ་རིན་པོ་ཆེ་འདིའི་མཛད་པ་བཟང་པོ་འདི་དག་སྙིང་ནས་མོས་པར་བྱའོ། །དེ་ནས་དབུས་སུ་ཕེབས་ཏེ་སྔར་རྒྱུན་ལྟར་ཕུར་བུ་ལྕོག་ཏུ་དབྱར་དགུན་གཉིས་སྐུ་མཚམས་དང་སྟོན་དཔྱིད་གཉིས་སུ་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བར་མཛད་དོ། །

                   དེ་སྐབས་བོད་ཀྱི་སྲིད་སྐྱོང་མིའི་དབང་པོས་བླ་མ་རིན་པོ་ཆེ་འདི་པ་གངས་ཅན་མཁས་པ་ཀུན་གྱིས་གཙུག་རྒྱན་དུ་གྱུར་པ་ཡིན་གཤིས་དགའ་ལྡན་གྱི་གསེར་ཁྲིར་ཕེབས་དགོས་སོ་ཞེས་ཞུ་བ་མཛད་ཀྱང་བླ་མ་རིན་པོ་ཆེ་འདི་ནི་ཆེན་པོའི་གོ་ས་གཏན་ནས་མི་བཞེད་པས་ཞལ་གྱིས་བཞེས་པར་མ་མཛད། དེར་མ་ཟད་ཕྱོགས་མཐའ་དག་ནས་དད་ལྡན་རྣམས་ཞབས་དྲུང་དུ་འདུ་བས་འཕྲལ་གྱི་གསོལ་ཆས་ཀྱི་ཐེབས་རེ་བཞེས་ན་ཞེས་ཞུ་བ་མང་དུ་བྱུང་ཡང་གང་ཡང་བཞེས་པར་མ་མཛད་ཅིང༌། སྐུ་ཚེ་རིལ་པོར་བཀའ་གདམས་སྐུ་མཆེད་གསུམ་རྒྱལ་བ་དབེན་ས་པ་ཆེན་པོ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་སྐྱོང་བར་བཞེད་པ་ལས་ཞིང་རོལ་གང་ཡང་འདེབས་པར་མི་མཛད་ཅིང༌། དངུལ་སྐར་མ་གང་དང་སྨན་རྩེ་ཁ་གང་ཡན་ཆད་ཀྱི་ཚོང་དང་བུན་སྐྱེད་སོགས་མཛད་པ་བདག་ཅག་དངོས་ཀྱི་གདུལ་བྱ་སུས་ཀྱང་མཐོང་བ་མེད་ཅིང་དད་པ་ཅན་གྱིས་ཕུལ་བའི་རྫས་གང་བྱུང་ཐམས་ཅད་ཆུད་མ་ཟོས་པར་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་བསྙེན་བཀུར་སྐུ་གསུང་ཐུགས་རྟེན་བཞེང་བ་སོགས་དགེ་ཕྱོགས་ཁོ་ནར་གཏོང་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་ཞིང་གཤེགས་ནས་མཆོག་གི་སྤྲུལ་སྐུ་ཕེབས་པ་ན་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུའི་མཇལ་ཁར་བཀྲ་ཤིས་ལྷུན་པོར་ཕེབས་ཤིང༌། དེ་དུས་ཀྱང་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ལ་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པ་སོགས་ཆོས་མང་དུ་སྩལ། བླ་བྲང་ནས་གསོལ་བ་བཏབ་སྟེ་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་ལ་ཚེ་དབང་དང་བྱབས་བསྲུང་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་ཆེན་སོགས་ཆོས་མང་དུ་འབུལ་བར་མཛད༌། རྒྱལ་དབང་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོས་ཀྱང་བླ་མ་རིན་པོ་ཆེ་འདི་པ་མཇལ་ཁར་ཕེབས་རེས་ཀྱིས་གསོལ་ཚིགས་ལྷན་དུ་གནང་ཞིང༌། མདོ་སྔགས་ཀྱི་དཀའ་གནད་ལས་བརྩམས་པའི་དྲིན་གཏུགས་རྒྱ་ཆེར་མཛད། ཞལ་ནས་ཀྱང་ངས་བླ་མ་ལ་མཎྜལ་ཕུལ་ནས་ཆོས་ཞུ་བ་མ་བྱུང་ཡང་མདོ་སྔགས་ཀྱི་དཀའ་གནད་རྣམས་ལ་དྲི་བ་ཞུས་བླ་མས་ཀྱང་སྦ་གསང་མེད་པར་ལྷུག་པར་གསུང་བར་མཛད་པས་སེམས་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང་བས་དོན་གྱིས་ཆོས་ཞུས་པ་དང་ཁྱད་མེད་ཅེས་དག་སྣང་གི་གཟིགས་པ་བླ་མེད་མཛད། སྟོན་དཔྱིད་ཀྱི་ཆོས་རྣམས་ལའང་བསྙེན་བཀུར་དང་སེམས་བསྐྱེད་མཆོད་པའི་དུས་བརྟན་བཞུགས་དངོས་འབུལ་རྣམས་ཀྱང་གོང་འཕེལ་ཁོ་ནར་མཛད་ཅིང་གོང་ས་མཆོག་ཉིད་ཀྱི་གསོལ་ཞིབ་ཀྱི་རྒྱུ་ཕུབ་དཀར་གྱི་གྲས་ནས་ལོ་ལྟར་ཞིབ་རྒྱུ་འདེང་ངེས་གནང༌། བླ་མ་རིན་པོ་ཆེ་འདི་པས་ཀྱང་རྒྱལ་བ་མཆོག་གི་ཞབས་དྲུང་དུ་ཡང་ཡང་ཕེབས་ནས་མཎྜལ་ཕུལ་ཏེ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ནར་མར་མཛད། རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཤིང་ཁྱི་ལོ་རྒྱལ་ལ་ཕེབས་ཞོར་སེ་རར་ཕེབས་སྐབས་བླ་མ་རིན་པོ་ཆེ་འདི་པས་རྒྱལ་བ་མཆོག་ལ་སེ་རའི་དགེ་འདུན་རྣམས་ཀྱིས་གཙོས་ཕྱོགས་འདུས་ཀྱི་དད་ལྡན་མང་པོར་གནས་བཅུའི་རྗེས་གནང་ཞུ་བར་མཛད། དེ་ལོ་བླ་མ་རིན་པོ་ཆེ་འདི་པ་དགུང་ལོ་དོན་གསུམ་དུ་ཕེབས་པའི་དགུང་ཀག་ཡིན་ཡང་སྐུ་ཁམས་ཤིན་ཏུ་དྭངས་ཤིང༌།  གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་འཚམ་པའི་ཟབ་ཆོས་མང་དུ་སྩལ། ཟླ་བ་བརྒྱད་པའི་ནང་དུ་བདག་གིས་ཡུན་རིང་པོ་ནས་གསོལ་བ་བཏབ་པ་ལྟར་བཀའ་གདམས་བསྟན་པའི་སྙིང་པོ་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐིག་ལེ་བཅུ་དྲུག་གི་དབང་རྒྱས་པ་ཞིག་སྩལ། དེའི་ཚེ་རང་རྒྱུད་བསྐུལ་འདེབས་དད་པའི་ལྗོན་ཤིང་ཡོངས་རྫོགས་ཐུགས་ཐོག་ནས་བཏོན་ཏེ་སྐྱེས་བུ་གསུམ་གྱི་ལམ་རིམ་སྦྱར་ནས་རྒྱས་པར་སྩལ་ཅིང་དབང་དངོས་གཞིའི་སྐབས་འབྲོམ་རིན་པོ་ཆེའི་སྔོན་གྱི་འཁྲུངས་རབས་བཀའ་གདམས་གླེགས་བམ་ལས་ཇི་ལྟར་འབྱུང་བ་ལྟར་ཞིབ་ཏུ་གསུངས་ཤིང༌། འཁྲུངས་རབས་དེ་དང་དེའི་མཛད་པ་བཟང་པོ་རྣམས་གདུལ་བྱའི་ཉམས་ལེན་དང་སྦྱར་ཏེ་ཆེས་ཞིབ་པར་སྟོན་པར་མཛད་པས་བཀའ་གདམས་བསྟན་པའི་སྙིང་པོ་གཞི་ནས་གསོ་བ་ལྟ་བུར་མཛད། སྟོན་ཆོས་བདེ་ལམ་གྱི་ཁྲིད་ཀྱང་སྔར་རྒྱུན་ལྟར་སྩལ་ཞིང༌། ཀོང་པོ་མཁན་ཆེན་སྐུ་སྐྱེ་དང་བདག་ཅག་སོགས་དད་ལྡན་མང་པོར་བླ་མ་རིན་པོ་ཆེ་ཉིད་ཀྱི་གསུང་བཀའ་རྒྱ་མའི་གྲས་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་རྣམས་དང་སྔོན་ཆད་ལུང་གནང་མ་གྲུབ་པའི་གསུང་རྩོམ་ཐོར་བུ་རྣམས་ཀྱི་ལུང་དགྱེས་བཞིན་དུ་སྩལ། གཟིམ་ཆུང་དུ་སྐལ་ལྡན་ཉུང་ཤས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྔགས་ཀྱི་ཟབ་བཤད་རྒྱས་པ་བཅས་སྩལ། དེ་སྐབས་མནལ་ལམ་ཞིག་ལ་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་ལ། བདེ་ལམ་གྱི་ཁྲིད་ཅིག་འབུལ་བའི་མཚན་ལྟས་བྱུང་གསུང་སྟེ་དེ་ནི་མ་འོངས་པའི་འབྱུང་འགྱུར་མཁྱེན་པར་ངེས་སོ།

                   དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞིང་བརྗེས་ནས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་རྒྱལ་བ་མཆོག་ལ་ཞུ་མ་ཐུབ་པའི་མདོ་སྔགས་ཀྱི་ཆོས་བཀའ་རྣམས་གསན་ཕྱིར་བླ་མ་རིན་པོ་ཆེ་འདི་པ་སྤྱན་དྲངས་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ལམ་རིམ་ཆེན་མོའི་བཤད་ལུང་དང་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་མན་ངག་རྣམས་དང་འགྲེལ་པ་བཞི་སྦྲགས། བདེ་མཆོག་ལཱུ་དྲིལ་གཉིས་ཀའི་དབང་དང་ཁྲིད་བཅས་ཞུ་བར་མཛད། བླ་མ་རིན་པོ་ཆེ་འདི་པས་ཀྱང་མཛེས་ཆོས་སུ་མ་སོང་བར་ལམ་རིམ་གྱི་ཁྲིད་དམིགས་རྣམས་འཛིན་ཆོས་སུ་མཛད་ཅིང་བཤད་ལུང་གི་སྐབས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་དྲི་མ་མེད་པའི་རིགས་པས་མཐའ་དཔྱད་དེ་མཐའ་དག་པར་སྟོན་པར་མཛད་པས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་ཉིད་གློ་བུར་དུ་མཁྱེན་རབ་ཀློངས་བརྡོལ་བའི་ཚུལ་བཞེས་ཏེ། འཆད་རྩོད་རྩོམ་གསུམ་གང་གི་ཐད་ལའང་ཐོགས་པ་མེད་པ་མཁས་གྲུབ་སྨྲ་བའི་ཉི་མ་སླར་ཡང་འཇིག་རྟེན་འདིར་བྱོན་པ་ཇི་ལྟ་བར་གྱུར་པ་ན་བླ་མ་རིན་པོ་ཆེ་འདི་པས་པཎ་ཆེན་ཐམས་ཅད་མཁྱེན་པ་འདུས་པ་རྒྱ་མཚོའི་ཚོགས་དབུར་སྤྱན་དྲངས་ཏེ་མཆོད་སྤྲིན་ཚད་མེད་པས་མཆོད་ཅིང་པཎ་ཆེན་དབེན་ས་པ་ཡབ་སྲས་ཀྱི་རྣམ་ཐར་རྒྱས་པར་གསུངས་ནས་ད་ནི་པཎ་ཆེན་བསྟན་པའི་བདག་པོ་ཁྱེད་འཇིག་རྟེན་དུ་ཉི་མ་ཤར་བ་ལྟར་བསྟན་པ་ཡོངས་རྫོགས་ལ་མཁས་ཤིང་མཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་གྱུར། འཇམ་མགོན་བསྟན་པའི་སྙིང་པོ་འདི་ལས་ཕྱི་རོལ་དུ་གཞན་གྱིས་དཀྲི་བར་མི་ནུས་པའི་གདེང་ཐོབ་པར་མཛད་པ་འདི་ལྟ་བུ་བྱུང་བས་རྒན་པོ་ཤི་ཡང་བློ་བདེ་ཞེས་གསུངས་པར་མཛད།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

              གསལ་འདེབས། 

                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།